TTDL-ZABTER-16-MA-014
TTDL-ZABTER-16-MA-014
༠༠༠༠བརྡ་ཡིག༤༩དག་སྣང་ཡེ་ཤེས་དྲྭ་བ་ལས༔ སྤྲོས་མེད་པོ་ཏིའི་ལུང་དབང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ལུང་དང་གདམས་པ་འཆད་ཉན་ཚེ༔ དང་པོ་དབང་གིས་མ་སྨིན་ན༔ རྫ་སོ་མ་བཏང་ཆུ་བླུག་འདྲ༔ ལྟ་དགོངས་ལྡན་པའི་སློབ་དཔོན་གྱིས༔ དད་དམ་ལྡན་པའི་སློབ་མ་ལ༔ པོ་ཏི་དཀོན་མཆོག་ཀུན་འདུས་ཀྱི༔ ངོ་བོར་བསྒྲུབ་ཅིང་གསལ་བྱས་ཏེ༔ དང་པོ་ཁྲུས་ཀྱིས་སྦྱོང་བྱས་ནས༔ བགེགས་བསྐྲད་སྲུང་བའི་འཁོར་ལོ་བསྒོམ༔ སློབ་མ་ཐུགས་རྗེ་ཆེན་པོར་གསལ༔ དབྱིངས་ནས་ཡེ་ཤེས་ཐིམ་པ་ལ༔ ཕྱི་ནང་གསང་བའི་དཀོན་མཆོག་གསུམ༔ ཡོངས་འདུས་དབང་གི་ཆུ་བོ་ཀུན༔ འདིར་རྫོགས་འདི་ཐོབ་སྣོད་རུང་བྱ༔ ས་མ་ཡ༔ དང་པོ་བུམ་དབང་བསྐུར་བ་ལ༔ གླེགས་བམ་སྤྱི་བོར་གཏུག་བྱས་ནས༔ ན་མོ༔ བླ་མ་དགེ་འདུན་སྤྲུལ་པའི་སྐུ༔ ཡོན་ཏན་ཀུན་གྱི་འབྱུང་གནས་གཏེར༔ མོས་པའི་བུ་ལ་དབང་བསྐུར་རོ༔ མོས་པའི་བུ་ལ་ད་སྩོལ་ཅིག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སངྒ་ཌཱཀྐི་ནཱི་ནིརྨ་ཀ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གཉིས་པ་གསང་དབང་བསྐུར་བ་ལ༔ གླེགས་བམ་མགྲིན་པར་གཏུག་བྱས་ནས༔ ན་མོ༔ བླ་མ་དམ་ཆོས་ལོངས་སྤྱོད་རྫོགས༔ སྐུ་དང་ཞིང་ཁམས་ཀློང་གི་མཛོད༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐལ་ལྡན་བུ་ལ་ད་སྩོལ་ཞིག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་དྷརྨ་དྷེ་ཝ་སཾ་བྷོ་ཀ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿགསུམ་པ་ཤེར་དབང་བསྐུར་བ་ལ༔ གླེགས་བམ་སྙིང་གར་གཏུག་བྱས་ནས༔ ན་མོ༔ བླ་མ་སངས་རྒྱས་ཆོས་ཀྱི་སྐུ༔ སྤྲོས་བྲལ་འཁོར་འདས་འུབ་ཆུབ་དབྱིངས༔ ཤེས་རབ་ཡེ་ཤེས་དབང་མཆོག་ཀུན༔ འདི་ལ་བསྐུར་གྱི་ད་སྩོལ་ཞིག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་བུདྡྷ་དྷརྨ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བཞི་པ་ཚིག་དབང་བསྐུར་བ་ལ༔ གླེགས་བམ་གནས་ལྔར་གཏུག་བྱས་ནས༔ ན་མོ༔ བླ་མ་སྐུ་ལྔ་ཡེ་ཤེས་ལྔ༔ ཡེ་རྫོགས་བཀོད་པ་ལྷུན་གྲུབ་མཛོད༔ མཚན་མ་ཚིག་དང་བྲལ་བའི་དབང་༔ སྐལ་ལྡན་བུ་ལ་ཐོབ་པར་ཤོག༔ བུདྡྷ་དྷརྨ་སངྒ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་དྷརྨ་ཀཱ་ཡ་སཾ་བྷོ་ཀཱ་ཡ་ནིརྨ་ཀཱ་ཡ་སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ འདི་ལྟར་སྤྲོས་པ་མེད་པའི་དབང༔ འཆད་པའི་སློབ་དཔོན་མཐའ་དག་གིས༔ ཉན་ཅིང་སྣོད་ལྡན་སློབ་མ་ལ༔ འདི་བཞིན་བསྐུར་བས་སྣོད་རུང་འགྱུར༔ ཐོབ་ནས་དམ་ཚིག་བསྲུང་བ་གནད༔ དམ་ཚིག་མེད་པའི་མི་རྣམས་ལ༔ དབང་དང་གདམས་པ་བསྟན་པས་ན༔ ཧ་ལ་ཁོང་དུ་སོང་དང་མཚུངས༔ དེ་ཕྱིར་དམ་ཚིག་སྲོག་ལྟར་བསྲུང་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་རྣལ་འབྱོར་འཛམ་གླིང་རྡོ་རྗེས་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།།།