TTDL-ZABTER-16-MA-013
TTDL-ZABTER-16-MA-013
༄༅།།བརྒྱུད་པ་དགུ་པོ་གཅིག་རྫོགས་ཀྱི་ཚུལ་དུ་བསྡུས་ཏེ་འཆད་པ་ནི།ཆོས་སྐུ་ཀུན་ཏུ་བཟང་པོའི་ཀློང་ལས་མ་འདས།དགོངས་པ་ཆོས་ཀྱི་དབྱིངས་ལས་མ་གཡོས་པས་ན་རྒྱལ་བ་དགོངས་བརྒྱུད།བརྡ་ཙམ་ཚིག་ཙམ་གྱིས་ཆོས་ཉིད་ནམ་མཁའ་མཛོད་ཀྱི་བརྡ་རང་གྲོལ་དུ་རྡོལ་བས་ན་རིག་འཛིན་བརྡ་བརྒྱུད།མི་མིན་རང་སྣང་གི་སྟོན་པས་བུམ་པ་གང་བྱོས་ཀྱི་ཚུལ་དུ་སྙན་ནས་སྙན་དུ་བརྒྱུད་པས་ན་གང་ཟག་སྙན་བརྒྱུད།ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་ཡིས་བུ་ལ་ཟས་སྦྱིན་པ་ལྟར་ཡང་ཟབ་བཅུད་ཀྱི་གདམས་པ་གཏད་པས་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ།རང་སྣང་གི་སྟོན་པ་ཀུན་ཏུ་བཟང་པོ་ཡེ་ཤེས་སྒྱུ་མའི་སྐུར་སྣང་བ་ཨོ་རྒྱན་པདྨ་ཀ་རའི་དྲུང་དུ་ཟབ་མོའི་གཏེར་དང་འཕྲད་ནས་བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བའི་སྨོན་ལམ་དང་།ཨོ་རྒྱན་ཆེན་པོས་ཀྱང་དགོངས་པས་རྒྱས་བཏབ་ཅིང་སྨོན་ལམ་གྱིས་ད་ལྟ་ཟབ་གཏེར་གསུམ་ལ་མངའ་དབང་བསྒྱུར་བ་སྨོན་ལམ་གཏེར་བརྒྱུད།དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་ཟབ་མོ་བཀའ་ལུང་གི་བརྒྱུད་པ་དམ་སེལ་གྱིས་བཅད་པའི་རྐྱེན་གྱིས་བྱིན་རླབས་ཉམས་ཤིང་དངོས་གྲུབ་མེད་པར་དགོངས་ནས།འབྱུང་བ་ལྔ་ལ་སྨོན་ལམ་བཏབ་ཅིང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ནས་བརྡ་ཡི་ཤོག་དྲིལ་གྲུབ་པས་ཤོག་སེར་ཚིག་བརྒྱུད།གང་ལ་དབང་བའི་སྐྱེས་མཆོག་དེར་སྨོན་ལམ་གྱི་སྟོབས་ཡོད་པ་དེ་བཀའ་བབ་པས་བཀའ་བབ་དོན་གྱི་བརྒྱུད་པའམ་བཀའ་བབ་ལུང་གི་བརྒྱུད་པ།ཀླུ་སྒྲུབ་ཀྱིས་ཡུམ་ཆེན་དང་།སློབ་དཔོན་པདྨ་བཛྲ་གྱིས་རྡོ་རྗེ་གདན་གྱི་ཀྭ་བ་ནས་དྲངས་པའི་མགོན་པོ།དཔལ་དུས་ཀྱི་འཁོར་ལོ་ལྟར་དང་།ཏེ་ལོ་པར་ཉམས་སྣང་དང་རྨི་ལམ་དག་པའི་སྣང་ངོར་མི་མིན་རང་སྣང་གི་སྟོན་པས་དབང་ལུང་ཡོངས་སུ་རྫོགས་པའི་གནང་བ་ཐོབ་པ་ལྟར་སྨིན་གྲོལ་དབང་ལུང་གི་བརྒྱུད་པ།ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་དང་།ཨོ་རྒྱན་ཆེན་པོ་སོགས་ཀྱིས་ཚུལ་བཞིན་ལུང་དུ་བསྟན་པས་གསང་སྔགས་ཁུང་བཙུན་པའི་བརྒྱུད་པ་དང་དགུ་པོ་དོན་ཕྱོགས་ཆད་དུ་མ་སོང་བར་ཟབ་གཏེར་རྡོ་རྗེ་སྙིང་པོ་ལ་གཅིག་ཆར་དུ་རྫོགས་པས་ན་འབྲེལ་ཚད་དོན་དང་ལྡན་པ་ཡིན་ཏེ།མཁས་རློམས་སྤྲེའུ་འདྲ་བའི་གང་ཟག་དང་།རང་མཐོང་ར་མ་འདྲ་བའི་སྐྱེ་བོ་རྣམས་ཀྱི་མགོ་སྙིང་འགས་ཀྱང་ཆུའི་བསིལ་རླན་སྟོབས་ཤུགས་འགོགས་པ་མེད་པ་ལྟ་བུ་རུ་ཨེ་གོ།ཞེས་པའང་རང་སློབ་ངག་དབང་ཕྲིན་ལས་ཀྱིས་ཚུལ་འདི་ལྟར་དགོས་ཞེས་བསྐུལ་བ་ལྟར་རིག་འཛིན་བདུད་འཇོམས་རྡོ་རྗེས་འཕྲལ་དུ་བྲིས་པ་དགེའོ།།།།