TTDL-ZABTER-16-MA-009
TTDL-ZABTER-16-MA-009
༠༠༠༠༠བརྡ་ཡིག༣༧དག་སྣང་ཡེ་ཤེས་དྲྭ་བ་ལས༔ ལམ་དང་འབྲས་བུའི་བསྡུས་དོན་གསལ་བའི་མེ་ལོང་བཞུགས་སོ༔ མཁའ་འགྲོ་མ་ཡེ་ཤེས་དབང་མོའི་ཞལ་རས་མཐོང་བའི་མོད་ལ༔ གཞོན་ནུ་བུམ་སྐུའི་ཁྱད་ཆོས་དྲུག་ཅེས་པ་དེ་ང་ལ་བསྟན་དུ་གསོལ༔ ཞེས་ཞུས་པའི་ལན་དུ༔ མཁའ་འགྲོ་མ་ན་རེ༔ འོ་ན་རིགས་ཀྱི་བུ་སངས་རྒྱས་ལ་སེམས་ཅན་ལས་ཁྱད་འཕགས་ཀྱི་ཁྱད་ཆོས་དྲུག་མཆིས་ཀྱང་སོ་སྐྱེས་ཀྱིས་བློ་ཡིད་གཉིས་ཀས་དཔོག་ནུས་པ་མིན༔ འདི་སངས་རྒྱས་ཁོ་ནའི་སྤྱོད་ཡུལ་ལས་ལམ་ལ་དགོངས་པ་ཡང་མ་མཆིས༔ ལམ་དུས་ཀྱི་ཁྱད་ཆོས་དྲུག་འདི་ཀ་ཡིན༔ སེམས་འཁྲུལ་པའི་གཞི་བཟང་ངན་གང་དུ་མ་གྱུར་བའི་ལུང་མ་བསྟན་དེ་ཉིད་ཁྱབ་བྱེད་ཀྱི་ཤེས་རབ་ཆེན་པོའི་སྐད་ཅིག་མ་དང་པོ་ནས་རིག་ཅིང་ངོ་འཕྲོད་པ་གཞི་ལས་འཕགས་པའི་ཁྱད་ཆོས༔ རིག་པའི་ངང་དུ་སྣང་བའི་གོ་མ་འགགས་ཤིང་བདེན་ཞེན་གྱི་གཉིས་འཛིན་མེད་པར་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཤུགས་དང་ལྡན་པ་ནི་གཟུང་འཛིན་ལས་འཕགས་པའི་ཁྱད་ཆོས༔ ཤེས་རབ་དང་ཡེ་ཤེས་ཀྱི་སྤྱན་ཕྱེས་པའི་སྐད་ཅིག་མ་དེ་ཉིད་སེམས་དང་རིག་པའི་བྱེ་བྲག་པའི་ཁྱད་ཆོས༔ ངོ་བོ་དང་རང་གདངས་ལ་དབང་བསྒྱུར་བའི་ཡེ་ཤེས་གཉིས་ཀའི་གདངས་རང་ས་ཉིད་དུ་བཟུང་བས་དེ་ཐོག་ཏུ་རང་གྲོལ་བའི་ཁྱད་ཆོས༔ བློ་བཅོས་དང་ཡིད་དཔྱོད་ཀྱི་ཟོན་མི་གཞུག་ཅིང་རང་ཐོག་ཏུ་རང་ས་བཟུང་བའི་ཡུལ་དང་རྐྱེན་ལ་མི་ལྟོས་པའི་ཁྱད་ཆོས༔ དེ་ལྟ་བུའི་ཁས་ལེན་དང་བྲལ་བའི་རིག་པ་རང་གྲོལ་ཆེན་པོ་ལ་དབང་བསྒྱུར་བའི་རང་ས་ཉིད་དུ་གནས་ཤིང་སངས་རྒྱས་པའི་ཁྱད་ཆོས་སོ༔ རིགས་ཀྱི་བུ་འབྲས་ཐོག་གྲོལ་གྱི་ཁྱད་ཆོས་འདི་ལྟ་སྟེ༔ ཆོས་ཟད་བློ་འདས་ཆེན་པོའི་དབྱིངས་སུ་ཞུགས་ཚེ་གཞི་ཀ་དག་རང་བྱུང་གི་ཐོག་ཏུ་ཕེབས་ཀྱང་ད་དུང་ཤེས་སྒྲིབ་ཕྲ་བའི་ཕྲ་བ་བག་ཉལ་ནས་མངོན་ཅིང་སྐུ་དང་ཡེ་ཤེས་ཀྱི་དབྱིངས་ལ་བསྒྲིབ་པའི་ནམ་མཁའ་སྨག་གིས་མ་བསྒྲིབ་པ་ལྟ་བུའི་ངང་དུ་འབྱམས་ཀླས་པ་ཡིན༔ མཐར་ཕྲ་མོའི་བག་ཆགས་ཀྱི་ཟེར་ཐག་ཆད་ཚེ་སྐད་ཅིག་མ་དང་པོར་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་ཏེ་གཞི་ཡི་ཁམས་ལ་དབང་བསྒྱུར་ནས་ཆོས་ཀྱི་སྐུ་མངོན་དུ་གྱུར་བ་གཞི་སྟོང་ཁྱབ་ལས་འཕགས་པའི་ཁྱད་ཆོས༔ ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱི་ངང་མངོན་དུ་གྱུར་ནས་ལྷུན་གྲུབ་ཀྱི་སྣང་བ་སྐུ་དང་ཡེ་ཤེས་ཀྱི་ངང་མངོན་དུ་གྱུར་ཏེ་མ་འགགས་པ་ཡོན་ཏན་རྫོགས་པའི་ཁྱད་ཆོས༔ ཀ་དག་དང་ལྷུན་གྲུབ་ཀྱི་རོལ་པ་ཡུལ་དང་ཡུལ་ཅན་གཉིས་སུ་མ་གྱུར་བར་རང་ངོར་སལ་ལེར་གསལ་བའི་སྲིད་ཞིའི་སེམས་དང་བྱེ་བྲག་བྱེད་ཅིང་ཁྱད་དུ་འཕགས་པའི་ཁྱད་ཆོས༔ སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་ཆེན་པོ་རང་ཐོག་ཏུ་ཝ་ལེར་སད་ཅིང་ངང་མདངས་རྒྱས་པའི་ཁྱད་ཆོས༔ ཆོས་ཉིད་བྱ་བྲལ་ཆེན་པོ་ལ་བློ་ཡིད་ཀྱིས་དཔྱོད་ཅིང་ཚིག་གིས་མཚོན་པའི་སྒྲོ་བཏགས་ལས་འདས་པ་ཁས་ལེན་ཐམས་ཅད་དང་བྲལ་བ༔ ཆོས་སྐུ་རང་གནས་ཀྱིས་ཡེ་ཤེས་ཀུན་ཏུ་བཟང་པོ་ཡོན་ཏན་དང་ཡེ་ཤེས་ཀྱི་སྐུ་ལ་ཅང་མེད་བེམ་སྟོང་དུ་འདོད་པས་སྐུར་པ་མི་ཐེབ༔ རྒྱུ་དང་རྐྱེན་གཞན་ལ་མ་ལྟོས་པར་རང་ལ་རང་དབང་བསྒྱུར་བའི་ཁྱད་ཆོས་སོ༔ ཆོས་སྐུ་བདེ་བ་ཆེན་པོ་སྐྱེ་འཆི་བསྒྲེས་རྒུད་དང་བྲལ་བ་ངང་མདངས་དང་ཡེ་གདངས་མངོན་དུ་གྱུར་པ་ལས་ཕྱི་རྒྱ་མ་རལ་བ་དོན་གྱི་དམ་པར་གྱུར་པ་འདི་ཉིད་ངོ་ཤེས་གདིང་ཐོབ་ངང་དུ་གྱུར་ན་དུས་གསུམ་འཕོ་འགྱུར་དང་བྲལ་བར་རང་ས་ཉིད་དུ་གནས་པའོ༔ ཨཻ༔ སངས་རྒྱས་ཀྱི་ཡོན་ཏན་སེམས་ཅན་གྱིས་མི་དཔོག༔ རྣམ་མཁྱེན་གྱི་ལམ་ལ་མོས་པ་འདྲ་མཆིས་ན༔ རང་གནས་ཀྱི་ཡེ་ཤེས་རང་ངོ་རུ་འཕྲོད་ཅིང་༔ མ་བཅོས་པའི་ངང་ལ་ལྷོད་པོ་རུ་ཉོལ་དང་༔ ཤེས་རབ་ཀྱི་མིག་ཡངས་བག་རྡུལ་དང་བྲལ་ཚེ༔ ཡེ་ཤེས་ཀྱི་རྩལ་ཆེན་རང་འབར་དུ་བྱུང་ནས༔ གདམས་ངག་ནི་ཚིག་དང་དཔེ་ཧྲུལ་ལ་མི་ལྟོས༔ ཆོས་ཉིད་ཀྱི་ཀློང་མཛོད་ཆེན་པོ་ནི་རྡོལ་འོང༔ རྣམ་མཁྱེན་གྱི་དབྱིངས་ལ་འོལ་ཚོད་ཀྱང་མི་དགོངས༔ ཡེ་གནས་ཀྱི་ཡེ་ཤེས་རང་ངོ་རུ་མཇལ་ལོ༔ ཤེས་བྱ་ཡི་མཐའ་ལ་ཐུག་ཟིན་ནི་མི་གདའ༔ དབང་བསྒྱུར་གྱི་ཤེས་རབ་ལྡེ་མིག་ཏུ་ཟུངས་དང་༔ ཡོན་ཏན་གྱི་བང་ཁང་སྒོ་བརྒྱ་ཡང་ཕྱེས་འོངས༔ འཁོར་འདས་ཀྱི་ཨ་ཕྱི་ཆེན་མོ་ང་དེང་འགྲོ༔ འགྲོ་ཡུལ་ནི་མ་མཆིས་ཁྱོད་རང་གི་རིག་སྟོང་༔ སྐྱེ་མེད་ཀྱི་དབྱིངས་ལ་འགག་མེད་ཀྱི་སྒྱུ་འཕྲུལ༔ ཡུལ་མེད་ཀྱི་ཟང་ཐལ་ཆེན་པོ་རུ་ཕཊ་ཕཊ༔ ཅེས་ཟེར་ཞིང་ཡལ་སོང་ངོ་༔ ཧོར་བན་པདྨ་སངས་རྒྱས་ཀྱིས་ནན་དུ་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་འོད་གསལ་སྒྱུ་མའི་དབྱིངས་ལས་བསྒྱུར་བའོ།།དགེའོ།།བཀྲ་ཤིས་ཤོག།