TTDL-ZABTER-16-MA-002

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-16-MA-002

༄༅།།ངང་བ་རི་ལྷ་མོའི་ལྟོ་བའི་གནས་བདུད་འདུལ་མཆོད་རྟེན་གྱི་དཀར་ཆག་ནི།བྱ་ལོ་བྱ་ཡི་ཟླ་བའི་ཚེས་བཅུའི་ནུབ།།མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས།།ས་སྤྱོད་འོག་མིན་ཆེན་པོ་ནི།།བསྒྲུབ་པ་བྱེད་པའི་གནས་སུ་ལེགས།།དོན་ལ་བཀོད་པ་ལྷུན་གྲུབ་དངོས།།བདུད་འདུལ་རང་བྱུང་མཆོད་རྟེན་ནི།།བསོད་ནམས་བསགས་པའི་གནས་སུ་ལེགས།།བསྒྲུབ་དང་བསོད་ནམས་བསགས་ལ་འབད།།གནས་འབྲེལ་ཙམ་གྱིས་ཐར་ལམ་འཐོབ།།དུས་ལ་བབ་པོ་སྐལ་བཟང་རྣམས།།གསུངས་པའི་ལན་དུ་ངས་སྨྲས་པ།།ཨེ་མ་ཡེ་ཤེས་མཁའ་འགྲོ་ལགས།།ས་སྤྱོད་འོག་མིན་གནས་དེ་དང་།།བདུད་འདུལ་རང་བྱུང་མཆོད་རྟེན་གཉིས།།གང་ཡིན་ང་ལ་རྒྱུས་མེད་པས།།མངོན་སུམ་ཚིག་གིས་བསྟན་དུ་གསོལ།།ཞུས་པའི་ལན་དུ་མཁའ་འགྲོ་མས།།ཀྱེ་ཧོ་གསོན་དང་སྐལ་བཟང་བུ།།ཙ་རི་ཙ་ཀོང་ཙ་འདྲ་དང་།།པདྨ་བཀོད་དང་པདྨ་ཆུང་།།དུར་ཁྲོད་བརྒྱད་དང་གནས་ཉེར་བཞི།།ཧེ་རུའི་གནས་བཅུ་ཡུལ་སོ་གཉིས།།སྙིང་པོའི་བཅུད་དྲིལ་ཞིང་གི་མཆོག།བྱིན་རླབས་དངོས་གྲུབ་ཐམས་ཅད་འདུ།།དཔའ་བོ་དང་ནི་རྣལ་འབྱོར་མ།།མ་ལུས་གནས་མཆོག་འདི་རུ་རྫོགས།།ཁྱད་པར་སྒྲུབ་པ་བཀའ་བརྒྱད་ཀྱི༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་རྫོགས༔ ཡོངས་གྲགས་བཀྲ་ཤིས་རྫོང་ཞེས་གྲགས།།འདི་རུ་སྒྲུབ་པ་བྱེད་པའི་མི།།ཚེ་འདིར་གྲོལ་གྱུར་ཐེ་ཚོམ་མེད།།བདུད་འདུལ་རང་བྱུང་མཆོད་རྟེན་ནི།།ངང་བའི་ལྷ་མོ་བཞིན་བཟང་མས།།ལྟོ་བ་མར་འདས་མཁའ་གསང་ན།།གནས་ཞེས་ཡོངས་སུ་གྲགས་པ་དེ།།སྔོན་ཚེ་ཆོས་རྒྱལ་མྱ་ངན་མེད།།སངས་རྒྱས་ལུང་བསྟན་རྒྱལ་པོ་དེས།།ཐུགས་བསྐྱེད་སྨོན་ལམ་རྣམ་དག་མཐུས།།འཛམ་གླིང་ས་གནས་བྱེ་བ་རུ།།ནུབ་གཅིག་མཆོད་རྟེན་བྱེ་བ་གཅིག།འབྱུང་བའི་སྨོན་ལམ་བཏབ་བཞིན་གྲུབ།།དེ་ལས་བདུད་འདུལ་མཆོད་རྟེན་འདིར།།རྫོགས་པའི་སངས་རྒྱས་རབ་བདུན་གྱི།།རིང་བསྲེལ་བྲེ་གང་ཐུགས་ཀྱི་རྟེན།།རྒྱལ་ཀུན་ཡང་སྙིང་ཡི་གེ་རུ།།བཀོད་ནས་སྒྲོམ་བཅུག་གསུང་གི་རྟེན།།དུས་གསུམ་སངས་རྒྱས་རིགས་གསུམ་མགོན།།རྡོ་སྐུ་རང་བྱོན་སྐུ་ཡི་རྟེན།།ཤཱནྟིཾ་གརྦྷའི་མགུལ་ཕུར་བཅས།།གནམ་ལྕགས་འབར་བའི་ཁང་བཟང་དུ།།བཀོད་ནས་བུམ་མཐིལ་གཏེར་དུ་བཞག།མཁའ་འགྲོ་ལས་ཀྱི་དབང་མོ་ཆེས།།བསྒྲུབ་པ་མཛད་ཅིང་རབ་གནས་བྱས།།དཔལ་ལྡན་ལྷ་མོ་ལྷ་ཡི་ལྕམ།།གཡུ་སྒྲོན་དུང་ཕྲེང་ཀླུ་ཡི་ལྕམ།།གནས་ཀྱི་སྲུང་མ་མཆོག་ཏུ་བསྐོས།།མཚོ་སྨན་ཏིང་ཏིང་གཉེར་དུ་བསྐོས།།ལྟ་བ་རྟོགས་པའི་རྣལ་འབྱོར་གྱིས།།རང་སྣང་དོན་གྱི་འོག་མིན་དུ།།ཤེས་ནས་བསྐོར་བ་གཅིག་བྱས་ན།།བཀའ་དང་བསྟན་བཅོས་ཆོས་སོ་ཅོག།དུས་གཅིག་ཀློག་དང་བསོད་ནམས་མཉམ།།སེམས་བསྐྱེད་འགྲོ་ཀུན་ཕན་བདེའི་ཕྱིར།།ལན་གཅིག་བསྐོར་ན་ཡིག་དྲུག་པ།།དུང་ཕྱུར་བཟླས་དང་བསོད་ནམས་མཉམ།།སྐྱེས་པ་ཕོ་མོས་དད་གུས་ཀྱིས།།བསྐོར་བ་ཁྲི་གཅིག་བྱས་པ་ན།།ཡིག་དྲུག་དུང་ཕྱུར་བསྒྲང་དང་མཉམ།།ཕྱི་ནང་གསང་བའི་བར་ཆད་སེལ།།ནད་ཞི་གདོན་བགེགས་ཀུན་དང་བྲལ།།རིམ་གྲོ་ཕལ་གྱི་དོ་ཟླ་མིན།།དངོས་གྲུབ་པྲ་ལྟས་མངོན་དུ་འབྱུང་།།དེ་ཕྱིར་ཕྱག་མཆོད་བསྐོར་བ་ལ།།འབད་ཅིག་ཡུལ་འདིར་སྐྱེས་པའི་མི།།གང་འདོད་དོན་ལ་གསོལ་བ་ཐོབ།།དངོས་གྲུབ་འབྱུང་བར་གདོན་མི་ཟ།།དུས་བབ་མཁའ་འགྲོའི་ལུང་བསྟན་ཡིན།།ཡལ་བར་མ་དོར་ཡུལ་མི་རྣམས།།ཞེས་གསུངས་ཆོས་ཉིད་མཁའ་ལ་ཐིམ།།ཞེས་བདུད་འཇོམས་རྡོ་རྗེའི་དག་པའི་སྣང་བའོ།།