TTDL-ZABTER-16-MA-006
TTDL-ZABTER-16-MA-006
༄༅།།བསྐལ་པ་ལྕགས་རྟའི་ལོར་ཧོར་ཟླ་དྲུག་པའི་ཉེར་གཅིག་ནུབ་རྨི་ལམ་ན་བཙུན་ཆུང་གཉིས་ལག་པ་འབྲེལ་འདུག་པ་བུད་མེད་གཞོན་ནུ་མ་ཞིག་གིས་ཤིན་ཏུ་ཆགས་པའི་ཉམས་ཀྱིས་འདི་སྐད་ཟེར་བ་ཐོས།།ཡུལ་མེད་སྟོང་རའི་ཁྱིམ་འདི་ན།།དུར་ཁྲོད་རོ་ལ་ཉུལ་མོ།།བདེ་བའི་རེག་ལ་ཆགས་ནས།།གཟུགས་ཀྱི་རྣམ་འགྱུར་སྟོན་ཅིང་།།སྒྲ་སྙན་མཁའ་འགྲོའི་རྒྱང་གླུ།།སྐལ་ལྡན་རིགས་ལ་ལེན་ཅིང་།།ཡེ་གཞི་ཀ་དག་ཆེན་པོར།།བདེ་སྟོང་ལྷུན་གྲུབ་རྒྱས་འདེབས།།གསོན་དང་ཆགས་པའི་རྡོ་རྗེ།།དགའ་བཞིའི་ཡེ་ཤེས་ཆེན་པོ།།བསྐྱེད་ཅིང་སྦར་བའི་གཏེར་གནས།།ཤེས་རབ་སྙེམས་མའི་མཁའ་གསང་།།དཔའ་བོ་རིག་པ་གཞོན་ནུ།།ཡེ་ཤེས་དྲོད་དང་འགྲོགས་ཏེ།།ལོངས་སྤྱོད་གཏེར་ལ་ཕེབས་རོལ།།ཆོས་ཉིད་གསང་ཆེན་རོལ་པ།།དོན་གྱི་འོག་མིན་ཞིང་ནས།།སྣང་སྟོང་བདེ་ཆེན་རོལ་པའི།།སངས་རྒྱས་པདྨ་ཀ་ར།།སྒྱུ་འཕྲུལ་རོལ་པའི་སྟོན་འཁོར།།དབྱེར་མེད་བདེ་སྟོང་ཆེན་པོ།།ཟུང་འཇུག་རོལ་པའི་ཆོ་འཕྲུལ།།གདུལ་བྱ་ཐབས་ཀྱིས་འདུལ་ཕྱིར།།ཕོ་ཉ་དཔའ་བོ་ཟུང་འདི།།དབྱིངས་དང་ཡེ་ཤེས་མཉམ་ཉིད།།བདེ་ཆེན་འགྱུར་མེད་ས་ལ།།སྦྱོར་བའི་ལམ་མཆོག་བདག་མོ།།མ་ཚོགས་ལས་ལ་འགྱེད་པའི༔ མ་མོ་འཁོར་འདས་དབང་མོ།།མ་གདུང་བུ་ལ་བརྩེ་བའི།མ་བུ་རང་ངོ་མཇལ་འཕྲོད།།ཡུལ་ངན་སྡིག་པའི་གྲོང་ན།།གྲོགས་ངན་དམ་སྲིས་བརླབས་ནས།།ཟས་ངན་དུག་ཆང་བླུད་དེ།།ལམ་ངན་འཁོར་བར་མྱོས་ལ།།མ་ཡིས་གློ་སྙིང་འདར་ནས།།མ་བཟོད་བརྡ་གསུམ་སྟོན་འདི།།མ་དང་དགོངས་པ་འདྲེས་པའི།།བུ་ལས་གཞན་དུ་སུས་ཤེས།།ནམ་མཁའི་ཉི་ཟླ་སྐར་གསུམ།།བསྒྲིབ་ན་སྤྲིན་གྱིས་སྒྲིབ་པ།།ཡེ་གཞི་ཡེ་ཤེས་ཆམ་བརྡལ།།ཉམས་ཆག་སྒྲིབ་པའི་བརྡའོ།།མེ་ཏོག་པདྨ་རྒྱས་པ།།བཅོམ་བྱེད་གྲང་ལྷག་ཐན་པ།།ཆོས་འཛིན་ལམ་ཞུགས་གང་ཟག།བདུད་ཀྱི་དགྲ་རུ་བརྡའོ།།གླིང་བཞི་རི་རབ་བརྟན་པ།།བསྐལ་པ་མེ་ཡིས་གཞོམ་ནུས།།གྲོང་དང་གྲོང་ཁྱེར་ལེགས་ཀྱང་།།ཆོམ་པའི་དཔུང་ཆེན་བརྡའོ།།ཧར་ཏིང་ཨ་རུ་པདྨ།།ཡ་རག་སྨུ་རུ་ཀར་ཀ།།སིདྡྷི་པཉྩ་ཨ་ལ།དྷརྨ་དྷཱ་ཏུ་ཨ་ཨེ།།ཞེས་སྤྲང་པོ་བདུད་འཇོམས་རྡོ་རྗེ་འཁྲུལ་པའི་སྣང་ཆ་རྫུན་རིས་སོ།།