TTDL-ZABTER-16-MA-023

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-16-MA-023

༠༠༠༠༠༠བརྡ་ཡིག༧༧དག་སྣང་ཡེ་ཤེས་དྲྭ་བ་ལས༔ བདེ་ཆེན་ཞིང་གི་སྨོན་ལམ་ཐར་བའི་གྲོང་འཇུག་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ འོད་དཔག་མེད་མགོན་ཡིད་བྱེད་པའི༔ གནད་དང་ལྡན་པས་འདི་བརྗོད་བྱ༔ མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་ཚེ་དཔག་མེད༔ མཁྱེན་བརྩེ་ནུས་པའི་བདག་ཉིད་རིན་པོ་ཆེ༔ འཇམ་དབྱངས་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ༔ ཉེ་བའི་སྲས་མཆོག་བརྒྱད་དང་བཅས་པ་ལ༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཚེ་རབས་འདི་དང་ཚེ་རྒྱུད་ཐམས་ཅད་དུ༔ སྐད་ཅིག་མི་འབྲལ་རྗེས་སུ་བཟུང་དུ་གསོལ༔ ནམ་ཞིག་ཚེ་འདིའི་སྣང་བ་ནུབ་པའི་ཚེ༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ བདེ་ཆེན་དག་པའི་ཞིང་དེར་སྐྱེ་བར་ཤོག༔ བཟང་ངན་ལས་ཀྱིས་འབྲེལ་བའི་སྐྱེ་བོ་ཀུན༔ རྒྱུ་འབྲས་ངན་པའི་དབང་དུ་མི་བཏང་བར༔ བདེ་བ་ཅན་གྱི་ཞིང་དུ་འདྲེན་པར་ཤོག༔ སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྟེན་འབྲེལ་བསླུ་བ་མེད་པའི་སྟོབས་ཤུགས་ཀྱིས༔ སྨོན་ལམ་བཏབ་པ་དེ་རྣམས་འགྲུབ་གྱུར་ཅིག༔ དེ་ལྟར་རྩེ་གཅིག་གསོལ་བཏབ་སྨོན་ལམ་མཐུ༔ གང་གིས་བརྗོད་པས་བདེ་ཆེན་ཞིང་ཁམས་སུ༔ སྐྱེ་བར་འགྱུར་བ་ཡེ་ཤེས་མཁའ་འགྲོའི་བཀའ༔ ས་མ་ཡ༔ བརྡ་ཐིམ༔ ཅེས་པ་འདི་ཡང་ངག་ཕྲིན་གྱིས་བསྐུལ་ངོར་བདུད་འཇོམས་པས་སོ།།དགེའོ།།དགེའོ།།དགེའོ།།