TTDL-ZABTER-16-MA-026

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-16-MA-026

༠༠༠༠༠བརྡ་ཡིག༨༩དག་སྣང་ཡེ་ཤེས་དྲྭ་བ་ལས༔ བདེན་ཚིག་གྲུབ་པ་དྲང་སྲོང་རིག་སྔགས་ནུས་པའི་མཐུ་ཞེས་བྱ་བ་བཞུགས༔ བཀའ་སྲུང་དྲེགས་པ་གང་བསྒྲུབ་ཀྱང་སྨོན་ལམ་ཆེན་པོས་བཙན་ཐབས་སུ་བསྒྲུབས་པ་ལ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་བདེན་པ་དང་༔ དོན་དམ་ཆོས་ཉིད་གདོད་ནས་རྣམ་པར་དག་པའི་བདེན་པ་དང་༔ ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པའི་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུ་བྱིན་ནུས་སྟོབས་ཀྱི་ཆེ་གེ་འཁོར་དང་བཅས་པ་མངོན་རྟོགས་བསྐྱེད་ཆོག་ཇི་བཞིན་པ་མ་ལུས་ཡོངས་སུ་རྫོགས་པ་བདག་གི་མདུན་སར་ད་ལྟ་སྐད་ཅིག་ཉིད་དུ་གྲུབ་ཅིང་མཆིས་པར་གྱུར་ཅིག༔ འགྱུར་མེད་རབ་ཏུ་གནས་ཤིང་བརྟན་པར་གྱུར་ཅིག༔ ནང་དུ་འཁུ་ལྡོག་དང་ཁྲོས་འཁྲུགས་དང་གདུག་རྩུབ་ཀྱི་བསམ་སྦྱོར་མི་བྱེད་པར་གྱུར་ཅིག༔ ཕ་མ་བུ་ཚ་བཞིན་བྱམས་བརྩེ་གདུང་བ་དྲག་པོས་ཕྲིན་ལས་རབ་འབྱམས་ཐམས་ཅད་འབད་མེད་དུ་བསྒྲུབ་པར་གྱུར་ཅིག༔ དུས་དང་རྣམ་པ་ཀུན་ཏུ་བསྐུལ་ཞིང་རྦད་པ་ཙམ་གྱིས་ཡུལ་གཞན་དུ་མི་འབྱམས་པར་གང་ལ་དམིགས་པའི་ཡུལ་དགྲ་བོ་དེ་ཡི་བླ་ཚེ་སྲོག་གསུམ་ལ་ཐོག་ལྟར་དུ་འབབ་པར་གྱུར་ཅིག༔ ནུས་མཐུ་ཐོག་རྡུག་མེད་པར་དགྲ་བོ་གང་ལ་དམིགས་པ་དེའི་བླ་ཚེ་སྲོག་གསུམ་ཐམས་ཅད་མེ་སྟག་ཆུས་བསད་པ་བཞིན་དུ་གསོད་པར་གྱུར་ཏེ་ཆུ་ཐིག་ཧུབ་ཀྱིས་བཏབ་པ་བཞིན་དུ་གཞོམ་པར་གྱུར་ཅིག༔ བ་མོ་ལ་ཉི་མ་ཕོག་པ་བཞིན་དུ་བསྐམ་པར་གྱུར་ཅིག༔ རྩྭ་ཕུང་སྐམ་པོ་ལ་མེ་མཆེད་པ་བཞིན་དུ་བསྲེགས་པར་གྱུར་ཅིག༔ ས་མཁར་ལ་སྒྱོག་རྡོ་ཕོག་པ་བཞིན་དུ་བརླག་ཅིང་གཏོར་བར་གྱུར་ཅིག༔ འབྲུ་དྲུག་སེར་བས་བཅོམ་པ་བཞིན་དུ་བཅོམ་པར་གྱུར་ཅིག༔ བདག་གི་སྲུང་མ་དང་མཐུ་ནུས་དྲག་ཤུལ་ཐམས་ཅད་བན་བོན་ཀླ་ཀློ་མུ་སྟེགས་རྣམས་ཀྱི་མཐུ་ནུས་རྫས་སྔགས་ཐམས་ཅད་ཀྱི་བཟློག་མི་བཏུབ་པར་གྱུར་ཅིག༔ མི་བཟློག་པར་གྱུར་ཅིག༔ མི་ལྡོག་པར་གྱུར་ཅིག༔ དགྲ་བོ་རྗེས་ཤུལ་མེད་པར་བརླག་ནས་བདག་གི་མཐུ་ཡི་གྲགས་པས་ས་སྟེང་ཐམས་ཅད་དེ་རིང་ཉིད་དུ་ཡོངས་སུ་ཁྱབ་པར་གྱུར་ཅིག༔ ངས་བསད་པ་དང་བསྒྲལ་ཚད་ཀྱི་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་ཤེས་པ་འཁྲུལ་མི་ཤེས་པའི་དབྱིངས་སུ་སངས་རྒྱས་པར་གྱུར་ཅིག༔ དཀོན་མཆོག་གསུམ་གྱི་བདེན་པ་དང་སངས་རྒྱས་དང་སོགས་བདུན༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས་བདུན༔ དཀོན་མཆོག་གསུམ་སོགས་བདུན༔ སངས་རྒྱས་སྐུ་གསུམ་སོགས་བདུན༔ སངས་རྒྱས་སྐུ་གསུམ་མཉམ་པའི་བྱིན་རླབས་དང་༔ ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་༔ སྔགས་དང་ཕྱག་རྒྱ་རྒྱུ་འབྲས་ཟབ་མོའི་མཐུས༔ སྨོན་ལམ་བཏབ་པ་དེ་རྣམས་མྱུར་འགྲུབ་ཤོག༔ ཅེས་བདུན༔ རྨད་བྱུང་སྲས་བཅས་སོགས་བདུན༔ བླ་མེད་བླ་མའི་སོགས་བདུན༔ ཕྱོགས་བཅུ་ན་བཞུགས་པའི་སོགས་བདུན༔ དབྱངས་གསལ་རྟེན་སྙིང་ལན་བདུན་བརྗོད༔ དུས་རྟག་ཏུའམ་ཁྱད་པར་བསྒྲུབ་པའི་དུས་སུ་བརྗོད་ན་མི་འགྱང་བར་མྱུར་དུ་འགྲུབ་པར་གདོན་མི་ཟའོ༔ ཨོ་རྒྱན་ཆེན་པོའི་ཞལ་ཤེས་ཁུངས་བཙུན་ཅིང་བྱིན་རླབས་ཆེ་བ་ཡང་དག་པའོ༔ ཞེས་རང་སློབ་འཇིགས་མེད་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག།སརྦ་མངྒ་ལཾ།།