TTDL-ZABTER-16-MA-028
TTDL-ZABTER-16-MA-028
༠༠༠༠༠༠བརྡ་ཡིག༩༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་དང་མཐུན་པའི་ཁྲིད༔ དག་སྣང་ཡེ་ཤེས་དྲྭ་བ་དང་འབྲེལ་བའི་ཡན་ལག་བཅུ་པ་བྱིན་རླབས་དངོས་གྲུབ་ཀྱི་བང་མཛོད་ཅེས་བྱ་བ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༩༦ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མ་འོངས་པདྨའི་བརྒྱུད་འཛིན་རྣམས༔ ཐར་པ་དོན་དུ་གཉེར་བ་ཡིས༔ ཟབ་ལམ་ཉམས་སུ་ལེན་པ་ལ༔ དང་པོ་སྔོན་དུ་འགྲོ་བ་ཡི༔ གདམས་པ་འདི་དག་ཉམས་ལེན་གནད༔ ལམ་རྣམས་ཀུན་གྱི་མིག་ལྟ་བུ༔ ཕྱི་ནང་བར་ཆད་གེགས་སེལ་ཞིང་༔ གདམས་ངག་ཀུན་གྱི་སྣོད་རུང་བྱེད༔ དེ་ཕྱིར་འདི་ལ་བརྩོན་པ་གནད༔ ས་མ་ཡ༔ དེ་ནས་སོ་སོ་རང་རང་གི་མདུན་གྱི་ནམ་མཁར་པདྨ་དང་ཉི་ཟླའི་གདན་སུམ་བརྩེགས་ཀྱི་སྟེང་དུ་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་ངོ་བོ་ལ་རྣམ་པ་དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་སྐུ་མདོག་མཐིང་ནག་ཞི་འཛུམ་མཚན་དཔེའི་ལང་ཚོས་མཛེས་པ༔ གཞོན་ནུ་ལོ་བརྒྱད་ལོན་པའི་ན་ཚོད་ཅན༔ ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣོལ་ཐབས་སུ་འཛིན་པ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་༔ ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ་འོད་དང་འོད་ཟེར་རབ་ཏུ་འབར་ཞིང་འཕྲོ་བ་ལ༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་ནས་རང་ཅག་ལ་ཞལ་གྱིས་ཕྱོགས༔ སྤྱན་གྱིས་གཟིགས༔ ཐུགས་བརྩེ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྒོ་ནས་བཞུགས་པར་མོས་ལ༔ དེའི་མདུན་དུ་རང་ཅག་གི་ཡིད་ཁྱེད་ཤེས་ཀྱི་དད་པ་དང་མོས་གུས་དྲག་པོའི་སྒོ་ནས་བློ་སྙིང་བྲང་གསུམ་ལིང་གིས་བཀལ་ཏེ༔ ན་མོ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ སྤྱི་གཟུགས་མཁྱེན་བརྩེ་ནུས་པའི་བདག་ཉིད་དཔལ༔ གཏན་གྱི་སྐྱབས་གཅིག་དྲིན་ཆེན་བླ་མ་རྗེ༔ མི་འབྲལ་སྤྱི་གཙུག་བདེ་ཆེན་འཁོར་ལོར་བཞུགས༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔ ས་མ་ཡ༔ དང་པོ་ཐུན་མོང་ཕྱིའི་སྔོན་འགྲོ་བློ་ལྡོག་རྣམ་པ་བཞིའི་ཐོག་མར༔ དལ་འབྱོར་རྙེད་པར་དཀའ་བ་ལ་བསམ་པ་ནི༔ དལ་འབྱོར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེའི་ཡོན་ཏན་དྲན་པར་བྱ་བ་ལ༔ དལ་འབྱོར་རང་གི་ངོ་བོ་ཤེས་པར་བྱ་བ་ནི༔ དལ་ཞེས་པའི་དོན་ནི་དལ་བ་བརྒྱད་ཡིན་ཏེ༔ དེ་ལ་ཕྱིའི་མི་ཁོམ་པ་བཞི་དང་༔ ནང་གི་མི་ཁོམ་པ་བཞི་ཡོད་པ་ལས༔ དང་པོ་ཕྱིའི་མི་ཁོམ་པ་བཞི་ནི༔ དམྱལ་བ་ལ་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་འཁོར་མོར་སྤྱོད་པས་དལ་ཁོམ་མེད་པ་དང་༔ ཡི་དྭགས་ཀྱི་གནས་སུ་སྐྱེས་ན་བཀྲེས་སྐོམ་གྱི་སྡུག་བསྔལ་དྲག་པོས་རྟག་ཏུ་གདུངས་པས་དལ་ཁོམ་མེད་པ་དང་༔ དུད་འགྲོ་རུ་སྐྱེས་ན་བླུན་རྨོངས་ཀྱི་མུན་པ་ཆེན་པོའི་མལ་དུ་དུབ་པས་དལ་ཁོམ་མེད་པ་དང་༔ ལྷ་ཚེ་རིང་པོ་རྣམས་སུ་སྐྱེས་ན་ཆོས་བྱེད་པའི་འདུ་ཤེས་མེད་པས་མི་ཁོམ་པ་སྟེ༔ དེ་དག་གང་དུའང་མ་སྐྱེས་པར་མི་ལུས་ཐོབ་པ་ནི་དལ་བའོ༔ ནང་གི་མི་ཁོམ་པ་བཞི་ནི༔ གལ་ཏེ་མི་ལུས་ཐོབ་ཀྱང་དེའི་ནང་ནའང་མི་ཁོམ་པ་འདི་ལྟ་སྟེ༔ ཀླ་ཀློར་སྐྱེས་ན་སངས་རྒྱས་ཀྱི་བསྟན་པ་ལ་མི་དད་པས་མི་ཁོམ་པ་དང་༔ ལོག་ལྟ་ཅན་དུ་སྐྱེས་ན་ཆོས་དང་གང་ཟག་ལ་རྒྱབ་ཀྱིས་ཕྱོགས་པས་མི་ཁོམ་པ་དང་༔ སངས་རྒྱས་ཀྱི་བསྟན་པ་མེད་པའི་ལུས་མཐའ་འཁོབ་ཏུ་སྐྱེས་ན་ཆོས་ཀྱི་སྒྲ་ཙམ་ཡང་མེད་པས་མི་ཁོམ་པ་དང་༔ ལྐུག་པ་རུ་སྐྱེས་ན་ཚིག་དོན་གྱི་བརྡ་འཕྲོད་པའི་ནུས་པ་མེད་པས་མི་ཁོམ་པ་སྟེ༔ བརྒྱད་པོ་གང་དུའང་མ་གྱུར་བ་ལ་དལ་བའི་ཡོན་ཏན་བརྒྱད་ཐོབ་པ་ཡིན་པས་དལ་བ་ཞེས་བྱའོ༔ འབྱོར་པ་ཞེས་པ་ལའང་བཅུ་ཡོད་དེ༔ དེ་ཡང་རང་ངོ་ལ་ལྟོས་པའི་འབྱོར་པ་ལྔ་དང་༔ གཞན་ཡུལ་ལ་ལྟོས་པའི་འབྱོར་བ་ལྔ་ཡོད་དེ༔ རང་འབྱོར་ལྔ་ནི༔ མི་ལུས་མ་ཐོབ་ན་ཆོས་དང་མི་མཇལ་བ་ལས༔ ད་རེས་མི་ལུས་རྟེན་གྱི་འབྱོར་པ་ཐོབ་པ་དང་༔ ཡུལ་གྱི་དབུས་སུ་མ་སྐྱེས་ན་ཆོས་མི་དར་བ་ལས༔ ད་རེས་ཆོས་ཚིག་གི་ཡུལ་དབུས་སུ་སྐྱེས་པས་སྐྱེ་གནས་ཀྱི་འབྱོར་བ་ཐོབ་པ་དང་༔ དབང་པོ་མ་ཚང་ན་ཆོས་ཀྱི་སྣོད་དུ་མི་རུང་བས་ད་ལྟ་དབང་པོ་ཐམས་ཅད་ཚང་བས་དབང་པོ་སྣོད་ཀྱི་འབྱོར་བ་ཐོབ་པ་དང་༔ ལས་ཀྱི་མཐའ་ལོག་པའི་ཁོལ་པོ་ཁོལ་མི་དག་ནི་རང་དབང་བརྟན་པ་དང་བྲལ་ན༔ མི་ཕལ་པ་དག་ཆོས་ལ་འཇུག་པའི་བློ་སྐད་ཅིག་ཙམ་ཡང་མི་སྐྱེ་བ་དང་༔ སྒོ་གསུམ་ཆོས་ལམ་ལས་ལོག་ནས་མི་ནག་སྐྱེ་བོའི་གྲལ་དུ་སྙོགས་པ་དག་ནི་སྐལ་པ་དམན་ཅིང་བདུད་ཀྱིས་རྒྱུད་བསླུས་པ་ཡིན་ཏེ༔ དེ་ལྟར་མ་གྱུར་བར་ད་ལྟ་ལས་ཀྱི་མཐའ་མ་ལོག་པར་ཆོས་ལ་དད་ཅིང་རང་དབང་ཐོབ་པ་ལས་འཕྲོ་བཟང་པོའི་འབྱོར་བ་ཐོབ་པ་དང་༔ དད་པའི་གནས་ཕྱིན་ཅི་ལོག་པའི་ཡུལ་ངན་ཀླ་ཀློ་དང་མུ་སྟེགས་སོགས་ལ་མི་དད་ཅིང་༔ དད་ནས་མི་བསླུ་བའི་བསྟན་པ་ཁྱད་པར་ཅན་དཀོན་མཆོག་གསུམ་ལ་དད་པ་ནི་དད་པའི་ནོར་གྱི་འབྱོར་བ་སྟེ༔ ལྔ་པོ་ནི་རང་ངོས་ལ་ཚང་བ་དང་༔ གཞན་ཡུལ་ལ་ལྟོས་པའི་འབྱོར་བ་ལྔ་ནི༔ སངས་རྒྱས་འཇིག་རྟེན་དུ་མ་བྱོན་ན་ཆོས་མི་དར་བ་ལས༔ ད་རེས་སྟོན་པ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་འདིར་བྱོན་པའི་དུས་ལ་ཐུག་པས་སྟོན་པ་ཁྱད་པར་ཅན་གྱི་འབྱོར་པ་དང་༔ སངས་རྒྱས་བྱོན་ཀྱང་ཆོས་མ་གསུངས་ན་མི་ཕན་པ་ལས༔ ད་རེས་སྐྱེས་བུ་གསུམ་གྱི་འཇུག་སྒོ་སོ་སོར་བསྟན་པའི་ལམ་ཟབ་མོའི་འབྱོར་བ་དང་༔ རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱོན་ཡང་ནུབ་པའི་དུས་དང་འཕྲད་ན་མི་ཕན་པ་ལས༔ ད་རེས་བསྟན་པ་མ་ནུབ་པར་གནས་པའི་སྐབས་ལ་ཐུག་པའི་བསྟན་པ་རིན་པོ་ཆེའི་འབྱོར་བ་དང་༔ སངས་རྒྱས་ཀྱི་བསྟན་པ་ཡོད་ཀྱང་རང་ནི་དེའི་སྒོ་རུ་མ་ཞུགས་ན་མི་ཕན་པ་ལས༔ ད་ལྟ་རང་ཡང་བསྟན་པའི་སྒོ་རུ་ཞུགས་སུ་ཟིན་པ་རང་གི་སྐལ་པའི་འབྱོར་བ་དང་༔ བསྟན་པ་ལ་འཇུག་སེམས་ཡོད་ཀྱང་བླ་མ་དགེ་བའི་བཤེས་གཉེན་དང་མ་འཕྲད་ན་ཆོས་ཀྱི་དེ་ཉིད་མི་ཤེས་པ་ལས༔ ད་རེས་དགེ་བའི་བཤེས་གཉེན་བཟང་པོ་དང་འཕྲད་ཅིང་རང་ཉིད་རྗེས་སུ་བཟུང་བ་བླ་མ་དམ་པའི་འབྱོར་པ་སྟེ་འབྱོར་པ་བཅུ་ཞེས་བྱའོ༔ དེ་དག་གཅིག་ཆར་དུ་རྫོགས་པ་ལ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེར་གྲགས་པ་སྟེ༔ གཏན་དུ་བདེ་བའི་དངོས་གྲུབ་ཀྱི་འབྱུང་གནས་སུ་གྱུར་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ༔ དེ་དག་གི་གཅིག་ཤོས་ཙམ་མ་ཚང་ཡང་མི་ལུས་སུ་སྣང་ཙམ་པ་ལས་དལ་འབྱོར་གྱི་མི་ལུས་ཞེས་འབོད་དུ་མི་རུང་ངོ་༔ དེ་ལྟ་བུའི་མི་ལུས་རིན་པོ་ཆེ་འདི་སྔོན་དགེ་བ་བཟང་པོ་ཞིག་གི་འབྲས་བུ་ཡིན་ཏེ་ལྷ་བས་ལྷག་པའི་ལུས་རྟེན་བཟང་པོ་འདི་མཐོ་རིས་གསུམ་གྱི་མཆོག་ཏུ་གྱུར་བ་ཡིན༔ ད་ལྟ་སྤྱིར་འགྲོ་བ་རིགས་དྲུག་གི་ནང་མི་ལུས་རིན་པོ་ཆེ་ཐོབ་ཚད་ཀྱི་སྐྱེ་འགྲོ་འདི་དག་གིས་རྒྱུ་མི་དགེ་བ་ཁོ་ན་ལ་སྤྱོད་པའི་འབྲས་བུ་ངན་འགྲོ་ཤ་སྟག་ཏུ་འགྲོ་བ་ལས་མེད་པ་ལ་བློས་གཞིག་པར་བྱ་བ་དང་༔ རང་གིས་ད་ལྟ་མི་ལུས་རིན་པོ་ཆེ་འདི་ལ་བརྟེན་ནས་ཐར་པ་དོན་དུ་གཉེར་བ་ཞིག་མ་བྱས་ན་དལ་འབྱོར་གྱི་མི་ལུས་ནི་ཡང་ཡང་རྙེད་པར་མི་འགྱུར་ཞིང་༔ གལ་སྲིད་ད་རེས་རྒྱུ་དགེ་བ་ལ་བརྩོན་ནས་ཕྱི་མར་འབྲས་བུ་མི་ལུས་ཞིག་ཐོབ་སྲིད་ནའང་དེའི་རིང་ལ་དགེ་མི་དགེའི་ལས་ཅི་བྱེད་ཆ་མི་ཆོད་པས་ཐར་ལམ་ཐོབ་པ་དཀའ་མོད༔ ཅིས་ཕྱིར་མི་ལུས་དཀོན་ན་རྒྱུ་དགེ་བ་ལས་འབྲས་བུ་མི་ལུས་བསྐྱེད་པའི་ཕྱིར༔ རྒྱུ་དགེ་བ་ལ་བརྩོན་པའི་སེམས་ཅན་ཤིན་ཏུ་དཀོན་པས་ན་འབྲས་བུ་མི་ལུས་ཀྱང་ཤིན་ཏུ་དཀོན་པར་ཤེས་པར་བྱའོ༔ དལ་འབྱོར་གྱི་མི་ལུས་ནི་དཔེར་ན་རིན་པོ་ཆེ་ཐམས་ཅད་ལས་ཆེས་ཆེར་དཀོན་པའི་ཡིད་བཞིན་གྱི་ནོར་བུ་ལྟ་བུར་བསོད་ནམས་དང་དབང་ཐང་འཛོམ་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལས་མི་རྙེད་པ་ལྟར༔ མི་ལུས་ཀྱང་སྔོན་བསགས་ལས་འཕྲོ་བསོད་ནམས་དུས་འཛོམ་པ་མ་གཏོགས་གང་རུང་རུང་གི་སེམས་ཅན་ཕལ་གྱིས་ཐོབ་པ་མ་ཡིན་པའི་ཚུལ་ལ་བློས་གཞིག་པར་གྱིས་ཤིག༔ ལར་འགྲོ་བ་རིགས་དྲུག་སྤྱིའི་གྲངས་ལ་བསམ་ནས་མི་ལུས་དཀོན་ཚུལ་དང་༔ སྒོས་སུ་མཐོང་ཚོར་གྱི་བྱ་ཁྱི་དང་རི་དྭགས་དང་༔ གཡུང་དྭགས་འབུ་སྲིན་ཡན་ཆད་ཀྱི་གྲངས་དང་རིམ་པ་ལ་བསམ་མནོ་བཏང་ནས་མི་ལུས་དཀོན་ཚུལ་དང་༔ མི་ལུས་ཐོབ་པའི་ནང་ནའང་དལ་འབྱོར་ཐོབ་པ་ཤིན་ཏུ་དཀོན་པ་ལ་བརྟག་ཅིང་དཔྱད་ནས་བློ་སྦྱང་བ་ལ་འབད་པར་བྱ་བ་གནད་ཀྱི་ཡང་ཟབ་དམ་པ་ཡིན་ཏེ་ཤེས་པར་བྱའོ༔ སྔོན་བྱོན་གྱི་སངས་རྒྱས་རྣམས་དང་རིག་འཛིན་གྲུབ་ཐོབ་དམ་པ་དེ་དག་ཀྱང་མི་ལུས་རིན་པོ་ཆེ་འདི་ལ་བརྟེན་ནས་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ལ་གཤེགས་པ་ཤ་སྟག་སྟེ༔ འདི་ལས་ལྷག་པའི་སངས་རྒྱས་བསྒྲུབ་པའི་རྟེན་ཁྱད་པར་ཅན་ནི་གནས་རིགས་གང་ནའང་མེད་དེ་ཡོན་ཏན་དྲན་པར་བྱའོ༔ ད་རེས་དལ་འབྱོར་གྱི་ལུས་རྟེན་ཁྱད་པར་ཅན་འདིས་རང་ལ་ཐར་པའི་ལམ་སྣ་ཞིག་ཟིན་པར་མ་བྱས་ན་དབུལ་པོས་ཡིད་བཞིན་གྱི་ནོར་བུ་ར་གན་ལ་བརྗེ་བ་དང་འདྲ་མཚུངས་པ་དང་༔ མི་ཚེ་སྟོང་ཟད་ལ་གཏོང་བའི་མི་དེའི་ཁོང་པའི་ནང་དུ་དོན་སྙིང་མེད་པ་དང་འདྲ་སྟེ༔ མི་ཚེ་འདི་ལ་བདེ་སྐྱིད་ཅི་ཙམ་ཡོད་ཀྱང་མི་ལུས་སོས་དལ་དུ་རྒ་བའི་མདོ་མེད་རྣམས་ནི་སྡུག་བསྔལ་རིན་གྱིས་ཉོ་བའི་ལས་ངན་ཡིན་པས༔ ད་རེས་དལ་འབྱོར་དོན་ཡོད་པ་ཞིག་བྱེད་དགོས་སྙམ་པའི་བློ་དང་མི་འབྲལ་བ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན་ཏེ་ཤེས་པར་གྱིས་ཤིག༔ དེ་དོན་ཡིད་ལ་བསྒོམ་ཞིང་དལ་འབྱོར་དོན་ཡོད་པ་ཞིག་འགྲུབ་པར་བླ་མ་ལ་གསོལ་བ་འདེབས་པ་ནི༔ དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ༔ མི་ལུས་དོན་ལྡན་སྙིང་པོ་ལོན་པ་ཞིག༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔ ཞེས་པའི་དོན་བློ་ལ་བསྒོམ་ཞིང་ཚིག་ཁ་ཏོན་དུ་བརྗོད་པར་བྱའོ༔ གཉིས་པ་ཚེ་མི་རྟག་པར་འཆི་བ་ལ་བསམ་པ་ནི༔ དལ་འབྱོར་གྱི་མི་ལུས་ཐོབ་ཟིན་གྱིས་དེ་ཙམ་གྱི་ཆོག་བསམ་ནའང་མི་ཚེ་འདི་ཉིད་རྨི་ལམ་གྱི་སྣང་བ་ཙམ་ལས་སོ་ཟིན་མེད་པར་འཆི་ངེས་པ་ཅན་ཡིན་ཏེ༔ ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་རྒྱ་ཆེ་ལ་ཁྱོན་ཡངས་པ༔ ནང་གཡོ་བ་བཅུད་ཀྱི་སེམས་ཅན་གྲངས་མང་ཞིང་འཕེལ་ཁ་ཆེ་བར་ཡོད་ཀྱང་འདི་ཡང་མི་རྟག་སྟེ༔ མཐར་བསྐལ་བ་འཇིག་པའི་དུས་སུ༔ དང་པོ་བཅུད་ཀྱི་སེམས་ཅན་ཐམས་ཅད་སྔ་མ་ཤི་སྟེ་ཕྱི་མ་མི་འབྱུང་ཞིང་མཐར་ས་སྟེང་འདི་རུ་སེམས་ཅན་གཅིག་ཀྱང་མེད་པར་ཡུན་རིང་དུ་གནས་མཐར༔ ཉི་མ་དཔག་ཚད་བདུན་དུ་བབ་པའི་རིམ་པ་རེ་རེ་བཞིན་དུ་དངོས་པོ་ཕྲན་བུ་ནས་རིམ་བཞིན་བསྲེགས་ཏེ་ས་རྡོ་རི་བྲག་ཐམས་ཅད་མེའི་རང་བཞིན་དུ་འབར་ཞིང་ཚིག་ནས་བསམ་གཏན་དང་པོའི་ལྷ་གནས་མན་ཆད་ཐལ་བ་ཙམ་ཡང་མེད་པར་འགྱུར་བ༔ སླར་ཡང་ཆགས་ནས་དེ་ལྟར་ལན་བདུན་རེའི་མཐར་ཆུ་ཡིས་ཞིག་ཚེ་བསམ་གཏན་གཉིས་པའི་ལྷ་གནས་མན་ཆད་ལན་ཚྭ་ཆུ་རུ་ཞུ་བ་ལྟ་བུ་ལན་བདུན་དུ་བྱུང་མཐར་རླུང་གིས་འཇིག་པའི་ཚེ་བསམ་གཏན་གསུམ་པའི་ལྷ་གནས་མན་ཆད་ཞིག་ནས་ཐམས་ཅད་ནམ་མཁའ་སྟོང་པ་གཅིག་ཏུ་འགྱུར་བའི་སྐབས་འབྱུང་ངེས་པ་ཅན་ཡིན་ཏེ༔ བརྟན་གཡོའི་ཁམས་འདི་ལྟ་བུ་ཡང་དེ་ལྟར་མི་རྟག་ན་རང་ལུས་ཆུའི་ལྦུ་བ་ལྟ་བུའམ་མེ་ཏོག་ལྟ་བུ་རྐྱེན་གྱིས་འཇིག་སླ་བ་འདི་ལ་ལྟ་ཅི་སྨོས་བསམ་ཞིང་བློ་སྦྱོང་བ་དང་༔ གཞན་ཡང་སྔོན་བྱོན་གྱི་སངས་རྒྱས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་རྡོ་རྗེའི་སྐུ་རྣམས་ཀྱང་མི་རྟག་པར་མྱ་ངན་ལས་འདའ་བས་ན་རང་ཅག་ལ་ལྟ་ཅི་སྨོས་བསམ་པ་དང་༔ དེ་འོག་ལྷ་དང་དྲང་སྲོང་ཚངས་པ་བརྒྱ་བྱིན་ལ་སོགས་བསོད་ནམས་དང་ཏིང་ངེ་འཛིན་གྲུབ་པ་དཔལ་དང་སྟོབས་དབང་གི་བདག་ཉིད་རྣམས་ཀྱང་མི་རྟག་ན་རང་ལ་སྨོས་ཅི་དགོས་བསམ་པ་དང་༔ དེ་འོག་འཁོར་ལོས་སྒྱུར་རྒྱལ་རྣམས་དང་སྔོན་སྐྱེས་ཚད་ཀྱི་སྐྱེ་འགྲོ་ཐམས་ཅད་མ་ཤི་བ་གཅིག་ཀྱང་མེད་པས་རང་ཡང་འཆི་ངེས་པ་ཅན་ཏེ༔ དེ་འོག་རང་གི་ཡིད་ལ་དྲན་ཚུན་ཆད་ཀྱི་སེམས་ཅན་རྣམས་ཤི་བའི་གྲངས་དང་རིམ་པ་ལ་བསམ་ནས་ནམ་འཆི་ཆ་མེད་བསྒོམ༔ ལོ་མི་རྟག་པར་དབྱར་དགུན་གཉིས་སུ་འགྱུར་བ་དང་༔ ཟླ་བ་མི་རྟག་པར་དཀར་ནག་གཉིས་སུ་འགྱུར་བ་དང་༔ ཞག་མི་རྟག་པར་ཉིན་མཚན་གཉིས་ཀྱིས་འགྱུར་བ་དང་༔ ཉིན་མོ་མི་རྟག་པར་དུས་ཚིགས་གསུམ་གྱིས་འགྱུར་བ་རྣམས་ལ་བློས་གཞིག་ནས་རང་གི་ཚེ་མི་རྟག་པ་དྲན་པར་བྱའོ༔ ལར་སྐྱེས་ཙམ་ནས་ཤི་ལ་མ་ཐུག་གི་ཚེ་ནི་སྐད་ཅིག་ཙམ་ཡང་མི་སྡོད་པར་ཟད་པ་སྐྱེན་པོའི་མདའ་ལས་ཀྱང་མྱུར་བ་ཡིན་ཏེ༔ མཐོང་ཚོར་གྱི་སེམས་ཅན་འདི་དག་ཐམས་ཅད་ཀྱི་རང་རང་གི་ཚེ་ཟད་པ་དང་འཆི་དགོས་པའི་ཚུལ་རྒྱུས་མེད་པར་ལོང་བ་ཐང་སྟོང་དུ་མགོ་འཁོར་བ་ལྟ་བུ་རྣམས་ལ་ཞེ་ཁྲེལ་ཞིང་རང་གིས་མི་རྟག་པ་བསྒོམ༔ གཞན་ཡང་མི་ཚེ་སྟོང་ཟད་ལ་བཏང་ནས་མགོ་སྐྲ་དཀར་པོར་སོང་ཁ་ཡི་སོ་རྣམས་འཐོར༔ ལུས་ཀྱི་སྟོབས་ཉམས་ནས་ལངས་འདུག་མི་ཐུབ་པ་དག་ཀྱང་འཁོར་བ་བཟུང་ནས་ད་དུང་འཁོར་བའི་འདུག་ཆས་བསྒྲུབ་ཅིང་ལོ་ཚད་བཅུ་དང་བཅོ་ལྔའི་དུས་ལ་ཁ་ཚད་འདོམས་པ་རྣམས་ལ་བསམ་ནས་རང་གི་མི་རྟག་འཆི་བ་བརྗེད་ཀྱི་དོགས་པ་བསྐྱེད༔ དེ་ལས་ཀྱང་བད་ཀན་གྲེ་ཐོག་དང་ཕོ་འགགས་ལ་སོགས་པ་མི་ཤོར་བའི་ནད་དྲག་པོས་ཐེབས་པ་རྣམས་ཀྱིས་ཀྱང་ད་དུང་སང་ཕོད་དང་གནང་ཕོད་ལ་སོགས་པའི་ལོ་གྲངས་མང་པོའི་བྱ་སྤྱོད་ལ་ཁ་ཚད་འདོམས་པ་རྣམས་ལ་བསམ་ནས་འཆི་བ་བརྗེད་ཀྱི་དོགས་པ་བསྐྱེད་དགོས་པ་ཡིན་པས་གཟབ་པར་བྱ༔ མི་འགའ་རེས་མི་ཚེ་མང་པོར་ལོངས་སྤྱོད་པའི་བློ་སྣ་རིང་པོར་བསྐྱེད་ནས་ཟས་ནོར་གསོག་འཇོག་བྱེད་པ་ལ་དཀའ་ཚེགས་རྒྱ་ཆེན་པོར་སྤྱོད་ནས་ཡོད་པའི་སྐབས་ན་འཆི་བ་ཐོག་རྒྱུག་ཏུ་བྱུང་ནས་ལུས་ལོངས་སྤྱོད་ཐམས་ཅད་ཤུལ་དུ་བོར་ནས་ཡི་ཆད་སྐྱོ་དུང་ངེ་འཇིག་རྟེན་ཕ་རོལ་དུ་འགྲོ་ཞིང་༔ གཅེས་པར་བསྐྱངས་པའི་རོ་ནི་བྱ་ཁྱིར་གཏོང་ཞིང་ཟས་ནོར་ཐམས་ཅད་གཞན་གྱིས་ལོངས་སྤྱོད་པ་དེ་ཚོ་ལ་བསམ་ནས་འཆི་བ་མི་རྟག་པ་བསྒོམ་པར་བྱ༔ མི་འགའ་རེས་སྟོབས་རྒྱ་དང་ཐོབ་ཐང་ཆེན་པོར་བསྐྱེད་ནས་ལྷ་ལེ་ལོར་གཡེང་བ་ལྟ་བུར་མི་ཚེ་སྟོང་ཟད་ལ་སོང་ནས་མཐར་འཆི་བ་བྱུང་ཚེ་བདེ་སྐྱིད་དང་དཔལ་ལ་ཆགས་ནས་ཡི་མུག་ཅིང་ཞེ་འཁུམས་ཏེ་ཤི་མིག་གསོན་ལ་བལྟ་བའང་ཡོད་ཀྱི།དེར་བསམ་ནས་ཚེ་འདིའི་བྱ་བ་བསྒྲུབ་པ་དོན་མེད་དུ་ཤེས་ནས་སྤངས་དགོས༔ མི་འགའ་རེས་ཆེ་བ་དང་སྙན་གྲགས་ཀྱི་ཆེད་དུ་གཞན་ལ་འཐབ་རྩོད་དང་སྡང་བཅོམ་བྱེད་ཅིང་ཡོད་པའི་སྐབས་ན་གློ་བུར་གྱི་ནད་དང་རྐྱེན་དྲག་པོ་ཞིག་གིས་ཤི་ཚེ་ཁེ་རྒྱལ་དང་སྙན་གྲགས་ཐམས་ཅད་དུས་དེ་ཙམ་ནས་རྨི་ལམ་བཞིན་དུ་ཡལ་བ་བློས་གཞིག་ནས་འཆི་བ་མི་རྟག་པ་བསྒོམ༔ མི་ཚེ་ལ་ཚོད་ཟིན་ནི་མེད༔ ལ་ལ་ནི་སྐྱེས་ནས་ཞག་གཉིས་གསུམ་ཙམ་གྱིས་འཆི་བ་དང་༔ ལ་ལ་ནི་གཞོན་ནུའི་དུས་དང་༔ ལ་ལ་ནི་དར་ལ་བབ་པ་དང་༔ ལ་ལ་ནི་རྒས་ནས་འཆི་བ་ལ་སོགས་པ་ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད་ལ་བློ་སྦྱོང་༔ ལ་ལས་ནི་སྔོན་ཆད་ཁེ་རྒྱལ་དང་ལོངས་སྤྱོད་བསྒྲུབ་ཅིང་ཕྱིས་ཆོས་ཞིག་བསྒྲུབ་པར་འདོད་ཀྱང་འགྲུབ་དུས་མེད་པའི་ངང་དུ་དུས་ཟད་ནས་ཤི་ལ་ཐུག༔ ལ་ལས་ནི་ལོངས་སྤྱོད་བསགས་པ་དང་དགྲ་འདུལ་གཉེན་སྐྱོང་བྱེད་ཅིང་ནམ་ཞིག་གྲུབ་ཟིན་ནས་བདེ་སྐྱིད་དང་ལྡན་པའི་དུས་ཞིག་འོང་བར་རེ་ཞིང་འབད་པས་མི་ཚེ་གར་ཟད་དང་ནམ་ཟད་མེད་པར་འཆི་བའི་ནངས་པར་ལ་ཐུག་པའི་དུས་སུ་ཡང་དཔུང་ལས་དང་བྱ་བའི་འཕྲོ་མ་ཟད་པར་ཡོད་པ་ལ་བསམ་ནས་ནམ་འཆི་ཆ་མེད་བསྒོམ་པ་ལ་འབད་པར་བྱའོ༔ རང་གིའང་ད་ལྟ་ཕན་ཆད་ཀྱི་ཚེ་ནི་སྟོང་ཟད་ལ་སོང་ཞིང་ཉིན་མོ་རྣམས་སུ་རྣམ་གཡེང་དང་ལེ་ལོར་འབྱམས༔ མཚན་མོ་རྣམས་སུ་གཉིད་རོ་ཉལ་ལ་དུས་འདའ་བ་ཡིན༔ ད་སྔོན་མི་ཚེ་འདི་ལ་ལོ་གྲངས་ཟླ་ཞག་གྲངས་མང་པོ་ཐལ་ཟིན་ཡང་སྐད་ཅིག་ཙམ་གྱི་ཡུན་དང་སྣང་བ་ནི་མ་སྐྱེས༔ ད་དུང་ཡང་ལོ་བརྒྱ་ཐུབ་ཀྱང་ཤི་བའི་ཚེ་ན་ས་སྟེང་མིག་གིས་མཐོང་ཙམ་ལས་ནི་མི་སྐྱེ༔ མདོ་མེད་ཀྱི་བྱ་བ་གྲུབ་ཟིན་མེད་པ་འདིའི་འཕྲོ་བཅད་ནས་འཆི་ཆོས་གཤའ་མ་ཞིག་མི་བྱེད་རེ་སྙམ་ནས་བློ་སྣ་བསྟུངས༔ དུས་དང་རྣམ་པ་ཀུན་ཏུ་ངས་མི་ཚེ་ནི་ཟད་སོང་ད་ནི་འཆི་བའི་དུས་ལ་བབ་པའོ༔ ཉེ་འབྲེལ་དང་རྩ་ལག་དག་གིས་ཕན་ནི་མི་ཐོགས༔ རྗེས་སུ་ཡང་མི་འབྲང་༔ ད་ཤི་ནས་ཁོས་ཁྱིམ་མཚེས་ཞིག་ལ་སྐྱེས་ན་དེ་དུས་ཕན་ཚུན་གྱིས་ངོ་ནི་མི་ཤེས་ཤིང་གནོད་བྱེད་དུ་མཐོང་ནས་སྡང་ཡུལ་དུ་གྱུར་པ་ལ་ཆ་ཅི་ཡོད༔ ངས་ཀྱང་ཁོང་རྣམས་ལ་ཕན་སེམས་ཡོད་ཀྱང་རང་རང་གི་བསོད་ནམས་དང་ལས་ཀྱི་དབང་དུ་འགྲོ་བ་ལས་ཕན་ཐོགས་ཀྱང་མེད༔ ད་ནི་རང་གཞན་ཀུན་གྱི་དོན་དུ་ཆོས་ཟབ་མོ་ཞིག་བསྒྲུབ་ན་དེ་ནི་ཕན་ཐོགས་ངེས་པ་ཡིན་སྙམ་དུ་ཡང་ཡང་རྒྱུན་དུ་དྲན་པར་བྱའོ༔ ཟས་ཅི་ཟ་ཡང་འཇིག་རྟེན་འདིའི་ཟས་ཀྱི་ཐ་མའོ་སྙམ་དུ་འཆི་བ་དྲན་པར་བྱ༔ གོས་ཅི་གྱོན་ཡང་འཇིག་རྟེན་འདིའི་གོས་ཀྱི་ཐ་མའོ༔ བྱ་བྱེད་གང་གི་དུས་སུ་ཡང་འཇིག་རྟེན་འདིའི་སྤྱོད་ལམ་ཐམས་ཅད་ཀྱི་ཐ་མའོ༔ བསམ་ཞིང་བློ་སྦྱང་བ་ལ་འབད་པར་བྱའོ༔ མདོར་ན་དུས་དང་རྣམ་པ་ཀུན་ཏུ་ནམ་འཆི་ཆ་མེད་དེ་མི་ཚེ་འདི་ནི་རྨི་ལམ་གྱི་གནས་སྐབས་ཙམ་ལས་ཡུན་མི་རིང་སྟེ༔ ཟས་ལ་མང་ཉུང་མེད༔ གོས་ལ་བཟང་ངན་མེད༔ སྲོག་འཚོ་བ་ཙམ་དང་ལྷག་སྐྱོབ་ཙམ་གྱིས་ངེས་པར་ཆོག་པ་ཡིན༔ གལ་སྲིད་མ་ཤི་ནའང་ཐབས་ཆགས་མི་འོང་སྙམ་ནས་འདུས་བྱས་མི་རྟག་པ་བསྒོམ་པ་འདི་ལ་འབད་པར་གྱིས་ཤིག༔ རྣམ་གཡེང་དང་ལེ་ལོ་མེད་པར་མྱུར་དུ་སྲིད་པའི་ཕ་རོལ་ཏུ་བརྒལ་བའི་དུས་འདའ་བས་དལ་ཁོམ་མེད་པར་ཐར་པ་བསྒྲུབ༔ ལོ་དང་ཟླ་བའི་གསར་རྙིང་བརྗེ་བའི་དུས་སུ་ཡང་རང་གི་མི་ཚེ་ལ་ལོ་ཟླ་ཙམ་བསྟུང་བ་དྲན་ནས་རིག་པར་མཛོད༔ དེ་ལྟ་བུའི་འཆི་བ་ལ་བློ་སྦྱོང་བ་འདི་ནི་ངེས་པར་འབྱུང་བ་ཐམས་ཅད་ཀྱི་ངོ་བོ༔ བརྩོན་འགྲུས་དང་སྙིང་རུས་ཐམས་ཅད་ཀྱི་སྙིང་རྡོ༔ ཐར་པ་དང་རྣམ་མཁྱེན་གྱི་བསྐུལ་མ༔ ཡེ་ཤེས་ཡོན་ཏན་གྱི་འབྱུང་གནས༔ གདམས་ངག་ཐམས་ཅད་ཀྱི་སྣོད་མཆོག༔ དད་པ་དང་དམ་ཚིག་ཐམས་ཅད་ཀྱི་སྲོག་རྩ་ཡིན་པས་ཆོས་པ་ཐམས་ཅད་ཐ་མལ་ལས་ཁྱད་དུ་འཕགས་པའི་ཁྱད་ཆོས་གཅིག་པུ་དང་༔ ཆོས་ལམ་དུ་འཇུག་པའི་སྐྱེས་བུ་ཐམས་ཅད་ཀྱི་སྤྱི་ནོར་བླ་ན་མེད་ཅིང་གོང་ན་མ་མཆིས་པའོ༔ འཆི་བ་མི་རྟག་པའི་ཚུལ་འདི་རྒྱུད་ལ་མ་སྐྱེས་པ་དག་གིས་ཆོས་གང་བསྒྲུབ་ཀྱང་ཡུལ་རྐྱེན་གྱི་ཁ་རུ་འཆོར་ཞིང་༔ ལེ་ལོ་དང་རྣམ་གཡེང་གི་དབང་དུ་བསྒྱུར་སླ་སྟེ་ཆོས་ལམ་དུ་འགྲོ་བ་ནི་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལྟ་བུའི་ཕྱོགས་སུ་ངེས་པ་ཡིན་ནོ༔ ཅིའི་ཕྱིར་ཞེ་ན༔ དཔེར་ན་རྒྱལ་པོ་ཆེན་པོའི་ཁྲིམས་ཀྱིས་བསྡམ་པའི་དམངས་རྣམས་ཀྱིས་ལས་གང་བཅོལ་ཀྱང་དེ་མ་འགྲུབ་ཀྱི་བར་དུ་གཞན་གང་ལའང་འཆུག་དབང་མེད་པ་ལྟ་བུར༔ འཆི་བ་འདི་རྒྱུད་ལ་ངེས་པར་སྐྱེས་ན་རྣམ་མཁྱེན་གྱི་ལམ་དུ་གྲོལ་བ་མ་ཐོབ་ཀྱི་བར་དུ་ཡུལ་རྐྱེན་དང་ལེ་ལོའི་དབང་དུ་མི་འགྱུར་བའི་ཆིངས་ཆེན་པོ་བླ་ན་མེད་པ་ཡིན་ནོ༔ དེ་དོན་ཡིད་ལ་བསམ་ཞིང་རྟག་ཏུ་རྒྱུད་ལ་འདྲེས་ངེས་པ་ཞིག་ཏུ་བླ་མ་ལ་གསོལ་བ་འདེབས་པ་ནི༔ ཚེ་འདིའི་སྣང་བ་རྨི་ལམ་གནས་སྐབས་ཙམ༔ མི་རྟག་འཆི་བ་སྙིང་ནས་དྲན་པ་ཞིག༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔ ཞེས་གསོལ་བ་སྙིང་ནས་གདབ་བོ༔ དོན་གསུམ་པ་འཁོར་བའི་སྡུག་བསྔལ་ལ་བསམ་པ་ནི༔ ལར་ལུས་འདི་བོར་མ་ཐག་ཏུ་སེམས་ནི་ཅང་མེད་དུ་མི་འགྲོ་སྟེ༔ སླར་ཡང་འགྲོ་བ་རིགས་དྲུག་གི་གནས་རིགས་གང་ཡང་རུང་བ་ཞིག་ཏུ་ལས་ཀྱི་དབང་གིས་འཕངས་ནས་སྡུག་བསྔལ་ལ་སྤྱོད་དགོས་ངེས་པ་ཅན་ཡིན་ཏེ༔ དེ་ལའང་སེམས་ཅན་ཀྱི་ལས་དབང་གིས་འཁོར་བའི་གནས་རིགས་དྲུག་ཏུ་ཡོད་པ་ལས༔ དང་པོ་དམྱལ་བ་ལའང་ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད༔ ཉི་ཚེ་ཉེ་འཁོར་གཉིས་དང་བཅོ་བརྒྱད་ཡོད་ལ༔ ཚ་དམྱལ་བརྒྱད་པོའི་ཡུལ་སྤྱི་མཐུན་ལས་གཞི་ཐམས་ཅད་ལྕགས་བསྲེགས་མེ་འབར་བའི་ས་གཞི་དང་༔ བར་སྣང་ཐམས་ཅད་མེ་ལྕེའི་འཁོར་ལོའི་རང་བཞིན་ཅན་དུ་ཡོད་པ་ལས༔ ཐོག་མར་ཡང་སོས་ཞེས་བྱ་བ་ནི་མདག་མེ་འབར་བའི་ཀློང་དུ་དམྱལ་བའི་སེམས་ཅན་ཁ་ཆར་བབ་པ་ལྟར་ལས་རླུང་གིས་བསྡུས་པ་དེ་དག་ཐམས་ཅད་ཀྱི་གཅིག་གིས་གཅིག་མཐོང་ཚེ་དགྲ་མི་ཤ་བོ་མཐོང་བ་ལྟ་བུའི་ཞེ་སྡང་དྲག་པོ་སྐྱེས་ཏེ་སྐྱེས་ཙམ་ནས་ལས་ཀྱི་དབང་གིས་མཚོན་ཆ་རྣམ་པ་སྣ་ཚོགས་ལག་ཏུ་བབས་ནས་བརྡེག་རེས་བྱས་ཚེ་ཤ་ཁྲག་ཕྱེ་མར་འཐག་ཅིང་གཅིག་ཀྱང་མེད་པར་གྱུར་བའི་ཚེ་ནམ་མཁའ་ནས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་དེ་གྲགས་མ་ཐག་ཏུ་སྔར་བཞིན་དུ་སོས་ནས་དེ་ལྟར་རྟག་ཏུ་གོ་སྐབས་མེད་པར་སྤྱོད་པའི་སྡུག་བསྔལ་བརྣག་པར་དཀའ་བ་མྱོང་བའོ༔ ཚེའི་ཚད་ནི་མི་ལོ་ལྔ་བཅུ་ལ་ལྷ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་ཞག་གཅིག༔ དེ་ལྟར་ཞག་སུམ་ཅུ་ལ་ཟླ་བ་དང་༔ དེའི་ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏུ་བྱས་པའི་ལོ་ལྔ་བརྒྱ་ལྷའི་ཚེ་ཚད༔ དེ་དམྱལ་བ་ཡང་སོས་པས་ཞག་གཅིག་ཏུ་བྱས་པས་རང་ལོ་ལྔ་བརྒྱ་རུ་སྡུག་བསྔལ་དེ་ལ་སྤྱོད་དགོས་པ་ཡིན་ནོ༔ གཉིས་པ་ཐིག་ནག་ཞེས་བྱ་བ་ནི༔ ལྕགས་བསྲེགས་ཀྱི་ས་གཞིར་སེམས་ཅན་རྣམས་ཀྱི་ལུས་ཤིང་ལྟར་བརྒྱངས་བ་ལ་དམྱལ་མི་ལས་མཁན་རྣམས་ཀྱིས་ཐིག་བཞི་ནས་བརྒྱད་དང་༔ དེའི་མཚམས་སུ་ཡང་བརྒྱད་དུ་གདབ་པས་བཅུ་དྲུག་དང་༔ དེ་དག་གི་མཚམས་སུ་བཅུ་དྲུག་བཏབ་པས་སུམ་ཅུ་རྩ་གཉིས་ཀྱི་བར་དུ་བཏབ་ཅིང་ལྕགས་བསྲེགས་ཀྱི་སོག་ལེ་མེ་འབར་བས་དྲག་ཏུ་གཤགས་ཤིང་གཤགས་མ་ཐག་ཏུ་ཡང་འབྱར་ཞིང་དེ་ལྟ་བུའི་སྡུག་བསྔལ་ལ་རྟག་ཏུ་སྤྱོད་པའོ༔ ཚེའི་ཚད་ནི་མི་ལོ་བརྒྱ་ལ་སུམ་ཅུ་རྩ་གསུམ་པའི་ཞག་གཅིག་ཏུ་བྱས་པའི་ལྷའི་ལོ་སྟོང་ཕྲག་གཅིག་ལ་དམྱལ་བ་ཐིག་ནག་པའི་ཞག་གཅིག་ཡིན་ཏེ་རང་ལོ་སྟོང་ཐུབ་པའོ༔ གསུམ་པ་བསྡུས་འཇོམས་ནི༔ ལྕགས་བསྲེགས་ཀྱི་རི་བོ་ལ་ར་དང་ལུག་ལ་སོགས་པ་སྔོན་རང་གིས་བསད་པའི་སེམས་ཅན་གང་ཡང་རུང་བའི་མགོ་བརྙན་ཅན་གཉིས་རེའི་བར་དུ་སེམས་ཅན་གྲངས་མེད་པ་ལས་རླུང་གིས་བསྡུས་ཤིང་རི་གཉིས་ཕན་ཚུན་འཐབ་པ་ན་བྱེ་མ་བཞིན་དུ་འཐག་ཅིང་ཕར་ལ་གྱེས་པའི་ཚེ་ཡང་སྔར་བཞིན་སོས་ནས་གཟུགས་གྲུབ་སྟེ་སྡུག་བསྔལ་བཟོད་བླག་མེད་པ་ལ་ཁོར་མོར་སྤྱོད་པ་དང་༔ ཡང་ལྕགས་ཀྱི་གཏུན་ཁུང་ཡུལ་ལྗོངས་ཙམ་པ་རེའི་ནང་དུ་སེམས་ཅན་གྲངས་མེད་པ་བསྡུས་ཏེ་དམྱལ་མི་ལས་མཁན་རྣམས་ཀྱིས་ལྕགས་བསྲེགས་མེ་འབར་བའི་ཐོ་བ་རི་རབ་ཙམ་མང་པོ་ཀླད་པ་བསྐོར་ཞིང་བརྡེག་པའི་བར་དུ་ཐལ་བ་རྡུལ་བཞིན་འཐབ་ཅིང་འཇིགས་སྐྲག་བཟོད་བླག་མེད་པས་གདུངས་ཤིང་ཡང་ཐོ་བ་བཏེགས་པའི་ཚེ་སྔར་བཞིན་སོས་པའི་སྡུག་བསྔལ་བའོ༔ འདིའི་ཚེ་ཚད་ནི་མི་ལོ་ཉིས་བརྒྱ་ལ་འཐབ་བྲལ་བའི་ལྷ་རྣམས་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ཉིས་སྟོང་ལ་དམྱལ་བ་བསྡུས་འཇོམས་པའི་ཞག་གཅིག་ཏུ་བྱས་པའི་རང་ལོ་སྟོང་ཕྲག་གཉིས་སུ་སྡུག་བསྔལ་ཉམས་སུ་མྱོང་དགོས་པའོ༔ བཞི་པ་ངུ་འབོད་ཆུང་ངུ་ནི༔ ལྕགས་བསྲེགས་ཀྱི་ཁང་པ་སྒོ་དང་སྲུབ་མེད་པའི་ནང་དུ་ཚུད་ནས་འདི་ལས་ཐར་བའི་དུས་དང་སྐབས་མེད་པར་སེམས་ནས་ངུ་ཞིང་འོ་དོད་འབོད་པ་ལ་མིང་དེ་ལྟར་དུ་གྲགས་པ་ཡིན་ནོ༔ ཚེའི་ཚད་ནི་མི་ལོ་བཞི་བརྒྱ་ལ་དགའ་ལྡན་ལྷའི་ཞག་གཅིག་ཏུ་བརྩིས་པའི་ལོ་སྟོང་ཕྲག་བཞི་ལ་དམྱལ་བ་ངུ་འབོད་ཀྱི་ཞག་གཅིག་ཏུ་བྱས་པའི་རང་ལོ་སྟོང་ཕྲག་བཞི་ཐུབ་པའོ༔ ལྔ་པ་ངུ་འབོད་ཆེན་པོ་ནི༔ ལྕགས་ཁང་མེ་འབར་བ་ཉིས་རིམ་གྱི་ནང་དུ་སེམས་ཅན་གྲངས་མེད་པ་ཚུད་པ་ལ་ལས་མཁན་མཚོན་ཆ་ཐོགས་པ་གྲངས་མེད་པས་བརྡེག་ཅིང་སྒོ་ཕྱི་ནང་གཉིས་ཁྲོ་ཆུ་ཞུན་མས་ཞལ་བ་བྱས་ཏེ་ནང་རིམ་ནས་ཐར་ཀྱང་ཕྱི་རིམ་ནས་ཡུན་རིང་དུ་མི་ཐར་སྙམ་དུ་སྡུག་བསྔལ་དྲག་པོས་རྟག་ཏུ་གདུང་ཞིང་ངུ་འབོད་ཆེན་པོ་འདོན་པའོ༔ ཚེའི་ཚད་ནི་མིའི་ལོ་བརྒྱད་བརྒྱ་ལ་འཕྲུལ་དགའི་ལྷ་རྣམས་ཀྱི་ཞག་གཅིག་ཏུ་བརྩིས་པའི་དེའི་ལོ་སྟོང་ཕྲག་བརྒྱད་ལ་ངུ་འབོད་ཆེན་པོའི་ཞག་གཅིག་ཏུ་བྱས་པའི་རང་ལོ་སྟོང་ཕྲག་བརྒྱད་ཐུབ་པའོ༔ དྲུག་པ་ཚ་བ་ནི༔ ལྕགས་ཀྱི་ཡོལ་གོ་སྟོང་གསུམ་ཙམ་ལ་ཁྲོ་ཆུ་ཁོལ་མས་གང་བའི་ནང་དུ་དམྱལ་བའི་སེམས་ཅན་བསམ་གྱིས་མི་ཁྱབ་པ་ཚུད་ཅིང་འཚོད་པས་རབ་ཏུ་ཁོལ་བའི་རྦ་རླབས་ཀྱི་སྟེང་དུ་ཐོན་ཚེ་ལས་མཁན་རྣམས་ཀྱིས་ལྕགས་ཀྱུས་བཟུང་ནས་མགོ་ལ་ཐོ་ལུམ་གྱིས་བསྣུན་ཏེ་བརྒྱལ་བའི་སྐབས་རྣམས་སུ་སྡུག་བསྔལ་གྱི་ཚོར་བ་ཅུང་ཟད་འགགས་པ་བདེ་བ་རུ་འཛིན་པ་དེ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བའོ༔ ཚེའི་ཚད་ནི་མིའི་ལོ་སྟོང་ཕྲག་གཅིག་དང་དྲུག་བརྒྱ་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དག་གི་ཞག་གཅིག་ཏུ་བརྩིས་པས་དེའི་ལོ་ཁྲི་ཕྲག་གཅིག་དང་སྟོང་ཕྲག་དྲུག་ལ་ཚ་བའི་ཞག་གཅིག་ཏུ་བྱས་པའི་རང་ལོ་ཁྲི་ཕྲག་གཅིག་དང་སྟོང་ཕྲག་དྲུག་ཐུབ་པའོ༔ བདུན་པ་རབ་ཏུ་ཚ་བ་ནི༔ ལྕགས་བསྲེགས་ཀྱི་ཁང་པ་རབ་ཏུ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་སེམས་ཅན་བསམ་གྱིས་མི་ཁྱབ་པ་བཙུད་དེ་ལས་མཁན་རབ་ཏུ་མི་སྲུན་པ་རྣམས་ཀྱིས་ལྕགས་ཀྱི་མདུང་དམར་རྩེ་གསུམ་པ་མེ་འབར་བས་འོག་སྒོ་ནས་བཏབ་པས་ཕྲག་པ་གཉིས་དང་སྤྱི་བོ་ནས་ཐལ་མར་ཕུག་པ་དང་༔ ལུས་ཀྱི་ཕྱི་ནས་ལྕགས་བསྲེགས་ཀྱི་སྣམ་བུས་དཀྲིས་ཤིང་གཅུད་པས་རྟག་ཏུ་སྡུག་བསྔལ་པའོ༔ ཚེའི་ཚད་ནི་མིའི་ལོ་གྲངས་ཀྱིས་གཞལ་དུ་མེད་པར་བར་བསྐལ་ཕྱེད་དུ་གནས་པའོ༔ བརྒྱད་པ་མནར་མེད་པའི་དམྱལ་བ་ནི༔ ལྕགས་ཀྱི་ཁང་པ་ཤིན་ཏུ་ཡངས་པར་ལྕགས་བསྲེགས་ཀྱི་མགལ་དུམ་རི་རབ་ལྟ་བུར་སྤུངས་པའི་ནང་དུ་སེམས་ཅན་གྲངས་མེད་པ་བཅུག་སྟེ་ཕྱོགས་ཐམས་ཅད་ནས་ལས་མཁན་རྣམས་ཀྱིས་སྟག་དང་གཟིག་གི་སྦུད་པ་བུས་པས་མེ་ལྕེ་དང་སེམས་ཅན་གཉིས་ཀ་འོ་དོད་འབོད་པ་ཙམ་ལས་ལུས་སོ་སོར་མི་འབྱེད་ཅིང་མེ་མཚམས་ཅུང་རེ་ཕྱེ་སྐབས་སུ་འབྲོས་པར་རྩོམ་པ་ན་སྐྱེས་བུ་མཚོན་ཆ་སྣ་ཚོགས་ཐོགས་པ་རྣམས་ཀྱིས་བརྡེག་པ་དང་༔ ཁ་རུ་ལྕགས་ཞུན་ཁོལ་མ་བླུགས་པ་སོགས་ཀྱི་སྟེང་དུ་དམྱལ་ཁམས་གོང་མ་བདུན་པོའི་སྡུག་བསྔལ་མྱོང་དགོས་པའོ༔ ཚེ་ཚད་ནི་བར་གྱི་བསྐལ་པ་གཅིག་ཏུ་གནས་ཤིང་༔ དེ་བས་ལྷག་པ་མནར་རྒྱུ་མེད་པས་ན་མིང་ཡང་མནར་མེད་ཅེས་བྱ་བར་གྲགས་སོ༔ དེའི་མཐའ་བསྐོར་དུ་ཉེ་འཁོར་ལྷག་པ་བཅུ་དྲུག་ཡོད་དེ༔ དེ་དག་ནི་མཚམས་མེད་ཀྱི་ལས་བྱས་པ་དང་༔ གསང་སྔགས་ཀྱི་སྒོར་ཞུགས་ཏེ་བླ་མ་ལ་ལོག་ལྟ་སྐྱེས་པའི་ལས་ཀྱིས་དམྱལ་བ་མནར་མེད་པར་ལྷུང་ནས་ལས་སྲབ་མོར་གྱུར་ཚེ་དེ་ལས་ཐར་ནས་བལྟས་པས་ཐག་རིང་བའི་ས་ཕྱོགས་ཞིག་ཏུ་གྲིབ་མ་ནག་ངམ་མེ་བའི་འོབ་ཞིག་མཐོང་བ་ལ་དགའ་ཞིང་གདུང་ནས་དེར་ཕྱིན་པས་ཐལ་ཚན་གྱི་མདག་མེ་འབར་བར་ཚུད་ནས་ཤ་རུས་གཞོབ་ཏུ་ཚིག་པའི་སྡུག་བསྔལ་ལ་སྤྱོད་པ་དང་༔ ཡང་ཐག་མི་ཉེ་བ་ཞིག་ན་ཆུ་ཀླུང་ཆེན་པོ་མཐོང་སྟེ་བསྐལ་པར་དེ་ལ་བཙོ་བསྲེགས་ཀྱིས་མནར་བས་སྐོམ་ཚད་ཆེན་པོས་གདུང་ནས་ཆུ་ལ་བཏུང་དུ་འགྲོ་བར་འདོད་དེ་ཕྱིན་པས་རོ་རུལ་བ་འདམ་རྫབ་ཏུ་སོང་བའི་ནང་དུ་ཚུད་དེ་སྤྱི་བོ་མན་ཆད་ནུབ་པ་ལ་སྲིན་བུ་ལྕགས་ཀྱི་མཆུ་ཁབ་རྩེ་ལྟར་རྣོ་བ་གྲངས་མེད་པས་ཟ་ཞིང་འབིག་པའི་སྡུག་བསྔལ་བཟོད་བླག་མེད་པར་མྱོང་བ་དང་༔ ཡང་དེ་ལས་ཐར་ནས་ཐང་ཆེན་པོ་ཉམས་དགའ་བ་མདོག་ལྗང་ལ་ཁོད་སྙོམས་པ་ཞིག་མཐོང་ནས་དེར་ཕྱིན་པ་ན་ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་དུ་ལྕགས་ཀྱི་ཐུར་མ་རྒྱ་ཁབ་ལྟ་བུར་རྣོ་བ་བར་མཚམས་མེད་པར་སྐྱེས་པའི་གནས་སུ་ཚུད་ནས་རྐང་པ་མར་བཞག་ཚེ་ཐལ་མར་ཕུག་ཅིང་བསྲེག་ལ་བཏེགས་པ་ན་འཚོ་བར་འགྱུར་བས་དེ་རུ་སྡུག་བསྔལ་བ་དང་༔ དེ་ལས་ཐར་བའི་ཚེ་ན་ཡང་བལྟས་པའི་མོད་ལ་ནགས་ཚལ་ཉམས་དགའ་ཞིང་ཡིད་དུ་གདུང་བའི་ཚལ་མཐོང་ནས་ཕྱིན་པས་རལ་གྲིའི་ལོ་མ་ཅན་གྱི་ནགས་ཚལ་དུ་གྱུར་ནས་ལོ་མ་རླུང་གིས་བསྐྱོད་པས་ཤ་རུས་ཚལ་པ་དུམ་བུར་གཏུབས་ནས་ཡང་སོས་ཏེ་སྔར་ལྟར་གཅོད་པའི་སྡུག་བསྔལ་བའོ༔ བཞི་པོ་དེ་མནར་མེད་ཀྱི་ཤར་དུ་ཡོད་པ་དང་༔ ལྷོ་རུ་ཡང་དེ་བཞིན་དུ་བཞི༔ ནུབ་དང་བྱང་དུའང་བཞི་རེ་ཚང་བར་ཡོད་པས་བཅུ་དྲུག་གོ༔ མཚམས་བཞིར་ཤལ་མ་ལིའི་སྡོང་པོ་ཞེས་བྱ་བ༔ ཁྲིམས་འཆལ་དང་འདོད་ལོག་སྤྱོད་པའི་ལས་ཀྱི་སྐྱེ་གནས་ཡིན་ཏེ༔ དེར་སླེབ་ཚེ་རྩེ་མོ་ན་དགའ་གདུང་གི་གྲོགས་ཀྱིས་འབོད་སྣང་བྱུང་བ་ལ་ཡིད་ཕྱོགས་པ་དང་མཉམ་དུ་ལས་རླུང་གིས་བསྐྱོད་ནས་རྩེ་མོར་མ་ཐོན་གྱི་བར་དུ་མཚོན་ཆའི་ལོ་འདབ་ཐུར་བསྟན་གྱི་རྩེ་མོས་གཤག་ཅིང་གཏུབས་ཏེ་རྩེར་སླེབས་ཚེ་བྱ་རྒོད་དང་ཁྭ་ཏ་རྣམས་ཀྱིས་མིག་ཚིལ་བྲུས་ཏེ་ཀླད་པ་འཇོམས་པ་དང་༔ ཡང་སྔར་བཞིན་རྩ་བ་ནས་རང་གི་ལས་ངན་གྱིས་འབྲེལ་བའི་གྲོགས་ཕོ་མོ་གང་ཡང་རུང་བས་འབོད་སྣང་དང་ཆབ་གཅིག་ལས་རླུང་གིས་དེད་ནས་ལོ་མའི་དཔལ་རྩེ་གྱེན་དུ་བསྟན་པའི་རྩེ་རུ་བརྒྱུད་ནས་བཅད་གཏུབས་བྱེད་བཞིན་རྩ་བར་སླེབས་པ་ན་ཡང་སོས་པས་ལྕགས་ཀྱི་སྐྱེས་པ་ཕོ་མོ་རུ་གྱུར་ཏེ་ལུས་ལ་འཁྱུད་ཅིང་མགོ་བོ་ཁ་རུ་བཅུག་ནས་སོ་ཡིས་བསྡམས་པས་ཀླད་པ་སྐྱ་ཆིལ་ཆིལ་འཐོར་བར་བྱེད་ཅིང་དེ་ལྟ་བུའི་སྡུག་བསྔལ་ལ་ཡུན་རིང་དུ་སྤྱོད་པའོ༔ གྲང་བའི་དམྱལ་ཁམས་བརྒྱད་ནི༔ སྤྱི་མཐུན་དུ་གཞི་དང་ཁོར་ཡུག་ཐམས་ཅད་གངས་རི་དང་ཆབ་རོམ་གྱི་རང་བཞིན༔ བར་སྣང་ཐམས་ཅད་ཁ་བ་དང་བུ་ཡུག་གྲང་ལྷག་རླུང་གི་འཁོར་ལོས་མཚམས་དང་བར་མེད་པར་གདུང་བས་ལུས་ལ་ཆུ་བུར་སྐྱ་ཕྲོམ་མེར་བྱུང་བ་ལ་ཆུ་བུར་ཅན་ཞེས་གྲགས་པའོ༔ དེ་ལས་ཀྱང་གྲང་ལྷག་ཤིན་ཏུ་ཆེ་བས་ཆུ་བུར་རྡོལ་རྡོལ་དུ་བྱུང་ནས་རྨ་རུ་སོང་བ་ལ་ཆུ་བུར་རྡོལ་བ་ཞེས་གྲགས་པ་དང་༔ དེ་ལས་ཀྱང་གྲང་ལྷག་གིས་གདུང་བ་བཟོད་དུ་མེད་པས་ཁ་འཐམ་པ་ལ་སོ་འཐམ་པ་ཞེས་གྲགས་པ་ཡིན༔ དེ་ལས་ཀྱང་གྲང་ལྷག་ཤིན་ཏུ་ཆེ་བའི་ཤུགས་ཀྱིས་སྨྲེ་སྔགས་རྒྱུན་ཆད་མེད་པར་འདོན་པ་ལ་ཨ་ཆུ་ཟེར་བའོ༔ དེ་ལས་ཀྱང་གྲང་ལྷག་ཆེས་ཆེར་གྲགས་པའི་སྟོབས་ཀྱིས་ཤུགས་རིང་འཐོན་ཅིང་སྐད་གདངས་ཆགས་པའི་ཀྱི་ཧུད་ཅེས་བྱུང་བ་ལ་ཀྱི་ཧུད་པ་ཞེས་བྱའོ༔ དེ་དག་ལས་ཀྱང་གྲང་ལྷག་བདུན་འགྱུར་དུ་ཆེ་བའི་སྟོབས་ཀྱིས་ལུས་ཀྱི་ལྤགས་མདོག་སྔོ་ནག་ཏུ་སོང་ནས་ཚལ་པ་བཞི་རུ་གས་པ་ཨུཏྤལ་ལྟར་གས་པ་ཞེས་བྱའོ༔ ལུས་ཀྱི་ཤ་ལྤགས་བརྒྱད་ཚལ་དུ་གས་པ་ཕྱིར་ལོག་ནས་ཕྱི་མི་མངོན་པར་དམར་བ་ལ་པདྨ་ལྟར་གས་པ་ཞེས་བྱ་སྟེ༔ དེ་ལས་ཀྱང་བདུན་འགྱུར་གྱི་གྲང་ལྷག་ཆེ་བས་ལུས་ཚལ་པ་བཅུ་དྲུག་ཏུ་གས་ནས་ཆུ་རྒྱུས་ཕྲ་མོས་འབྲེལ་བའི་མང་དུ་གྱེས་ཏེ་ཁ་དོག་དམར་ནག་ཏུ་སོང་བ་ལ་པདྨ་ཆེན་པོ་ལྟར་གས་པ་ཞེས་བྱའོ༔ དེ་ལྟར་རྨའི་ནང་དུ་སྲིན་བུ་ལྕགས་ཀྱི་མཆུ་རྣོན་ཅན་གྲངས་མེད་ཀྱིས་བཟའ་བའི་སྡུག་བསྔལ་བཟོད་བླག་མེད་པའོ༔ གྲང་དམྱལ་བརྒྱད་པོ་དེ་དག་དང་པོ་ནས་འོག་ནས་འོག་ཏུ་གྲང་དབལ་བདུན་འགྱུར་གྱིས་ཆེ་བས་དབྱེ་བ་བརྒྱད་དུ་ཕྱེས་པ་ཡིན་ནོ༔ ཉི་འཚེ་བ་ཞེས་བྱ་བ་ནི༔ གནས་དང་ཡུལ་ངེས་པ་མེད་དེ་རྡོ་དང་བྲག་གི་བར་དུ་བཅར་བ་དང་༔ འཁྱག་པའི་སྤུབས་སུ་འཐུམ་པ་དང་༔ ཆུ་ཚན་དུ་འཚོད་པ་དང་༔ ཆུ་འཁྱག་ནང་དུ་གྲང་བ་དང་༔ ཤིང་སྡོང་ལ་རང་གི་ཕུང་པོར་བདག་ཏུ་བཟུང་ནས་བཅད་གཏུབས་ཀྱི་སྡུག་བསྔལ་ཉེ་བར་ལེན་པ་དང་༔ ཁང་པ་དང་སྒོ་དང་ཀྭ་བ་སབ་མོ་རྣམས་ལ་ཕུང་པོ་བདག་ཏུ་བཟུང་ནས་ཁོང་པའི་ནང་དུ་གཞན་གྱིས་བྱ་བ་བྱེད་པ་དང་༔ སྒོ་འབྱེད་གཅོད་ཀྱི་དུས་སུ་ཡང་ཁོང་པའི་ཁ་ཕྱེ་ཞིང་འདོན་པ་ལྟ་བུའི་སྡུག་བསྔལ་དང་༔ ཁང་པའི་ཡ་ཕུབ་མགོ་ཡིས་བཏེགས་པ་ལྟ་བུ་དང་༔ ལུས་ཀྱིས་སབ་རྟ་ལ་དཀྲིས་ཤིང་བསྡམ་པར་སྣང་བའི་སྡུག་བསྔལ་ཁོལ་མོར་སྤྱོད་པ་དང་༔ སྒྱེད་པུ་ལ་ཕུང་པོར་བཟུང་ནས་ཁོང་པར་མེ་འབར་བ་དང་༔ ཕྱག་མ་དང་ཕྲི་བ་ལ་ཕུང་པོར་བྱས་ནས་གཞན་གྱིས་ལས་བྱེད་པ་དང་༔ ཐག་པ་ལ་ཕུང་པོར་བཟུང་ནས་བདག་དང་གཞན་གྱིས་སྤྱོད་པའི་སྡུག་བསྔལ་དང་༔ སྣོད་དང་ཀ་ཆ་དག་ཀྱང་རང་གི་ཕུང་པོ་རུ་འཛིན་ཅིང་དེ་འགེངས་པ་དང་༔ བྲི་བ་དང་གཞན་གྱིས་ལས་བྱས་ཚད་ཐམས་ཅད་ཁོ་རང་རྣམས་ལ་གནོད་འཚེ་རུ་གྱུར་ནས་སྡུག་བསྔལ་ཉེ་བར་ལེན་པས་ཤིན་ཏུ་ཉམ་ཐག་པའོ༔ དེ་ལྟར་གནས་རིགས་བཅོ་བརྒྱད་པོ་འདི་ཤེས་པར་བྱས་ནས༔ དེ་དག་གི་སྡུག་བསྔལ་རྒྱུད་ཐོག་ཏུ་བླངས་ཏེ་མྱོང་བའི་སྣང་བ་བསྐྱེད་ནས་ནན་དུ་བློ་སྦྱོང་བྱས་པའི་མཐར་བྲེད་སྔངས་འཇིགས་སྐྲག་ཤར་ཚེ་སྡུག་བསྔལ་སེམས་ལ་བསམ་པ་ཙམ་ཡང་དེ་ལྟར་འདུག་གི་མངོན་སུམ་རང་ཐོག་ཏུ་བབ་ཚེ་ཅི་ལ་བཟོད༔ དེ་བས་ན་ཐར་པའི་ཐབས་ལ་མི་བརྩོན་ན་ད་རེ་ཤི་སྙམ་ནས་དགེ་བ་ལ་འབད་པར་བྱའོ༔ མདོར་ན་ད་ལྟ་ལུས་ལ་མེ་སྟག་ཙམ་ཡང་མི་བཟོད་ན་ཚ་དམྱལ་གྱི་མེ་འོབས་དེ་ལྟ་བུ་ཅི་ལ་བཟོད༔ ད་ལྟ་ནང་གཅིག་གི་གྲང་ལྷག་ཙམ་ཡང་མི་བཟོད་ན་གྲང་དམྱལ་གྱི་སྡུག་བསྔལ་དེ་ཙམ་ལྟ་ཅི་སྙམ་ནས་བློ་སྦྱོང་བ་འདི་ལ་ངེས་པར་གོམས་ནས་རང་རྒྱུད་ལ་འདྲེས་ངེས་ཤིག་བྱེད་དགོས༔ ཞེ་སྡང་གི་ལས་ཀྱིས་དམྱལ་བར་སྐྱེ་ངེས་པ་ཅན་ཡིན་ན༔ ངས་སྔོན་ཆད་ཀྱང་ཞེ་སྡང་གི་ལས་བསགས་པ་ལ་ཚད་དང་གྲངས་ནི་མེད༔ ད་དུང་ཡང་དེའི་འཕྲོ་མཐུད་ན་དམྱལ་བའི་གནས་སུ་ལན་གྲངས་ཚད་དང་དཔག་ཏུ་མེད་པ་ལྷུང་ངེས་པ་ཅན་ཡིན་ཏེ༔ ད་རེས་མི་ལུས་རིན་པོ་ཆེ་འདིའི་རིང་ལ་འདི་ལས་གཏན་དུ་ཐར་ཐབས་ཞིག་མི་བྱེད་རེ་སྙམ་དུ་རྟག་པར་བརྗེད་མེད་དུ་རྒྱུད་ལ་སྦྱར་བ་གནད་ཀྱི་དམ་པའོ༔ ངན་སོང་གི་གནས་གཉིས་པ་ཡི་དྭགས་ལའང་སྡུག་བསྔལ་གྱིས་གདུང་བ་ཁོ་ན་ལས་མེད་དོ༔ ཡི་དྭགས་བྱིང་ན་གནས་པ་ལ་ཡང་སྡེ་ཚན་གསུམ་དུ་ཡོད་པ་ལས༔ དང་པོ་ཕྱིའི་སྒྲིབ་པ་ཅན་ནི༔ ལོ་གྲངས་མང་པོ་ལ་ཟས་སྐོམ་གྱི་སྒྲ་ཙམ་ཡང་མི་གྲགས་པར་བཀྲེས་སྐོམ་གྱི་སྡུག་བསྔལ་དྲག་པོས་གདུང་ནས་ཡོད་པས༔ ས་ཕྱོགས་རིང་བ་ཞིག་ན་ཆུ་ཀླུང་ཆེན་པོ་མཐོང་བ་ལ་བཏུང་བར་འདོད་ནས་ཕྱིན་ཀྱང་རྐང་པའི་ལྷུ་ཚིགས་ཀྱིས་ལུས་མི་ཐེག་པར་འགྱེལ་ཞིང་འགྲེ་ལྡོག་བྱེད་བཞིན་ཡུན་རིང་མོ་ཞིག་ནས་ཚལ་དུ་སླེབ་ཚེ་གྲམ་པ་སྐྱ་ཁྲོལ་ལེར་འགྲོ་ཞིང་འགྱེལ་ཏེ་ཐང་ཆད་དེ་སྡུག་བསྔལ་བ་དང་༔ ཡང་རྒྱང་རིང་པོ་ཞིག་ནས་འབྲས་བུ་ཅན་གྱི་ཤིང་གི་ནགས་ཚལ་མཐོང་ནས་དེར་སྔར་བཞིན་དུ་ཕྱིན་པའི་ཚེ་ན་ཚལ་དུ་སླེབ་པ་དང་ཤིང་སྐམ་གྱི་སྡོང་པོ་ཁྲ་ཟང་ངེ་བར་འགྱུར་བ་དང་༔ རེས་འགའ་བཟའ་བཏུང་ལོངས་སྤྱོད་ཀྱི་མཛོད་ཆེན་པོ་ཞིག་ཡོད་པ་མཐོང་བའི་མོད་ལ་དེར་ཕྱིན་པའི་ཚེ་སྐྱེས་བུ་གོ་མཚོན་ཅན་མང་པོས་བསྲུངས་ནས་ཡོད་པའི་མོད་ལ་མཚོན་ཆ་སྣ་ཚོགས་ཀྱིས་བརྡེག་ཅིང་དེད་ནས་སྡུག་བསྔལ་བ་དང་༔ དབྱར་གྱི་དུས་སུ་ཟླ་བའི་འོད་ཀྱིས་འཚིག་པའི་ཚ་རེག་དང་༔ དགུན་གྱི་དུས་སུ་ཉི་མའི་འོད་ཀྱིས་འཁྱག་ཅིང་བསིལ་བའི་གྲང་རེག་དང་དེ་གཉིས་ཀའང་བཟོད་དུ་མེད་པའི་སྡུག་བསྔལ་བའོ༔ ཡི་དྭགས་ནང་གི་སྒྲིབ་པ་ཅན་ནི་མགོ་བོ་རྒྱ་རྫ་ཙམ་པ་ཁ་ཁབ་མིག་ཙམ༔ མགྲིན་པ་རྟ་རྔ་ཙམ་ལྟོ་བ་ཡུལ་ལྗོངས་ཙམ་ལ་རྐང་ལག་འཇག་མ་ཙམ་པ༔ ཁ་ཡི་དུག་གིས་རྒྱ་མཚོའི་ཆུ་ཡང་སྐེམ་པར་བྱེད་པ༔ ཟས་སྐོམ་ཅུང་ཟད་རྙེད་ཀྱང་ཁ་ཁབ་མིག་ཙམ་པར་མི་ཚུད༔ གལ་ཏེ་ཚུད་ཀྱང་མགྲིན་པར་མི་འགྲོ༔ གལ་སྲིད་སོང་ཡང་ལྟོ་བ་མི་འགེངས༔ འགེངས་ཀྱང་རྐང་ལག་གིས་མི་ཐེག་པའི་སྡུག་བསྔལ་བ་དང་༔ བསྔོས་པའི་ཟས་ཆུ་སྦྱིན་དང་དྲི་གསུར་ཙམ་མ་གཏོགས་ཟས་སྐོམ་གཞན་ཉིན་མོ་ལྟོ་བདེ་བ་ཙམ་རྙེད་ཀྱང་མཚན་མོ་རྣམས་སུ་མེ་མདག་ཏུ་གྱུར་ཅིང་ཁོང་པར་མེ་འབར་ནས་བསྲེགས་པའི་སྡུག་བསྔལ་བཟོད་བླག་མེད་པར་མྱོང་དགོས་པའོ༔ ཡི་དྭགས་སྒོས་ཁུར་གྱི་སྒྲིབ་པ་ཅན་ནི༔ ཁ་ཅིག་གི་ལུས་ལ་ལྦ་བ་དང་སྐྲང་དང་རྣག་དང་ཆུ་སེར་དུ་རྡོལ་བ་ལ་ཁ་ཟས་བྱེད་པ་དང་༔ ལ་ལ་ལུས་ལ་རྨ་རྡོལ་བའི་ནང་དུ་སྲོག་ཆགས་བསམ་གྱིས་མི་ཁྱབ་པས་ཟ་བ་རྣམས་ནི་སྒོས་ཁུར་གྱི་སྡུག་བསྔལ་ཅན་ནོ༔ དེ་དག་གི་སྤྱི་མཐུན་དུ་བཀྲེས་སྐོམ་དང་ཚ་རེག་དང་གྲང་རེག་ལ་སོགས་པ་ནི་གོང་མ་གཉིས་དང་མཚུངས་པ་ཡིན༔ མཁའ་ལ་རྒྱུ་བའི་ཡི་དྭགས་ནི༔ བཙན་དང་༔ རྒྱལ་པོ༔ ཤི་འདྲེ༔ འབྱུང་པོ༔ མ་མོ༔ ཐེའུ་རང་ལ་སོགས་འདྲེ་ངན་གྱི་རིགས་ཐ་དད་པ་དབང་ཆེ་བ་དང་༔ ཆུང་བ་དང་ཤིན་ཏུ་ཞན་པ་ལ་སོགས་པ་ཡོད་དེ༔ དེ་དག་ཐམས་ཅད་ཀྱང་ཞེ་སྡང་དང་གནོད་སེམས་འདོད་ཆགས་སྣ་ཚོགས་པས་རྒྱུད་རབ་ཏུ་གདུང་ནས་གཞན་གྱི་བདེ་བ་དང་དཔལ་འབྱོར་བདེ་སྐྱིད་ཐམས་ཅད་རང་ལ་སྤོ་བའི་བསམ་སྤྱོད་བྱས་ནས་གཞན་ལ་གནོད་ཅིང་རང་ལ་ཅུང་ཟད་ཙམ་ཡང་མི་ཕན་པ་དང་༔ སྔོན་ཆད་རང་ཉིད་འཆི་བའི་དུས་ཀྱི་ཚེ་འཆི་རྐྱེན་གང་ཡིན་པ་དེ་ཞག་བདུན་ཕྲག་རེའི་མཚམས་ནས་ཉམས་སུ་མྱོང་སྟེ་སྐྱེ་འཆིའི་སྣང་བས་ཤིན་ཏུ་སྡུག་བསྔལ་ཞིང་༔ འཆི་རྐྱེན་དེ་ཕ་རོལ་པོ་ལ་སྤོ་བའི་བསམ་སྤྱོད་བྱས་པས་གཞན་ལ་གནོད་པ་ཆེན་པོར་གྱུར་ཏེ་རང་གི་མྱོང་བ་ལ་ཅུང་ཟད་ཙམ་ཡང་མི་ཕན་པའི་ཁར་ལས་ངན་ཡང་ཆེས་ཆེར་འཕེལ་བར་འགྱུར་པ་ཡིན༔ གཞན་ཡང་བྱད་མཛེས་པ་དང་སྔོན་གྱི་ཉེ་འབྲེལ་རྩ་ལག་རྣམས་ལ་ཆགས་ཤིང་དགའ་ནས་ཚལ་དུ་ཕྱིན་ཚེ་དེ་རྣམས་ལ་ན་ཚ་དང་སྨྱོ་འབོག་ལ་སོགས་པ་གློ་བུར་དུ་འབྱུང་བ་དང་༔ ཞེ་སྡང་དྲག་པོའི་དབང་གིས་འགྲོ་བ་མི་དང་དུད་འགྲོ་དག་ལ་གནོད་པ་བྱེད་པ་དང་༔ བཟའ་བཏུང་ལ་རེ་ཞིང་ཆགས་ནས་གཞན་ལ་སྡང་ཞིང་འཚེ་བ་དང་༔ སྒྲུབ་པའི་དངོས་གྲུབ་ལ་རྐུ་བ་ལ་སོགས་ཕ་རོལ་པོ་ལ་གནོད་པའི་ལས་བྱེད་དུ་ཡོད་པ་ལ༔ སྔགས་པ་ནུས་ལྡན་འདྲེ་འདུལ་མཁན་རྣམས་ཀྱིས་ཐུན་མཚོན་དྲག་སྔགས་ཀྱིས་གཟིར་བས་མགོ་བོ་ཚལ་པར་འགེམ་པ་དང་༔ ལུས་དུམ་བུར་གཏུབ་ཅིང་མགོ་དང་ཡན་ལག་ཉིང་ལག་ཐམས་ཅད་བཅད་གཏུབ་བྱེད་པ་དང་༔ སྦྱིན་སྲེག་གི་མེ་དབལ་དྲག་པོས་བསྲེགས་ཤིང་མནན་གཏད་བྱས་པས་ས་འོག་ཏུ་ཏིང་འཛིན་འཕྲུལ་གྱིས་ལྕགས་ཁྱིམ་དུ་ལོ་བརྒྱ་སྟོང་མང་པོར་མནན་ཅིང་བཅིངས་པ་དང་༔ བསྡམས་པ་དང་༔ འཁོར་ལོ་དང་རླུང་དར་གྱིས་གཅོད་ཅིང་གཏུབ་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཁོར་མོ་ཡུག་ཏུ་སྤྱོད་པ་ཡིན༔ ཆགས་སྡང་གི་གནོད་འཚེ་དེ་དག་ལས་དང་ལས་ཀྱི་རྣམ་སྨིན་ཆུད་མི་ཟ་བར་ཆེར་འཕེལ་ནས་ད་དུང་གནས་ངན་དེ་དང་དམྱལ་ཁམས་རྣམས་སུ་ལྟུང་དགོས་པས་སྡུག་བསྔལ་མུ་མཐའ་མེད་པའོ༔ གཞན་ཡང་ཡི་དྭགས་ལ་སྡུག་བསྔལ་སྤྱི་དང་མཐུན་པ་དག་གི་སྟེང་དུ་སྒོས་སུ་སྡུག་བསྔལ་རིགས་མི་འདྲ་བ་དུ་མ་ཡོད་ཀྱང་བརྗོད་པའི་གྲངས་ལ་དོགས་ནས་འདིར་མ་སྤྲོས༔ དེ་ལྟར་ཡི་དྭགས་ཀྱི་གནས་སུ་སྐྱེ་བའི་རྒྱུ་འདོད་ཆགས་ཀྱི་བསམ་སྤྱོད་ཡིན་ཏེ་སྔོན་ཡང་རང་རང་གིས་འདི་ལྟ་བུའི་ལས་བསགས་པ་ལ་མཐའ་མེད་ཅིང་༔ ད་ལྟའི་དུས་འདིར་ཡང་ལས་འདི་ཁོ་ན་ལ་སྤྱོད་དུ་ཡོད་པས་ད་ནི་ལས་ངན་གྱི་འཕྲོ་མཚམས་བཅད་ནས་མི་ཚེ་འདི་ལ་ཐར་པའི་ལམ་སྣ་ཟིན་པ་ཞིག་མི་བྱེད་རེ་སྙམ་དུ་སྡུག་བསྔལ་བློ་ཐོག་ཏུ་བླང་ཞིང་༔ ད་ལྟའི་ཚེ་ཉིན་གཅིག་གི་བཀྲེས་སྐོམ་མི་ཐེག་ན་ལོ་གྲངས་བརྒྱ་སྟོང་མང་པོར་བཀྲེས་སྐོམ་གྱིས་གདུང་བ་འདི་ཇི་ལྟར་དུ་བཟོད་སྙམ་དུ་བློ་སྦྱོང་བ་ལ་འབད་པར་བྱའོ༔ ངན་སོང་གི་གནས་གསུམ་པ་དུད་འགྲོ་ལ་ཡང་༔ བྱིང་ན་གནས་པ་དང་༔ ཁ་འཐོར་བ་གཉིས་ཡོད་པ་ལས༔ བྱིང་ན་གནས་པ་ནི༔ མཐའི་རྒྱ་མཚོ་ཆེན་པོའི་ནང་ན༔ ཆུ་སྲིན་དང་༔ དུང་དང་༔ ཉ་བོ་ཆེ་དང་༔ སྦལ་ལྕོང་དང་༔ ཆུ་སྦྲུལ་ལ་སོགས་པ་ཆེ་བ་རི་རབ་ཙམ་ནས་ཆུང་བ་སྤུ་རྩེ་ཙམ་གྱི་བར་དུ་ཆེ་ཆུང་གི་ཚད་མ་ངེས་པར་ཆང་འགག་གི་སྦང་མ་ཙམ་ཡོད་ལ༔ དེ་དག་ཐམས་ཅད་ཀྱི་ཆེ་ཆེས་ཆུང་ཆུང་བཟའ་བ་དང་༔ ཆུང་བ་མང་པོས་ཆེན་པོ་རེ་རེ་རུབ་ནས་བཟའ་བ་དང་༔ ལྟོ་བཀྲེས་པ་དང་༔ ལུས་གྲང་བ་དང་༔ ནད་སྣ་ཚོགས་ཀྱིས་གཙེས་པ་དང་༔ གཞན་ཡང་བླུན་ཅིང་རྨོངས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ནི་དུད་འགྲོ་སྤྱི་མཐུན་གྱི་སྡུག་བསྔལ་ཡིན་ཏེ༔ གླིང་བར་མུན་པའི་ཁྲོད་ན་དུད་འགྲོ་གྲངས་མེད་པས་རང་གཞན་གྱི་གཟུགས་མི་མཐོང་ཞིང་རང་ཤ་ལ་ཟོས་པས་ན་ཚའི་ཟུག་རྔུས་གདུང་ཚེ་བྲོས་ཤིང་རྒྱུག་མཆོངས་བྱེད་ནས་གཡང་སར་ལྷུང་ཞིང་རྐང་ལག་དང་རུས་པ་ཆག་པ་སོགས་བླུན་ཅིང་རྨོངས་པའི་སྡུག་བསྔལ་གྱིས་ཉམ་ཐག་པ་ཡིན་ནོ༔ ཁ་འཐོར་བ་ནི་ལྷ་དང་མིའི་གནས་ན་གནས་པའི་དུད་འགྲོ་བླུན་ཅིང་རྨོངས་པ་དང་༔ ཁྱད་པར་དུ་མི་ལ་བརྟེན་པའི་དུད་འགྲོ་འདི་རྣམས་མཐོང་ཆོས་མངོན་སུམ་དུ་ཡོད་པ་བཞིན་དུ་ཁལ་མི་ཐེག་བཞིན་དུ་འགེལ་བ་དང་༔ སྣ་འབིག་པ་དང་༔ སྤུ་བྲེག་པ་དང་༔ ཁྲག་འབྱིན་པ་དང་༔ ཞོ་བཞོ་བ་དང་༔ རྨོས་རྨོ་བ་དང་༔ ཞོན་ནས་འགྲོ་བ་སོགས་བླུན་རྨོངས་ཀྱི་དབང་གིས་འདུལ་བ་འཛིན་པའི་སྡུག་བསྔལ་ཁུར་དུ་མི་བཟོད་པ་ཉམས་སུ་མྱོང་བས་ཤིན་ཏུ་ཉམ་ཐག་པའོ༔ གཞན་ཡང་རི་ལ་གནས་པའི་རི་དྭགས་དང་གཅན་གཟན་ལ་སོགས་པ་རྣམས་ཀྱང་རྩུབ་མོའི་མཚོན་གྱིས་གསོད་པ་དང་༔ རྒྱ་དང་འགགས་རྙི་བཙུགས་ཏེ་བཟུང་ནས་སྐྲག་སྔངས་བཟོད་དུ་མེད་པའི་དབང་གིས་ལུས་ས་ལ་བརྡབ་ནས་བརྡེག་ཅིང་རང་སྲོག་རང་གིས་གཅོད་པའི་སྡུག་བསྔལ་སོགས་མྱོང་བ་དང་༔ བྱ་རིགས་དང་ཁྱི་དང་འབུ་སྲིན་ལ་སོགས་པ་རྣམས་ཀྱིས་ཀྱང་བཟའ་བཏུང་མི་རྙེད་པར་བཀྲེས་སྐོམ་གྱིས་གདུངས་པའི་ཡི་དྭགས་དང་འགྲན་པ་ཙམ་ཡང་འབྱུང་བ་གྲངས་ཀྱིས་མི་དཔོག༔ ཆེ་བས་ཆུང་བ་མང་པོ་ཁ་ཟས་བྱེད་པ་དང་༔ ཆུང་བ་མང་པོས་ཆེན་པོ་རེ་རེ་ལ་བཟའ་བ་དང་༔ དབྱར་གྱི་དུས་སུ་ཚ་བས་གདུངས་པ་དང་༔ དགུན་གྱི་དུས་སུ་གྲང་བས་གདུངས་ཤིང་བརྒྱལ་བ་དང་༔ ཀླུ་རྣམས་ལ་ཡང་ནམ་མཁའ་ལྡིང་གི་འཇིགས་པ་དང་༔ ཉི་ཚན་དང་བྱེ་ཚན་གྱི་འཇིགས་པ་དང་༔ དུག་དང་རྫས་སྔགས་ཀྱི་འཇིགས་པ་དང༔ གཞན་ཡང་བླུན་རྨོངས་ཀྱི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པས་རྟག་ཏུ་མནར་ཞིང་ཉམ་ཐག་པའོ༔ གནས་ངན་འདི་རུ་སྐྱེ་བའི་རྒྱུ་གཏི་མུག་ཡིན་པས་རང་རང་གི་སྔོན་ཆད་ཀྱང་ལས་ངན་གྱི་བསམ་སྤྱོད་དེ་ཡང་འདི་མ་བྱས་བྱ་བ་གཅིག་ཀྱང་མེད་པའི་ཁར་ད་དུང་ཡང་དེ་ལྟར་གསོས་བྱས་ནས་སྐྱེ་གནས་ངན་པ་འདི་དག་ལ་མི་སྐྱེ་བའི་ཐབས་མེད་པས་སྐྱེས་ཕན་ཆད་ལས་ངན་གྱི་འཕེལ་ཁ་ཆེར་བསྐྱེད་ནས་འཁོར་བ་མཐའ་མེད་པའི་གནས་སུ་ཁོར་མོ་ཡུག་ཏུ་འཁྱམས་པ་ལས་འོས་མེད་པ་ལ་བསམ་ནས་ད་རེས་ཐར་པ་ཐོབ་པ་ཞིག་བྱེད་དགོས་སྙམ་དུ་བློ་སྦྱོང་བ་ལ་འབད་པར་བྱའོ༔ དེ་ལྟར་དུད་འགྲོ་རྣམས་ཀྱི་ཚེ་ཚད་ལ་ངེས་པ་མེད་དེ༔ ལ་ལ་ནི་སྐྱེས་ཙམ་ནས་འཆི་བ་དང་༔ ལ་ལ་ནི་དབྱར་དགུན་རེ་ཙམ་ཐུབ་པ་དང་༔ ལ་ལ་ནི་ལོ་གྲངས་མང་པོར་གནས་པ་དང་༔ འགའ་རེ་ནི་ལོ་གྲངས་མེད་དུ་ཐུབ་པའང་ཡོད་པས་ན་མཐའ་གཅིག་ཏུ་མ་ངེས་པའོ༔ དེ་ལྟར་ངན་སོང་གི་གནས་དེ་དག་ལས་དབེན་པ་མཐོ་རིས་ལྷ་མིའི་གོ་འཕང་ཙམ་ཐོབ་ན་དེས་ཆོག་གོ་སྙམ་ན་དེ་ལྟར་མ་ཡིན་ཏེ༔ མཐོ་རིས་གསུམ་ནའང་གནས་སྐབས་ཀྱི་བདེ་བ་ཅུང་ཟད་ཡོད་ཀྱང་འདོད་རྒྱུ་བདེ་བ་ནས་སྤྱོད་རྒྱུ་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་དུ་ཡོད་པའི་མཐར་ངན་སོང་ལས་འགྲོ་ས་མེད་པ་ལ་བསམ་མནོ་ཞིབ་ཏུ་བཏང་ཞིང་དཔྱད་ནས་སྲིད་པ་ལས་གཏན་དུ་ཐར་པའི་ཐབས་ཞིག་ལ་འབད་པར་བྱའོ༔ མཐོ་རིས་ཀྱི་གནས་དང་པོ་མིའི་གནས་ནི༔ ལུས་རྟེན་ཁྱད་འཕགས་སུ་གྲགས་ཀྱང་དེ་ལའང་སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞིའི་སྡུག་བསྔལ་སྤྱི་མཐུན་དུ་ཡོད་པ་གཞིར་བཞག་ནས་དེའི་སྟེང་དུ་སྡུག་བསྔལ་སྒོས་བབས་སུ་ཡོད་པ་མཐོང་ཆོས་མངོན་སུམ་པར་ཡོད་བཞིན་པ་ལས༔ དང་པོ་སྐྱེ་བའི་སྡུག་བསྔལ་ནི་སྐྱེས་པ་ཕོ་མོས་འཁྲིག་པ་སྤྱོད་པའི་སྐབས་སུ་བར་སྲིད་ཀྱི་སེམས་ཅན་དབྱར་གྱི་དུས་སུ་ཤ་རུལ་ལ་སྦྲང་མ་འདུས་པ་བཞིན་དུ་འཚུབ་པའི་ཚེ༔ མི་ལུས་ཀྱི་སྐལ་པ་ཡོད་པའི་སེམས་ཅན་ཞིག་མངལ་དུ་ཞུགས་ཏེ་ཁུ་ཁྲག་གཉིས་ཀ་བཟུང་ནས་བསྡུས་པས་དང་པོ་ནུར་ནུར་དུ་སོང་༔ བར་དུ་མེར་མེར་པོར་སོང་༔ དེ་ནས་ལྟར་ལྟར་དུ་གྱུར་ཏེ་མཐར་ཅུང་ཟད་མཁྲང་བར་གྱུར་བ་དང་༔ སྦལ་པའི་ཤ་མ་ལྟ་བུར་གོར་གོར་དུ་ཡོད་པའི་དུས་སུ་འཐིབ་ཅིང་འཚུབ་པའི་སྡུག་བསྔལ་དྲག་པོ་ཉམས་སུ་མྱོང་བ་དང་༔ ལུས་ཀྱི་ལྷུ་ཚིགས་དང་པོ་ནས་སོར་མོ་རིམ་པ་བཞིན་དུ་ཆགས་ཤིང་དེ་ལྟར་རིམ་གྱིས་དབང་པོ་ཐམས་ཅད་རྫོགས་པའི་མཐར་མའི་མངལ་གནས་དྲི་མི་ཞིམ་པར་མནམ་པ་དང་༔ དཀར་ཁུང་མི་མཐོང་པའི་མུན་ཁང་ལྟ་བུར་བཅིང་ཞིང་གཙུད་པའི་བཙོན་པ་ལྟ་བུ་དང་༔ མ་ཉིད་ཀྱིས་ལྟོ་འགྲངས་པའི་དུས་སུ་བྲག་གི་བར་དུ་བཅར་བ་ལྟ་བུའི་སྡུག་བསྔལ་དང་༔ ཁ་ཟས་ཚ་བ་ཟོས་ཚེ་ཆུ་ཚན་དུ་འཚོད་པ་ལྟ་བུའི་སྡུག་བསྔལ་དང་༔ གྲང་བ་ཟོས་ཚེ་ཆུ་འཁྱགས་ཀྱི་ནང་དུ་བསྐྱིལ་བ་ལྟ་བུའི་སྡུག་བསྔལ་དང་༔ བཀྲེས་པའི་ཚེ་ན་གཡང་སར་ལྷུང་བ་ལྟ་བུའི་སྡུག་བསྔལ་དང་༔ འགུལ་བསྐྱོད་འགྲོ་ལྡང་གི་དུས་སུ་རླུང་གིས་ཁྱེར་བ་ལྟ་བུའི་སྡུག་བསྔལ་དང་༔ ཕོ་མོ་འཁྲིག་པ་སྤྱོད་ཚེ་རི་གཉིས་ཀྱི་བར་དུ་བཅར་བ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བ་ཡིན༔ ཟླ་བའི་གྲངས་ཚད་རྫོགས་ནས་བཙས་པའི་དུས་སུ་སྲིད་པ་ལས་རླུང་གིས་མགོ་མཇུག་ལོག་ནས་གློ་སྙིང་ཁ་རུ་ཐོན་པ་ལྟ་བུའི་སྡུག་བསྔལ་དང་༔ བཙས་སྒོར་འགྲིམ་ཚེ་ལྕགས་ཀྱི་འདྲེན་ཁུང་དུ་དྲངས་པ་ལྟ་བུའི་སྡུག་བསྔལ་དང་༔ ཐང་ལ་ལྷུང་ཚེ་ཚེར་དོང་དུ་འཕང་པ་ལྟ་བུའི་སྡུག་བསྔལ་དང་༔ ཕྲུ་མ་བཤུས་ཚེ་ལྤགས་པ་བཤུས་པ་ལྟ་བུའམ་རྨ་རྨེན་བྲད་པ་ལྟ་བུའི་སྡུག་བསྔལ་དང་༔ མ་ཡིས་པང་དུ་བླངས་ཚེ་བྱིའུ་ཕྲུག་ཁྲས་ཁྱེར་བ་ལྟ་བུའི་འཇིགས་སྐྲག་དྲག་པོས་གདུངས་པའོ༔ ལྟོག་སྐོམ་ཚ་གྲང་དང་ན་ཚ་ལ་སོགས་པས་གདུངས་ཚེ་ངུ་བ་ལས་ནུས་པ་མེད་པའོ༔ གཉིས་པ་རྒས་པའི་སྡུག་བསྔལ་ནི༔ མི་ཚེ་ཟད་མི་ཤེས་པས་འཇིག་རྟེན་འཁོར་བའི་བྱ་བཞག་ལ་གཡེང་ནས་ལུས་ཀྱི་སྟོབས་རྩལ་ཐམས་ཅད་རིམ་པ་བཞིན་དུ་ཟད་ནས་ཁའི་སོ་འཐོར༔ མགོ་སྐྲ་དཀར་པོར་སོང་༔ ལུས་ཀྱི་ཤ་ཉམས་པས་ལུས་པོ་ཐམས་ཅད་གཉེར་མས་གང་༔ རྐང་ལག་ཐམས་ཅད་ལ་ཕྲ་སྦོམ་ཞན་ནས་སྒྱིད་པ་འདར༔ སྐེད་པ་སྒུར་ཞིང་སོར་ཚིགས་རྣམས་འཁྱོག་ནས་ལྦ་བ་རྡོལ་ལྕེ་རིང་ཞིང་མིག་འགྲིབ་པ་རྣ་བ་འོན་པ་སེམས་ཐིབས་ཤིང་བློ་རྨོངས་པ་དང་༔ ལངས་མི་ཐུབ་ཅིང་འགྲོ་སྟོབས་ཉམས་ནས་ལྷུ་ཚིགས་ན་བ་དང་༔ སྡོད་པའི་སར་མི་ཚུགས་པར་ན་ཚ་མང་བ་དང་༔ ཕ་རོལ་པས་བརྙས་བཅོས་བྱེད་ཅིང་སྡང་བ་དང་༔ དབང་ཆུང་ཞིང་ཟས་གོས་མི་འབྱུང་བས་བཀྲེས་ཤིང་གྲང་ལྷག་གིས་གདུང་བ༔ གཞན་གྱིས་ཤི་སྨོན་བྱེད་པ་ལ་ཡི་ཆད་ནས་སེམས་ལ་སྡུག་བསྔལ་ཆེན་པོ་བཟོད་དུ་མེད་པ་འབྱུང་བའི་སྟེང་དུ་ཅི་སྨྲས་ཅི་བྱས་ཐམས་ཅད་གཞན་གྱིས་ལོག་པར་བལྟས་ནས་ཚིག་རྩུབ་དྲག་པོ་མི་བཟོད་པ་དང་༔ ཉིན་མོ་ཉིན་མི་ཆོད་པ་དང་༔ མཚན་མོ་གཉིད་མི་འབྱུང་ཞིང་ནམ་རིང་བ་དང་༔ ལྕེའི་དབང་པོ་ཉམས་པས་བཟའ་བཏུང་གི་རོ་མི་མྱོང་ཞིང་བཟའ་བའི་ཟས་མི་འཇུ་བར་རྟག་ཏུ་ན་ཚ་ཟུག་རྔུའི་སྡུག་བསྔལ་གྱི་ཚོར་བ་རྒྱུད་ཆད་མེད་པར་ཉམས་སུ་མྱོང་བའོ༔ གསུམ་པ་ན་བའི་སྡུག་བསྔལ་ནི༔ དབང་པོ་བཀྲ་ཞིང་ལང་ཚོ་དར་ལ་བབ་པའི་མི་ཞིག་ཡིན་ཡང་ནད་དྲག་པོ་ཞིག་གིས་ཐེབས་པའི་ཚེ་ན་སྟོབས་དང་རྩལ་ཐམས་ཅད་ཉམས་ནས་རྡོ་ཐང་ལ་ལྷུང་བ་ལྟ་བུར་འགྱུར་ཏེ༔ ལུས་ཀྱི་སྟོབས་ཉམས་ནས་སྡོད་སར་མི་ཚུགས༔ རྩལ་ཉམས་ནས་མལ་ས་རུ་ལྷུང་༔ མིག་གིས་མཐོང་ཚད་ཐམས་ཅད་གནོད་བྱེད་དུ་མངོན་ཞིང་༔ རྣ་བས་སྒྲ་ཐོས་པ་ཐམས་ཅད་མི་སྙན་པར་གོ་བ་དང་༔ སྣས་དྲི་དང་ལྕེས་རོ་མྱོང་བ་ཐམས་ཅད་ཡིད་དུ་མི་འོང་བར་འགྱུར་བ་དང་༔ ལུས་ཀྱི་གོས་དང་རེག་བྱའི་རིགས་རྣམས་ཀྱང་ལྕི་ཞིང་རྩུབ་པར་སོང་༔ ཁྱོད་ཅི་ན་དྲིས་ཀྱང་ལན་འདེབས་མི་ནུས་ཤིང་ཤུགས་རིང་ཐུང་འདོན་པ་དང་མཉམ་དུ་སྐད་དཔང་དམན་པོའི་ཚིག་གི་སྒྲ་མི་གོ་བ་ཙམ་ལས་སྨྲ་མི་ནུས༔ སྨན་དཔྱད་དང་རིམ་གྲོ་ཅི་བྱས་ཀྱང་ཕན་པ་མི་འབྱུང་༔ ཉིན་མོ་ཉིན་རིང་མཚན་མོ་ནམ་མི་ཆོད་པའི་སྡུག་བསྔལ་དང་༔ ཡི་ག་ཆད་ནས་ཟས་སྐོམ་དུག་ལྟ་བུར་འགྱུར་བ་དང་༔ འགུལ་བསྐྱོད་བྱེད་ཚེ་ཟུག་ཟེར་བསླང་ནས་བཟོད་དུ་མེད་པའི་ཚོར་བ་མྱོང་བ་དང་༔ འཆི་སོས་ཀྱི་ཐག་མི་ཆོད་པར་ནད་ལས་གྲོལ་བ་ལ་རེ་ཞིང་གདུང་བ་དང་༔ འཆི་བ་ལ་དོགས་ཤིང་སྐྲག་ནས་སེམས་སྡུག་གིས་རྒྱུད་གང་བ་དང༔ གཞོགས་གཡས་གཡོན་རྒལ་པ་གང་ལྟར་ཉལ་ཡང་མི་བདེ་བ་ཁོ་ན་ལས་བདེ་པའི་གོ་སྐབས་མེད༔ ལ་ལས་འཁྲུལ་སྣང་གི་དབང་གིས་རང་སྲོག་གཅོད་ཅིང་༔ ལ་ལ་ནད་ཡུན་རིང་ཞིང་གཞན་དག་སུན་ནས་ནད་གཡོག་བྱེད་མི་མེད་པ་དང་༔ ནད་ཀྱིས་མནར་བའི་སྟོབས་ཀྱིས་གཞན་ལ་ཚིག་རྩུབ་སྨྲ་ཞིང་ཕན་པ་བྱས་ཚད་གནོད་པ་རུ་ཁྱེར་བ་ལྟ་བུར་གྱུར་ནས་ཀུན་གྱི་བློ་སུན་པ་དང་༔ ལ་ལ་ནི་མཛའ་བཤེས་དང་ཉེ་འབྲེལ་རྩ་ལག་མེད་པའི་ནད་གཡོག་བྱེད་མི་མི་འབྱོར་ཞིང་གྲང་ལྷག་གི་ཚོར་བས་གདུང་སྟེ་མི་གཙང་བའི་འདམ་དུ་ཚུད་པ་ལ་སོགས་པས་ཤིན་ཏུ་ཉམ་ཐག་པར་འགྱུར་བ་དང་༔ སྨན་གྱི་རོ་ནུས་ཡིད་དུ་མི་འོང་བ་དང་༔ མི་འདོད་བཞིན་དུ་གཏར་བསྲེགས་སྣ་ཚོགས་བྱེད་དུ་བཅུག་པ་ལ་སོགས་པ་ན་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པའོ༔ བཞི་པ་འཆི་བའི་སྡུག་བསྔལ་ནི༔ ལུས་མལ་དུ་ལྷུང་ནས་འགུལ་མི་ནུས༔ ཟས་སྐོམ་རི་རབ་ཙམ་ཡོད་ཀྱང་ཡི་ཁར་མི་འོང་༔ གཉེན་བཤེས་རྩ་ལག་གིས་མཐའ་ནས་བསྐོར་ཡང་བལྟ་བ་དང་ཉན་པའི་དབང་ནི་མེད༔ འཁྲུལ་པ་རྣམ་པ་སྣ་ཚོགས་པས་གདུང་ཞིང་བུ་ནོར་ཆུང་མ་ཐམས་ཅད་ལ་ཞེ་ཆགས་པས་ཡི་མུག༔ འཆི་བ་ཐོག་ཏུ་བབས་པ་ལ་སེམས་སྡུག་བསྔལ་བཟོད་མེད་དུ་སྐྱེ༔ སྔར་བྱས་ཀྱི་སྡིག་པ་དྲན་ནས་འགྱོད་ཅིང་སྔངས་སྐྲག་སྐྱེ་ཞིང་ད་རེས་འཆི་ཆོས་ཞིག་མ་འགྲུབ་པར་ང་རང་གཅིག་པུ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ལ་ཐུག་པ་འདི་ང་རེ་ཕུང་སྙམ་དུ་བྲང་ལ་སྤར་ཤད་བྱེད་པ་དང་༔ གཤིན་རྗེའི་ཕོ་ཉ་སླེབས་པ་ལ་འཇིགས་སྐྲག་དྲག་པོ་སྐྱེ་བ་དང་༔ མིག་གིས་མཐོང་དཀར་བྱེད་ཅིང་སྣ་ཞོམ་ཟས་སྐོམ་ཁ་རུ་བཏུང་བ་སྣ་རུ་ལྡོག་པ་ལུས་ཀྱི་དྲོད་སྡུད་ཅིང་འཁྱག་སྣང་སྐྱེ་བ་ཁ་ལྕེ་སྐམ་ནས་ཡོད་པའི་དུས་སུ་འཆི་ངེས་པའི་ཁོ་ཐག་ཆོད་ཅིང་༔ རྩ་ཆད་དེ་རླུང་གི་གཡོ་འཁྲུགས་ཀྱིས་འཁྲུལ་སྣང་ལ་ཉིང་འཁྲུལ་ཆེན་པོའི་ཚོར་བ་མྱོང་བ་ནི་རྩ་ཆེན་ཆད་ཚེ་ཁང་པ་རྡིབ་པ་ལྟ་བུ་དང་༔ རྩ་ཕྲན་ཆད་ཚེ་ཀྭ་བ་འགྱེལ་བ་ལྟ་བུའི་སྣང་བ་འཆར་ཏེ༔ ཤི་བའི་ཚེ་ན་རི་རབ་སྟེང་དུ་རྙིལ་བ་ལྟ་བུར་བརྒྱལ་ནས་མཐར་བར་དོའི་ཡིད་ལུས་བཟུང་ནས་འཇིགས་སྐྲག་གི་སྣང་བ་བཟོད་བླག་མེད་པར་ཤར་ནས་ལས་ཕྱི་མའི་རྣམ་སྨིན་ལ་གཏུགས་པ་ཡིན་པས་ཤིན་ཏུ་སྡུག་བསྔལ་བའོ༔ གཞན་ཡང་མི་རྣམས་སྤྱི་ལ་ཁྱབ་པའི་སྡུག་བསྔལ་གྱི་ཆུ་བོ་བཞི་དང་༔ དེའི་སྟེང་དུ་མི་རྗེ་རྣམས་ཀྱིས་འབངས་བཀའ་འོག་ཏུ་མི་འདུ་བ་དང་༔ དགྲ་མི་འདུལ་བའི་སྡུག་བསྔལ༔ འབངས་སྡེ་ཐམས་ཅད་རྗེ་དཔོན་གྱིས་ཁྲིམས་རར་ཚུད་པའི་སྡུག་བསྔལ་དང་༔ མི་ཁེ་དྲག་དང་ལྡན་པ་རྣམས་ནི་ཁས་ཞན་དུ་འགྱུར་གྱི་དོགས་པའི་སྡུག་བསྔལ༔ ཁས་ཞན་པ་རྣམས་ཁས་དྲག་ཏུ་རེ་བའི་སྡུག་བསྔལ༔ ཕྱུག་པོ་རྣམས་ནོར་ཕྱུགས་ཀྱི་ཆེད་དུ་དཀའ་སྤྱད་མི་ནུས་པའི་སྡུག་བསྔལ༔ དབུལ་པོ་རྣམས་ལྟོ་རྒྱབ་མི་འབྱུང་བའི་སྡུག་བསྔལ༔ བུ་འདོད་པ་དག་ཀྱང་བུ་འབྱུང་དུ་རེ་བ་དང་༔ བུ་ཡོད་པ་དག་ཀྱང་ཁ་མི་མཐུན་པའི་སྡུག་བསྔལ༔ དགྲ་སྡང་བ་དང་འཕྲད་ཀྱིས་དོགས་པ་དང་༔ གཉེན་བྱམས་པ་དང་བྲལ་གྱིས་དོགས་པའི་སྡུག་བསྔལ༔ འཇིགས་པ་དང་གནོད་འཚེ་ལ་སོགས་པའི་མི་འདོད་པ་ཐོག་ཏུ་འབབ་པ་དང་༔ འདོད་པ་ཐོག་ཏུ་མི་ཁེལ་བའི་སྡུག་བསྔལ་ལ་སོགས་མི་ཆེ་ཆུང་སོ་སོའི་ཐད་དུ་རང་རང་གི་ངོ་སྐལ་གྱི་སྡུག་བསྔལ་རེ་མེད་མི་སྲིད་པ་ཡིན་ཏེ་བློས་ནན་དུ་གཞིག་དང་མི་རྣམས་ཀྱི་རྒྱུ་མཚན་རང་གིས་ཤེས་པར་འགྱུར་རོ༔ མཐོ་རིས་ཀྱི་གནས་གཉིས་པ་ལྷ་མ་ཡིན་ནི་ཕྲག་དོག་གི་དབང་གིས་གནས་དེར་འཕེན་པ་ཡིན་ཏེ་རྒྱུད་ཕྲག་དོག་གིས་གང་ནས་འཐབ་རྩོད་ལ་འབད་པ་ཤ་སྟག་གོ༔ སྤྱིར་ལོངས་སྤྱོད་ལྷ་འགའ་ཞིག་ལ་འགྲན་པ་ཙམ་ཡོད་ཀྱང་གཞན་གྱི་ལོངས་སྤྱོད་མཐོང་བ་ཙམ་གྱིས་ཕྲག་དོག་བཟོད་བླག་མེད་པ་སྐྱེས་ཏེ་རྩོད་པ་ལ་ཞུགས་ཤིང་ཆས་པ་ཡིན༔ སྟེང་གི་ལྷ་རྣམས་ཀྱི་དཔལ་འབྱོར་ལོངས་སྤྱོད་དང་དཔག་བསམ་གྱི་ཤིང་ལས་དགོས་འདོད་སྣ་ཚོགས་འབྱུང་བ་མཐོང་ནས་ཤིང་དེའི་རྩ་བ་ལྷ་མ་ཡིན་གྱི་ཡུལ་དུ་གནས་པ་ལ༔ རྩེ་མོ་ལྷའི་ཡུལ་དུ་འཁྲུངས་པ་མཐོང་ནས་གཅོད་པ་ལ་ཆས་པ་ན༔ ལྷའི་བདུད་རྩི་བཏབ་པས་ཅི་ཙམ་བཅད་པ་དེ་ཙམ་གྱིས་ཆེར་འཕེལ་ནས་གཅོད་མ་ཐུབ་པས་མཐར་ལྷ་རྣམས་བརླག་པར་བྱ་དགོས་ཞེས་གྲོས་བཏབ་ནས་དམག་དཔུང་ཆེན་པོ་བསྡུས་ཏེ་ཕྱིན་པའི་ཚེ༔ ལྷ་རྣམས་ཀྱིས་ཀྱང་རྩུབ་འགྱུར་གྱི་ཚལ་དུ་ཕྱིན་ནས་མཚོན་ཆ་སྣ་ཚོགས་བླངས་ཏེ་གླང་པོ་ཆེ་ས་ལ་རབ་བརྟན་ཞེས་བྱ་བ་མགོ་བོ་སུམ་ཅུ་རྩ་གསུམ་པ་ཅན་ཞིག་གི་མགོ་བོ་སུམ་ཅུ་རྩ་གཉིས་ལ་ཉེ་དབང་སུམ་ཅུ་རྩ་གཉིས་དབུས་ཀྱི་མགོ་བོར་དབང་པོ་བརྒྱ་བྱིན་བཞུགས་ཤིང་དེ་འཁོར་ལྷ་དམག་བསམ་གྱིས་མི་ཁྱབ་པས་བསྐོར་ནས་གཟི་བརྗིད་དང་དཔའ་ཟིལ་འབར་བཞིན་དུ་བྱུང་སྟེ་འཐབ་པས༔ ལྷ་རྣམས་ནི་རྫུ་འཕྲུལ་དང་ལྡན་པས་རི་བོ་རྣམས་འཕེན་པ་དང་མཚོན་ཆའི་ཆར་ཕབ་པས༔ ལྷ་མ་ཡིན་རྣམས་ཀྱི་མགོ་དང་ཡན་ལག་དོན་སྙིང་གང་ལ་ཕོག་ཀྱང་ཐལ་རྡུལ་བཞིན་དུ་བརླག་པ་དང་༔ གསོད་པ་དང་ནང་རོལ་ཕྱིར་འདོན་བཞིན་དུ་ད་དུང་ཡང་འགྲོ་ཞིང་ཉམ་ཐག་པ་དང་༔ ལྷ་རྣམས་ནི་བསོད་ནམས་དང་དཔལ་དང་ལོངས་སྤྱོད་ཀྱིས་ཕྱུག་པའི་སྟོབས་ཀྱིས་སྔོན་གྱི་ལས་དབང་གིས་འགྲོ་བ་རེ་རེ་ཙམ་གྱི་མགོ་བོ་བཅད་ན་ཤི་བ་མ་གཏོགས་ལུས་ལ་རྨ་ཅི་ཙམ་ཡོད་ཀྱང་ལྷའི་འཆི་སོས་ཀྱི་བདུད་རྩི་བླུགས་པས་འཚོ་བར་འགྱུར་ལ༔ ལྷ་མ་ཡིན་རྣམས་ནི་གནད་གང་ལ་ཕོག་ཀྱང་འཆི་བ་དང་བརྒྱལ་བ་དང་རྦབ་གྲིར་འཆི་བ་དང་༔ ལྷའི་གླང་པོ་ཆེའི་སྣ་ལ་མཚོན་ཆའི་འཁོར་ལོ་བཏགས་ཏེ་སྨྱོ་ཆང་བླུད་པས་མྱོས་ཤིང་ཕྱོགས་ཐམས་ཅད་དུ་བསྐོར་བས་ལྷ་མ་ཡིན་གྲངས་མེད་པ་བསད་ཅིང་གཏུབ་ནས་རོ་རྣམས་རི་རབ་ཀྱི་ངོས་ནས་འདྲིལ་ཏེ་བར་མཚམས་སུ་མཚོ་ཡོད་པ་རྣམས་ཀྱི་ནང་དུ་ལྷུང་སྟེ་ཐམས་ཅད་ཁྲག་གི་ཁ་དོག་ཏུ་འགྱུར་བ་དང་༔ ནང་རང་ཡུལ་གྱི་བསོད་ནམས་ལའང་ཕྲག་དོག་སྐྱེས་ནས་གཡུལ་འཁྲུགས་དང་འཐབ་རྩོད་དྲག་པོ་རྒྱུན་མི་ཆད་པར་བྱེད་ཅིང་༔ ལུས་རྨས་པ་དང་རུས་པ་ཆག་པ་སྐྲང་པ་ལ་སོགས་པའི་སྡུག་བསྔལ་གྱི་ཚོར་བ་རྒྱུན་ཆད་མེད་པར་མྱོང་བ་དང་༔ བཟའ་མི་ཐམས་ཅད་ཀྱང་ཕན་ཚུན་མཚོན་དང་དབྱུག་པས་བརྡེག་པ་ལ་སོགས་བདེ་བར་གནས་པའི་དུས་ནི་ཟླ་གཅིག་ཙམ་ཡང་མེད་པས་ཤིན་ཏུ་སྡུག་བསྔལ་བའོ༔ དེ་ལྟ་བུ་ལ་བསམ་ནས་འཁོར་བ་ལ་ངེས་འབྱུང་དང་སྐྱོ་ཤས་བསྐྱེད་པ་གནད་དོ༔ མཐོ་རིས་ཀྱི་གནས་གསུམ་པ་ལྷ་ལ་ཡང་༔ སྟེང་ཕྱོགས་ལྷའི་འཇིག་རྟེན་ཞེས་བྱ་བ་ཡོད་པས་དེ་ལའང་དང་པོ་བདེ་སྐྱིད་དང་ལོངས་སྤྱོད་ཀྱི་དཔལ་ཡོན་བསམ་གྱིས་ཁྱབ་པ་ཡོད་ཀྱང་༔ གཞན་འཕྲུལ་དབང་བྱེད་ཀྱི་གནས་མན་ཆད་ཀྱི་འདོད་ལྷ་རིགས་དྲུག་པོ་ལ་ཐ་མ་རྒུད་ཅིང་ཉམས་ཏེ་སྡུག་བསྔལ་ཐོག་ཏུ་བབ་ནས་ཉ་བྱེ་ཚན་དུ་བསྒྲིལ་བ་ལྟ་བུའི་སྡུག་བསྔལ་ལ་ཡུན་རིང་པོར་སྤྱོད་དགོས་པ་དང་༔ ཚེ་ནི་བསྐལ་པར་ཐུབ་ཀྱང་དགའ་བདེ་ལོངས་སྤྱོད་ཀྱི་རོས་མྱོས་ཤིང་རྣམ་གཡེང་དང་ལེ་ལོར་འབྱམས་ནས་སྐད་ཅིག་ཙམ་གྱི་སྣང་བ་ལས་ཡུན་མི་རིང་བར་རྒུད་པ་ལ་ཐུག་པར་འགྱུར་ཏེ༔ དཔག་ཚད་ཚུན་ཆད་གསལ་བའི་རང་འོད་དང་བཀྲག་མདངས་ཀྱང་ཉམས༔ ལྷའི་མལ་གདན་ལ་ཅི་ཙམ་སྡོད་ཀྱང་མི་བདེ་བ་ཅུང་ཟད་ཙམ་ཡང་མེད་པ་ལ་འདིའི་དུས་སུ་སྡོད་སྙིང་མི་འདོད་པ་དང་སྡོད་སར་མི་ཚུགས༔ ལྷའི་གོས་ཅི་ཙམ་གོན་ཡང་དྲི་མ་དང་རྡུལ་མི་ཆགས་པ་ལ་རྡུལ་དང་དྲི་མ་ཆགས༔ ལྷའི་མེ་ཏོག་གི་ཕྲེང་བ་རྙིང་མི་སྲིད་པ་ལ་དུས་དེར་རྙིང་པ་དང་༔ ལྷའི་ལུས་ལ་རྔུལ་ཆུ་མི་འབྱུང་བ་ལ་རྔུལ་ཆུ་འབྱུང་༔ མཆན་ཁུང་དང་སྒྱིད་ཁུང་རྡུལ་ཞིང་དྲི་ངན་མནམ་པ་ལ༔ ལྷ་གྲོགས་དང་ཆུང་མ་བུ་མོ་རྣམས་ཀྱིས་འཆི་བར་ཤེས་ནས་དཔག་ཚད་ལས་རིང་བར་བསྐྱལ་ཏེ་མེ་ཏོག་འཐོར་ནས་ཁྱོད་འདིི་ནས་འཕོས་མ་ཐག་ཏུ་མིའི་ལུས་རྟེན་ཐོབ་ནས་ཆོས་ལ་སྤྱོད་ཅིང་སླར་ཡང་གནས་འདི་རུ་སྐྱེ་བར་ཤོག་ཅིག་ཟེར་ཞིང་ཕྱོགས་སུ་གྱེས་པ་ལས༔ རང་ཤི་བར་ཤེས་ནས་ཤིན་ཏུ་སྡུག་བསྔལ་དྲག་པོས་གདུང་ཞིང་དེའི་ཁར་འཕོས་པའི་དུས་ཀྱི་ཚེ་གནས་ངན་དུ་ལྟུང་བའི་ཡུལ་གང་དང་གང་ཡིན་པ་དེ་ལྷའི་མིག་གིས་མཐོང་ནས་སྡུག་བསྔལ་སྔ་མའི་ཐོག་ཏུ་ཕྱི་མས་ནོན་ལ་ཁད་པའི་སྡུག་བསྔལ་ལྷའི་ཞག་བདུན་ལ་མྱོང་དགོས་པའི་སྡུག་བསྔལ་དམྱལ་བ་ལ་འགྲན་པ་ཙམ་འབྱུང་བ་དང་༔ ཁམས་གོང་མ་གཉིས་ལ་དེ་ལྟ་བུའི་སྡུག་བསྔལ་མེད་ཀྱང་སྔོན་བསགས་བསོད་ནམས་ཀྱི་འཕྲོ་ཟད་ཙམ་ཉིད་ནས་གནས་རིགས་གཞན་དུ་ལྟུང་བའི་སྡུག་བསྔལ་གྱི་ཐོག་ཏུ་མི་ཕེབས་པ་མེད་མི་སྲིད་དོ༔ དེ་ལྟ་བུའི་སྡུག་བསྔལ་ཡིད་ལ་དྲན་ཞིང་བསམ་མནོ་ཞིབ་ཏུ་བཏང་སྟེ་འཁོར་བ་ལས་ཐར་པའི་ཐབས་ཟབ་མོ་ཉམས་སུ་ལེན་པ་ལ་འབད་པ་ནི་གནད་ཀྱི་དམ་པ་ཡིན་ནོ༔ ལར་དེང་སང་གི་དུས་སུ་ཁ་ཟས་དང་ནོར་ཕྱུག་གོས་རྒྱན་ཐམས་ཅད་འཁོར་བ་དང་ངན་སོང་གི་རྒྱུ་ལས་མེད་པ་དང་༔ ལུས་ཀྱི་བྱ་བྱེད་འགྲོ་འདུག་གི་སྐབས་སུ་སྲོག་ཆགས་ཕྲ་མོ་དབང་མེད་དུ་བསད་པ་དང་༔ ཁལ་རྟ་ཞོན་པ་ལ་ལོངས་སྤྱོད་པ་དང་༔ སེམས་ཀྱི་ཆགས་སྡང་རྨོངས་གསུམ༔ ངག་གིས་མནའ་ཟོས་པ་བདག་བསྟོད་ཅིང་གཞན་སྨད་པ་ལ་སོགས་པ་ལ་བསམ་ན་ངན་སོང་དུ་སྐྱེ་བའི་རྒྱུ་བསགས་པ་ཁོ་ན་ལས་མེད་ངེས་པའི་ཕྱིར༔ འགྲོ་ས་ངན་སོང་དང་མྱོང་རྒྱུ་སྡུག་བསྔལ་ལས་མེད་པའི་ཚུལ་ངེས་པར་ཤེས་ནས་བློས་དོར་ཏེ་སྐྱོ་བ་གཏིང་ནས་སྐྱེ་བ་ཞིག་དགོས༔ དེང་སང་གི་དུས་སུ་ཟས་ནོར་ཅི་ཙམ་ཡོད་ཀྱང་ད་དུང་དེ་ལས་མང་ཞིང་རྒྱ་ཆེ་བ་ཞིག་ལ་རེ་འདོད་ཇེ་ཆེ་རུ་འཕེལ་ཞིང་ཆོག་མི་ཤེས་པ་བྱུང་ནས་དེའི་ཆེད་དུ་དཀའ་ཚེགས་བཟོད་ཅིང་ཚེ་དང་སྲོག་ལའང་མི་ཕངས་པར་ཁོར་མོ་ཡུག་ཏུ་འབད་པ་དང་༔ ལ་ལས་གོ་ས་མཐོན་པོར་རློམ་ནས་རྫུན་དང་གཡོ་སྒྱུའི་དབང་གིས་མི་རྗེ་བླ་ཆེན་དུ་སོང་བའི་དུས་ཞིག་ན་ཟས་ནོར་གྱི་གཏོང་སྒོ་ཆེན་པོར་གྱུར་ནས་མཐོན་པོའི་ཞབས་མི་ཁྱོག༔ གཉེན་བཤེས་རྩ་ལག་གི་ངོ་མི་ལོན༔ དམན་པ་རྣམས་ཀྱི་ཡིད་མི་ཚིམས༔ རང་ཞེ་ལ་ཕན་ཆེན་པོ་བཏགས་པ་ཡོད་ཀྱང་གཞན་ཕལ་པ་དག་ལ་ངོ་ཡོད་པར་མ་ཟད་བླ་བཙག་རྐང་འདྲེན་བྱེད་པའི་མཐའ་ལ་ཆོད་དུས་ནི་མི་འོང་༔ ཚིག་ངན་གྱི་དབལ་བབས་ཚེ་བཟོད་བླག་མེད་བཞིན་དུ་ཚོར་བ་བཟོད་དུ་ཁུར་ནས་མི་སྡོད་པའི་ཐབས་ནི་མེད་ལ༔ མི་ཆེན་གྱི་གོ་སར་སླེབ་པ་དག་ཀྱང་ཧ་ཅང་བཙན་དྲག་ན་ཡང་འབངས་འཁོར་ཐམས་ཅད་ཀྱིས་བསམ་སྦྱོར་གནག་ནས་སྲོག་གཅོད་ཀྱི་གཤེད་མ་ལྟར་འཛིན་པ་དང་༔ ཧ་ཅང་འཇམ་ཆེས་ནའང་འབངས་དང་འཁོར་རྣམས་ཀྱིས་བརྙས་བཅོས་བྱེད་ཅིང་དབང་དུ་མི་འདུ་བ་དང་༔ འཁོར་འདབས་མང་ན་དགྲ་གྱོད་ཀྱང་དེ་བཞིན་དུ་མང་བས་ཁེ་ལམ་རེ་མོས་སུ་འགྱུར་བ་དང་༔ མི་ཆེན་ཐོབ་ཐང་ཇི་ལྟར་ཆེ་ཡང་ཚིག་ངན་སྡུག་བསྔལ་གྱི་ཁུར་བུ་ཡང་དེ་ལྟར་ལྕི་བས་བདེ་སྐྱིད་སྤུ་རྩེ་ཙམ་ཡང་མི་མྱོང་བ་དང་༔ བླ་ཆེན་རྣམས་ཀྱང་གཏོང་ཕོད་ཤིན་ཏུ་རྒྱ་ཆེ་དྲགས་ན་རང་གི་ལྟོ་རྒྱབ་མི་འབྱུང་ཞིང་དཀོར་ལ་སྤྱོད་པའི་རྣམ་སྨིན་ཆེས་ཆེར་འཕེལ་ནས་འཁོར་བ་མཐའ་མེད་པའི་གཏིང་རྡོ་ཆེན་པོ་རུ་འགྱུར་ཞིང་༔ ཚེ་འདི་ཡང་ཟས་ནོར་ཆུ་ཀླུང་ལྟ་བུ་རྒྱུན་ཆད་མེད་པར་འབྱུང་ཡང་བསགས་པ་བསོགས་དུས་ནི་མེད་ཅིང་འདོད་པ་ཐོག་ཏུ་ཁེལ་དུས་ཀྱང་མེད༔ གཞན་སྦྱིན་ཡུལ་རྣམས་ཀྱིས་ཀྱང་ཁོང་རྣམས་ལ་འདིས་ཕན་བཏགས་པར་མི་སེམས་ཤིང་འདིས་རང་ཕུང་རང་བརླག་བྱས་པ་འདི་ཕྱི་གཉིས་ཕུང་ཟེར་ཞིང་རྐང་འདྲེན་པ་དང་༔ བླ་མ་ཧ་ཅང་བཙན་དྲག་ན་གྲྭ་འཁོར་ཐམས་ཅད་ཀྱིས་སྤངས་ཤིང་གནོད་འཚེ་བྱེད་ཅིང་ལོག་པར་ལྟ་བ་དང་༔ འཇམ་ཆེས་ནའང་ཀུན་གྱིས་བརྙས་བཅོས་དང་བཀའ་མི་བརྩི༔ གཏོང་ཕོད་ཆུང་ན་སེར་སྣ་འཇུར་འགག་ཆེ་ཟེར་ཞིང་ཀུན་གྱིས་སྨད་ཅིང་སྤངས་པ་དང་༔ གྲྭ་སློབ་མང་ན་ཡང་བྱ་བྱེད་ཐམས་ཅན་ཟིན་དུས་མེད་ཅིང་མི་འགྲུབ་པའི་དབང་ནི་མེད༔ བླ་ཕྲན་རྣམས་ཀྱང་གོ་ས་མཐོན་པོར་རློམས་ནས་བྱ་བྱེད་མང་ན་ལས་ཀ་ཟད་པའི་མཐའ་མེད་པས་མི་ཁོམ་པ་རིན་གྱིས་ཉོས་པ་ཡིན༔ བན་ཆུང་རྣམས་ཀྱང་དབང་ཆུང་ཞིང་ཐོབ་ཐང་དང་མི་ཆེན་གྱི་གོ་ས་ལ་རློམས་ནས་བྱ་རྒྱུ་མང་ན་མཐའ་མར་ལས་མཐའ་ལོག་ནས་འགྲོ་བ་ལས་འོས་མེད་པས་རྟག་ཏུ་དབང་ཆུང་བ་མི་ངན་གྱི་གོ་སར་འདུག་ཅིང་རང་ཚོད་རང་གིས་ཟིན་ན་འདི་དང་ཕྱི་མ་གཉིས་སུ་སྐྱིད་ངེས་པ་ཡིན་ལ༔ མི་དྲག་དང་བླ་ཆེན་དག་ཀྱང་སྡུག་བསྔལ་མཐའ་མེད་བཟློག་མེད་ཀྱི་ཁུར་ཆེན་པོ་ཐོག་ཏུ་བབ་ཚེ་འདི་ལྟ་བུའི་འཁོར་ཆེན་དུ་མི་སྐྱེ་བར་ཡིད་སྨོན་བྱེད་ཀྱིན་ཡོད་པའི་ཕྱིར་ན༔ རན་ཙམ་ཐོབ་ཆུང་ནི་བླ་ཆུང་དང་ཁུར་ཐང་མེད་པའི་བན་ཆུང་རྣམས་ཀྱིས་རང་ས་བཟུང་ནས་ཆོས་ལ་སྤྱོད་ན་དེ་ལས་ལྷག་པའི་བདེ་སྐྱིད་ཅན་ནི་འཇིག་རྟེན་གྱི་ཁམས་འདི་ན་གཅིག་ཀྱང་ཡོད་པ་མ་ཡིན༔ འཁོར་བའི་བྱ་བ་འདི་ལ་འགྲུབ་ཚར་དུས་དང་ཟིན་པའི་དུས་ནི་འཆི་བའི་ནངས་པར་ལ་ཐུག་གི་བར་དུ་མི་འོང་༔ དེ་རིང་བྱ་བ་ཅི་བསྒྲུབ་ཐམས་ཅད་སང་གི་ཉིན་པར་ཡང་བྱིས་པའི་རྩེད་མོ་བཞིན་དུ་འགྱུར་ཞིང་ཡང་ཡང་ཤི་མཐའ་ལ་ཐུག་གི་བར་དུ་ཟིན་དུས་མེད་པར་ཁོར་མོ་ཡུག་ཏུ་སྤྱོད་ཅིང་མཐར་རྒས་ཤིང་འཁོག་པའི་དུས་སུ་ཡང་འཁར་བ་ཐོགས་ནས་ད་དུང་ཡང་མི་རབ་མང་པོས་ཆས་དོན་གཏམས་ཤིང་སུན་པ་མེད་པར་འཁོར་བའི་འདུག་ཆས་ལ་འབད་རྩོལ་བྱེད་ཅིང་འཆི་བའི་ནངས་པར་ལ་བབ་ཚེ༔ ངས་མི་ཚེ་སྟོང་ཟད་དུ་སོང་ནས་ཕྱི་མའི་འགྲོ་ཆས་ཅུང་ཟད་ཙམ་ཡང་མ་འགྲུབ་པ་འདི་ཕུང་ཆེ་བསམ་ཞིང་འགྱོད་པ་ཕྱིན་ཅིའི་ཡུལ་དུ་ཁྱེར་ཡང་འཕྱི་བ་ཡིན་ཏེ་ཅི་ལ་ཕན༔ དེ་ལྟ་བུའི་དོན་ཡོད་མེད་ཀྱི་བྱ་བཞག་དེ་དག་ལ་བསམ་མནོ་ཞིབ་ཏུ་བཏང་ནས་རང་མགོ་འདོན་པའི་ཐབས་ལ་འབད་པ་ནི་ཆོས་ཐམས་ཅད་ཀྱི་སྲོག་ཤིང་དང་སྙིང་རྡོ་དམ་པ་ཡིན་ནོ༔ གོང་དུ་བཤད་པའི་འཁོར་བའི་སྡུག་བསྔལ་དེ་དག་བློ་ཐོག་ཏུ་བླངས་ནས་ཚིག་འདི་སྐད་དུ་བརྗོད་པར་བྱའོ༔ ཁམས་གསུམ་འཁོར་བ་སྡུག་བསྔལ་རང་བཞིན་ལ༔ ཆགས་ཞེན་འཁྲི་བ་གཏིང་ནས་ཆོད་པ་ཞིག༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔ ཞེས་ངེས་འབྱུང་དང་སྐྱོ་ཤས་དྲག་པོའི་སྒོ་ནས་གསོལ་བ་ཕུར་ཚུགས་སུ་གདབ་བོ༔ དོན་བཞི་པ་ལས་རྒྱུ་འབྲས་ཀྱི་ཁྲིད་ལ༔ ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་དོན་དུ་གཉེར་ཞིང་གཏན་གྱི་བདེ་བ་འདོད་པ་དག་གིས་ལས་རྒྱུ་འབྲས་དཀར་ནག་གི་བླང་དོར་མ་ནོར་བར་ལག་ལེན་ལ་བཏབ་དགོས་པ་ཡིན་ཏེ༔ ཅིའི་ཕྱིར་ཞེ་ན༔ འཁོར་བ་མཐོ་དམན་ཐམས་ཅད་ལས་ལས་སྐྱེས་པ་ཤ་སྟག་ལས་མེད་པ་རྒྱུད་ལུང་མན་ངག་རྣམས་སུ་གསལ་བ་བཞིན་ནོ༔ དེའི་ཕྱིར་ན་ཁམས་གསུམ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བཟོད་མེད་སྡུག་བསྔལ་དྲག་པོས་གདུང་ཞིང་མནར་བའི་རྒྱུ་གང་ཡིན་ན་སྡིག་པ་མི་དགེ་བའི་ལས་ཡིན༔ སྡིག་པ་གང་ཞེ་ན་མི་དགེ་བ་བཅུ་སྟེ་བཅུ་པོ་ནི་ལས་ངན་པ་དང་མི་དགེ་བ་ཀུན་འདུས་སུ་འདུག་པའི་རྩ་བ་ཡིན་ལ༔ དེའང་ལུས་ཀྱི་ལས་གསུམ༔ ངག་གི་ལས་བཞི༔ ཡིད་ཀྱི་ལས་གསུམ་དང་བཅུའོ༔ དང་པོ་ལུས་ཀྱི་ལས་གསུམ་ལས་སྲོག་གཅོད་པ་ནི༔ སེམས་ཅན་སྲོག་ཆགས་ཕྲ་རགས་གང་གི་སྲོག་བཅད་ཀྱང་དེའི་རྣམ་སྨིན་གྱི་འབྲས་བུ་ནི༔ ཞེ་སྡང་གིས་ཀུན་ནས་བསླངས་པའི་ལས་དེས་དམྱལ་བར་ལྟུང་བ་དང་༔ འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་ལས་ཡི་དྭགས་སུ་ལྟུང་བ་དང་༔ དགེ་སྡིག་ངོ་མི་ཤེས་ཤིང་གཏི་མུག་གིས་ཀུན་ནས་བསླངས་པའི་ལས་དེས་དུད་འགྲོ་རུ་འཕེན་པ་ཡིན་ནོ༔ རྒྱུ་མཐུན་གྱི་འབྲས་བུ་ལ༔ བྱེད་པ་རྒྱུ་མཐུན་དང་མྱོང་བ་རྒྱུ་མཐུན་གཉིས་ལས༔ དང་པོ་བྱེད་པ་རྒྱུ་མཐུན་ནི༔ ངན་སོང་གི་གནས་ལས་ཐར་ཏེ་སྐྱེ་གནས་གཞན་དུ་འཕོས་ནའང་སྲོག་གཅོད་པ་ལ་དགའ་བ་དང་སྲོག་གཅོད་པའི་ནུས་པ་དང་ལྡན་པ་ཤ་སྟག་ཏུ་སྐྱེའོ༔ གཉིས་པ་མྱོང་བ་རྒྱུ་མཐུན་ནི༔ ཚེ་རབས་མང་པོར་ཚེ་ཐུང་བ་དང་ནད་མི་བཟོད་པ་ཐོག་ཏུ་འབབ་པར་འགྱུར་བའོ༔ དབང་གི་འབྲས་བུ་ནི༔ ཡུལ་གཅོང་རོང་ཟབ་མོ་རྩུབ་རེག་ཅན་དུ་སྡིག་སྤྱོད་ཀྱི་ལས་ལ་བརྩོན་པ་ཤ་སྟག་ཏུ་སྐྱེའོ༔ གཉིས་པ་མ་བྱིན་ལེན་པ་ནི༔ དངོས་པོ་ཆེ་ཆུང་གང་ཡང་རུང་བ་གཞན་གྱིས་བྱིན་པའམ་བློས་བཏང་བ་མ་གཏོགས་རྐུ་སེམས་ཡིད་ལ་བཟུང་ནས་བླང་བར་བྱ་བ་དང་༔ ཁྱད་པར་སྒྲུབ་པ་པོའི་ཟས་ནོར་དང་ཕྱོགས་བཅུ་དགེ་འདུན་གྱི་དཀོར་བརྐུས་ཤིང་འཕྲོག་པ་རྣམས་སོ༔ དེའི་རྣམ་སྨིན་གྱི་འབྲས་བུ་ནི༔ ཀུན་སློང་གི་བྱེད་ལས་ཀྱི་ཞེ་སྡང་གིས་དམྱལ་བ༔ འདོད་ཆགས་ཀྱིས་ཡི་དྭགས༔ གཏི་མུག་གིས་དུད་འགྲོ་རུ་ལྟུང་ཞིང་སྡུག་བསྔལ་བའོ༔ བྱེད་པ་རྒྱུ་མཐུན་ནི༔ ཚེ་རབས་མང་པོར་རྐུ་འཕྲོག་དང་དམག་ཇག་གི་ལས་བྱེད་པ་ཤ་སྟག་ཏུ་འགྱུར་བའོ༔ མྱོང་བ་རྒྱུ་མཐུན་ནི༔ ལོངས་སྤྱོད་ཤིན་ཏུ་དབུལ་ཞིང་སྡུག་བསྔལ་དང་ཟས་ནོར་རྟ་ཕྱུགས་ཅུང་ཟད་ཡོད་ཀྱང་དགྲ་ཇག་སོགས་གཞན་དང་ཐུན་མོང་དུ་འགྱུར་བའོ༔ དབང་གི་འབྲས་བུ་ནི༔ ཡུལ་བསེ་རག་ཅན་ལོ་ཏོག་མི་སྐྱེས་ཤིང་འབྲས་བུ་ཉུང་བ་ཟས་སྐོམ་བཙལ་ཀྱང་རྙེད་དཀའ་བའི་ཡུལ་དུ་སྐྱེའོ༔ གསུམ་པ་འདོད་ལོག་སྤྱོད་པ་ནི༔ ཆེ་ཤོས་གཞན་གྱི་སྡོམ་པ་གཏོང་བའི་རྒྱུ་བྱས་པ་དང་༔ རང་ལ་མི་དབང་བ་གཞན་གྱིས་བདག་ཏུ་བཟུང་བ་དང་༔ གླ་རྔན་སྤྲད་ཚར་བ་དང་༔ མྱ་ངན་གྱིས་ནོན་པ་ནད་ཀྱིས་གདུང་བ་ཉིན་མོ་དང་རྟེན་གཉན་པོའི་དྲུང་དུ་འཁྲིག་པ་སྤྱད་པའོ༔ དེའི་རྣམ་སྨིན་གྱི་འབྲས་བུ་ནི༔ ཆེ་ཤོས་ཉེ་བའི་མཚམས་མེད་དང་སྤྱི་མཐུན་དུ་ཞེ་སྡང་གིས་དམྱལ་བ༔ འདོད་ཆགས་ཀྱིས་ཡི་དྭགས༔ གཏི་མུག་གིས་དུད་འགྲོ་འགྲོར་འཕེན་པའོ༔ བྱེད་པ་རྒྱུ་མཐུན་ནི༔ ཚེ་རབས་ཀུན་ཏུ་འདོད་ལོག་སྤྱོད་པ་ལ་དགའ་བ་ཤ་སྟག་གོ༔ མྱོང་བ་རྒྱུ་མཐུན་ནི༔ ཁྱིམ་ཐབས་མི་མཛེས་ཤིང་རྟག་ཏུ་འཐབ་པ་དང་རྩོད་པ་དང་ཕན་ཚུན་ཁོང་ཁྲོ་དྲག་པོས་རྒྱུད་གང་ཞིང་དགྲ་ཟླ་ལྟ་བུར་གྱུར་ཏེ་ཚེ་རབས་མང་པོར་དེ་ལྟ་བུའི་ལས་ཉམས་སུ་མྱོང་བའོ༔ དབང་གི་འབྲས་བུ་ནི༔ ཡུལ་ཡིད་དུ་མི་འོང་བ་དྲི་ངན་མནམ་པ་མི་གཙང་བའི་འདམ་རྫབ་དག་ཏུ་གནས་དགོས་པའོ༔ གཉིས་པ་ངག་གི་ལས་བཞི་ནི༔ རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་དང་བཞི་ལས༔ དང་པོ་རྫུན་དུ་སྨྲ་བ་ནི༔ ཆེ་ཤོས་གང་གིས་མི་ཆོས་པར་དཀའ་བ་བླ་མའི་རྫུན་གྲུབ་པ་མ་ཐོབ་ཀྱང་ཐོབ་པར་སྐད་པ་དང༔ མངོན་ཤེས་མེད་པ་ལ་ཡོད་པར་སྨྲ་བ་དང་༔ ས་མ་ཐོབ་པར་ཐོབ་པར་སྐད་པ་ལ་སོགས་རང་ཉིད་ཆེ་གྲགས་མཐོ་རློམས་ཀྱིས་རྒྱུད་ཁེངས་ནས་གཞན་བསླུ་ཚིག་བརྗོད་པ་རྣམས་དང་༔ གཞན་དག་ནི་གཡོ་སྒྱུའི་སེམས་ཀྱིས་རྒྱུད་གང་སྟེ་གཞན་བསླུ་བ་དང་མགོ་སྐོར་བྱེད་པ་གཞན་ཡང་མི་བདེན་པའི་ཚིག་འཆོལ་སྒྲོགས་སུ་སྨྲ་བའོ༔ དེའི་རྣམ་སྨིན་གྱི་འབྲས་བུ་ནི༔ ཀུན་སློང་གི་བྱེད་ལས་དུག་གསུམ་གྱི་དབང་གིས་སྡིག་པ་ལྕི་ཡང་བར་པ་སྟེ་རྣམ་སྨིན་ཡང་དེ་ལྟར་ངན་སོང་གསུམ་དུ་སྡུག་བསྔལ་བ་ཡིན་ནོ༔ བྱེད་པ་རྒྱུ་མཐུན་ནི༔ ཚེ་རབས་མང་པོས་གཏམ་ཅི་སྨྲས་རྫུན་ཁོ་ན་ལས་བདེན་པར་སྨྲ་མི་ཤེས་པས་གཞན་གྱིས་ཡིད་དུ་མི་འོང་ཞིང་བརྙས་བཅོས་ཀྱི་གནས་སུ་གྱུར་ནས་སྨྲས་ཚད་རྫུན་དུ་གྱེར་བ་ལས་དང་དུ་མི་ལེན་པའོ༔ མྱོང་བ་རྒྱུ་མཐུན་ནི༔ ཀུན་གྱིས་སྨད་པ་དང་སྐུར་འདེབས་གླེང་མོ་བྱེད་ཅིང་རྟག་ཏུ་གཞན་གྱིས་བསླུ་བ་མང་བས་རང་གི་སེམས་ལ་སྡུག་བསྔལ་ཉེར་ལེན་གྱི་མྱོང་བ་རྒྱུན་མི་ཆད་པར་འབྱུང་བ་ཡིན་ནོ༔ དབང་གི་འབྲས་བུ་ནི༔ ཤེས་པ་སྔངས་ཤིང་འཇིགས་སྐྲག་རྒྱུན་མི་ཆད་པའི་ཡུལ་དུ་གནས་དགོས་པའོ༔ གཉིས་པ་ཕྲ་མ་ནི༔ ཆེ་ཤོས་དགེ་འདུན་འཁོར་ལོའི་དབྱེན་དང་ཁྱད་པར་དུ་རྡོ་རྗེ་མཆེད་ལྕམ་སྤུན་སྲིང་དབྱེ་བྱེད་ཀྱི་ཕྲ་མ་གཞན་ཡང་ཕན་ཚུན་མཐུན་པ་གང་ཡིན་ཕྲལ་དུ་འབྱེད་པའི་ཐབས་ཀྱི་གཏམ་དབྱེན་དུ་སྨྲ་བ་རྣམས་སོ༔ དེའི་རྣམ་སྨིན་གྱི་འབྲས་བུ་ནི༔ དུག་གསུམ་གྱི་ཀུན་ནས་བསླངས་པའི་དབང་གིས་ངན་སོང་གསུམ་དུ་འདུ་བྱེད་པ་ཡིན་ནོ༔ བྱེད་པ་རྒྱུ་མཐུན་ནི༔ ཚེ་རབས་ཀུན་ཏུ་ཕྲ་མ་སྨྲ་བ་ལ་དགའ་ཞིང་ཕྲ་མ་སྨྲ་བའི་རིགས་སུ་སྐྱེ་བར་འགྱུར་རོ༔ མྱོང་བ་རྒྱུ་མཐུན་ནི༔ རང་གཞན་ཕན་ཚུན་དུ་མི་མཐུན་པར་འཕྲལ་དུ་འབྱེད་པ་དང་༔ འཁོར་གཡོག་རྣམས་མི་མཐུན་པར་ཕྲ་མས་དབྱེ་བ་དང་རང་བཞིན་གྱིས་མི་མཐུན་ཅིང་འབྱེད་པར་འགྱུར་རོ༔ དབང་གི་འབྲས་བུ་ནི༔ ཡུལ་བགྲོད་པར་དཀའ་བ་རི་མཐོ་ལུང་ཟབ་ཏུ་གནས་དགོས་སོ༔ གསུམ་པ་ཚིག་རྩུབ་ནི༔ གཞན་ཕ་རོལ་པོའི་ཞོར་འདེབས་ཤིང་རྒྱུད་ལ་ཞེ་སྡང་དང་ཁོང་ཁྲོ་སློང་ངེས་ཀྱི་ཚིག་ལ་བྱའོ༔ དེའི་རྣམ་སྨིན་གྱི་འབྲས་བུ་ནི༔ གོང་དུ་བཤད་པ་ལྟར་ཀུན་སློང་གི་དབང་གིས་ངན་སོང་གསུམ་དུ་འདུ་བྱེད་པ་ཡིན་ནོ༔ བྱེད་པ་རྒྱུ་མཐུན་ནི༔ སྔར་བཞིན་དུ་ཚིག་རྩུབ་སྨྲ་བ་ལ་དགའ་ཞིང་རྟག་ཏུ་སྨྲ་བར་འགྱུར་རོ༔ མྱོང་བ་རྒྱུ་མཐུན་ནི༔ རྟག་ཏུ་མི་སྙན་པ་སྣ་ཚོགས་ཐོས་ཤིང་རང་གི་སྨྲས་པའི་ཚིག་ཐམས་ཅད་འཐབ་པ་དང་རྩོད་པ་ཅན་དུ་འགྱུར་རོ༔ དབང་གི་འབྲས་བུ་ནི༔ ས་ཕྱོགས་ཉམས་མི་དགའ་ཞིང་ཡིད་མི་བདེ་བའི་ཡུལ་དུ་གནས་དགོས་སོ༔ བཞི་པ་ངག་འཁྱལ་ནི༔ རང་དང་གཞན་གྱི་དགེ་སྦྱོང་གཅིག་པའི་གཏམ་རྣམ་པ་སྣ་ཚོགས་སྨྲ་བ་དང་བསམ་བཞིན་དུ་གཞན་གྱི་དགེ་སྦྱོར་ལ་གནོད་པའི་ཚིག་སྨྲ་བ་ལ་བྱའོ༔ དེའི་རྣམ་སྨིན་གྱི་འབྲས་བུ་ནི༔ དུག་གསུམ་གྱི་ཀུན་ནས་བསླངས་ཏེ་ངན་སོང་གསུམ་དུ་འཕེན་པར་བྱེད་དོ༔ བྱེད་པ་རྒྱུ་མཐུན་ནི༔ ཚེ་རབས་མང་པོར་གླུ་དང་ངག་འཁྱལ་གྱི་རྣམ་པར་གཡེངས་ཏེ་ངག་འཁྱལ་སྨྲ་བ་ལ་དགའ་བ་དང་སྨྲ་བ་ཅན་དུ་འགྱུར་རོ༔ མྱོང་བ་རྒྱུ་མཐུན་ནི༔ རང་གི་ཚིག་མི་བཙུན་ཞིང་རྣམ་པར་གཡེང་བ་དང་ལྷོད་པ་དང་སྤོབས་པ་ཆུང་བ་ཅན་དུ་འགྱུར་རོ༔ དབང་གི་འབྲས་བུ་ནི༔ སོ་ནམ་དང་ལས་ཀ་ཅི་བྱས་ཀྱང་དེ་ལ་འབྲས་བུ་མི་འབྱུང་བར་དུས་ཚིགས་ལོག་ཅིང་འབྱོར་བ་མི་བརྟན་པའི་ཡུལ་དུ་སྐྱེ་བར་འགྱུར་རོ༔ དེ་ལྟར་ལུས་ངག་གི་མི་དགེ་བ་བདུན་པོ་ནི་བསྟན་ཡོད་ཐོགས་བཅས་ཀྱི་གཟུགས་ཡིན་པས༔ གཞི་གང་ཡིན་པ་ལ་ཡིན་པར་ཤེས་པ་དང་༔ བསམ་པ་ངན་པས་རྒོལ་བ༔ སྦྱོར་བ་ལག་ལེན་ལ་བཏབ་པ༔ མཐར་ཐུག་ལོངས་སྤྱོད་པས་བློ་ཚིམ་པ་དང་བཞིའི་ནུས་པ་རྫོགས་པ་ཡིན༔ གསུམ་པ་ཡིད་ཀྱི་ལས་གསུམ་ལས༔ དང་པོ་བརྣབ་སེམས་ནི༔ གཞན་གྱི་ནོར་རྫས་དང་དཔལ་དང་ལོངས་སྤྱོད་མཐོང་བའི་ཚེ་ན་འདི་དག་ཁོ་རང་ལ་མེད་ཅིང་རང་ལ་ཡོད་ན་ཅི་མ་རུང་སྙམ་པ་ལ་བྱའོ༔ དེའི་རྣམ་སྨིན་གྱི་འབྲས་བུ་ནི་ཀུན་སློང་གི་བྱེད་ལས་ཀྱི་རྣམ་སྨིན་ངན་སོང་གསུམ་དུ་ལྟུང་བའོ༔ བྱེད་པ་རྒྱུ་མཐུན་ནི༔ རྟག་ཏུ་བརྣབ་སེམས་ཁོ་ན་ཡིད་ལ་བྱེད་པ་ཅན་དུ་འགྱུར་རོ༔ མྱོང་བ་རྒྱུ་མཐུན་ནི༔ རྟག་ཏུ་ཡིད་ལ་བསམ་པའི་དོན་ཐམས་ཅད་མི་འགྲུབ་བོ༔ དབང་གི་འབྲས་བུ་ནི༔ ལོ་ཏོག་ཉེས་ཤིང་གནས་ངན་པ་དང་དུས་ངན་པ་ལ་ཞུགས་ཤིང་སྡུག་བསྔལ་མང་པོ་འབྱུང་བའི་ཡུལ་དུ་སྐྱེའོ༔ གཉིས་པ་གནོད་སེམས་ནི༔ གཞན་ལ་གནོད་པའི་ནུས་སྟོབས་མེད་ཀྱང་སེམས་ལ་གནོད་པའི་བསམ་པ་བདེ་ན་མི་དགའ་སྡུག་ན་དགའ་བ་ལ་སོགས་པའོ༔ དེའི་རྣམ་སྨིན་གྱི་འབྲས་བུ་ནི༔ ཀུན་སློང་གསུམ་ལ་རག་ལས་ཏེ་ངན་སོང་གསུམ་གང་ཡང་རུང་བ་རུ་ལྟུང་ཞིང་སྡུག་བསྔལ་མྱོང་བའོ༔ བྱེད་པ་རྒྱུ་མཐུན་ནི༔ ཚེ་རབས་མང་པོར་གནོད་སེམས་ཅན་ཤ་སྟག་ཏུ་འགྱུར་རོ༔ མྱོང་བ་རྒྱུ་མཐུན་ནི༔ འཇིགས་པ་དང་འཚེ་བ་མང་པོས་སྡུག་བསྔལ་བ་དང་ཅི་བྱ་གཏོལ་མེད་པ་ལ་ཐུག་པ་དེ་ལྟ་བུ་འབྱུང་བ་ཡིན་ནོ༔ དབང་གི་འབྲས་བུ་ནི༔ སྡིག་སྤྱོད་རྒྱལ་པོ་དང་མི་དཔོན་དགྲ་མི་ཤ་བོ་ལྟ་བུའི་མངའ་འོག་ཏུ་སྐྱེ་ཞིང་དེ་ལྟ་བུའི་ཡུལ་དུ་གནས་དགོས་སོ༔ གསུམ་པ་ལོག་ལྟ་ནི༔ དགེ་བའི་ཕན་ཡོན་དང་ཞིང་ཁམས་ཀྱི་བདེ་སྐྱིད་སྡིག་པའི་ཉེས་དམིགས་དང་འབྲས་བུ་ངན་སོང་གསུམ་གྱི་སྡུག་བསྔལ་ལ་སོགས་དགེ་སྡིག་བླང་དོར་གྱི་གནད་མཐོང་བ་དང་འཆད་པ་ཐོས་པ་རྣམས་ལ་ལོག་པར་བལྟས་ཏེ་མི་བདེན་ནོ་སྙམ་པ་དང་ངག་ནས་ཀྱང་དེ་ལྟར་དུ་སྨྲ་བ༔ གཞན་ཡང་ལྟ་སྒོམ་ཕྱིན་ཅི་ལོག་པ་ལ་གདིང་འཆའ་ཞིང་དཀོན་མཆོག་གསུམ་རྒྱབ་ཀྱིས་ཕྱོགས་པ་དག་ལ་བྱའོ༔ དེའི་རྣམ་སྨིན་གྱི་འབྲས་བུ་ནི༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གང་ཡང་རུང་བས་ཀུན་ནས་བསླངས་པའི་རྒྱུས་འབྲས་བུ་ངན་སོང་གསུམ་དུ་ལྟུང་ཞིང་སྡུག་བསྔལ་ཀྱང་དེ་བཞིན་དུ་ཉམས་སུ་མྱོང་བར་འགྱུར་རོ༔ བྱེད་པ་རྒྱུ་མཐུན་ནི༔ ཚེ་རབས་མང་པོར་ལོག་ལྟ་ཅན་དུ་གྱུར་ཏེ་བསྟན་པ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ༔ མྱོང་བ་རྒྱུ་མཐུན་ནི༔ ལྟ་བ་ངན་པ་ལ་གནས་ཤིང་གཡོ་སྒྱུས་རྒྱུད་གང་ཞིང་སེམས་འཁྲུགས་པའོ༔ དབང་གི་འབྲས་བུ་ནི༔ འབྱོར་པ་ཉུང་ཞིང་སྐྱབས་དང་དཔུང་གཉེན་མེད་པའི་ཡུལ་དུ་སྐྱེའོ༔ དེ་ལྟར་ཡིད་ཀྱི་ལས་གསུམ་ནི་བསྟན་མེད་ཐོགས་མེད་ཀྱི་ལས་གཟུགས་སུ་འདུ་བའི་གཞི་བསམ་གཉིས་ཀྱིས་དེ་དག་གི་ནུས་པ་རྫོགས་པའོ༔ དེ་ལྟ་བུའི་མི་དགེ་བའི་ལས་ཆེ་འབྲིང་ཆུང་གསུམ་ཐམས་ཅད་དེ་མ་ཐག་ཏུ་དྲན་ཅིང་ཤེས་ནས་བཤགས་སྡོམ་གྱིས་ཟིན་ན་སྦྱངས་སླ་བ་ཡིན་ལ༔ མ་ཟིན་ན་འཆི་བའི་ནད་ཀྱིས་བཏབ་ནས་ནང་དབུགས་ཁྲོག་གེར་ཆད་པའི་བར་དེར་བསམ་པ་གོང་ལྟར་མི་དགེ་བའི་ཀུན་ནས་བསླངས་ཏེ་ལས་ངན་དེ་ལྟ་བུ་བསགས་པ་ན་སྲེད་ལེན་སྤྱོད་པས་གསོས་བཏབ་པ་ཡིན་ཏེ༔ ཚེ་འཕོས་མ་ཐག་དུ་མེ་ལྕེ་རླུང་གིས་བསྐྱོད་པ་བཞིན་དུ་རྣམ་སྨིན་ངན་སོང་དེ་ལྟ་བུ་རུ་ལྟུང་བ་ཡིན༔ སྡིག་པའི་འཕེལ་ཁ་ཆེར་འཕེལ་ཚུལ་ནི་དཔེར་ན་སྲོག་གཅིག་ལ་སྲོག་ལན་ལྔ་བརྒྱ་འཇལ་ཚེ་བྱེད་པ་རྒྱུ་མཐུན་ཡང་དེར་མཚུངས་པ་ཅན་དུ་གྱུར་ནས་བྱི་ལ་དང་བྱིའུ་རེ་རེས་ཀྱང་ཉིན་རེར་སྲོག་ཆགས་གསུམ་བཞི་བརྒྱ་སྟོང་སོགས་གསོད་ཅིང་ཟ་བ་ལ་བློས་གཞལ་ན་ཇི་ལྟར་བསད་པ་དེ་ཙམ་གྱིས་ལུས་ལྔ་བརྒྱ་རེ་བླངས་ནས་སྲོག་ལན་འཇལ་དགོས་པའི་རྒྱུ་མཚན་ལ་ཞིབ་ཏུ་དཔྱད་པས་ཤེས་ལ༔ གཞན་ཡང་དཀར་པོའི་ཆོས་ལ་སྨད་པ་དང་༔ ནག་པོའི་སྡིག་པ་ལ་བསྟོད་པ་དང་༔ དགེ་བ་ཅན་ལ་སྨད་པ༔ སྡིག་པ་ཅན་ལ་བསྟོད་པ༔ སྙིང་པོའི་སྒྲུབ་པ་བསྐྱེད་རྫོགས་ལྷུར་ལེན་བྱེད་པའི་གང་ཟག་རྣམས་ཀྱི་མཐུན་རྐྱེན་ནོར་རྫས་འཕྲོག་ནས་ལུས་ངག་གི་དགེ་སྦྱོར་ལ་བརྩོན་དུ་མི་སྟེར་བ་ནི་སྡིག་པ་ཤིན་ཏུ་ལྕི་ཞིང་ཟབ་པ་ཡིན་ནོ༔ དེ་དག་ལས་ཀྱང་སྡིག་པ་སྟོབས་ཆེ་ཞིང་ཚབ་ཆེ་བ་ནི་མཚམས་མེད་པ་ལྔ་སྟེ༔ ལྔ་གང་ཞེ་ན་ཕ་བསད་པ་དང་༔ མ་བསད་པ་དང་༔ སློབ་དཔོན་བསད་པ་དང་༔ དགྲ་བཅོམ་པ་བསད་པ་དང་༔ རྒྱལ་བའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ་ལས་དེའི་འབྲས་བུ་ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པར་དམྱལ་བ་མནར་མེད་དུ་ལྟུང་སྟེ་འདི་དང་ཕྱི་མའི་བར་མཚམས་མེད་པས་ན་མཚམས་མེད་ཀྱི་ལས་ཞེས་བྱའོ༔ དེ་དང་ཉེ་བའི་མཚམས་མེད་ནི༔ དགེ་སློང་བསད་པའམ་ཕབ་པ༔ དགེ་ཚུལ་བསད་པ༔ བཙུན་མ་ཕབ་པ༔ སྐུ་གཟུགས་མཆོད་རྟེན་ལྷ་ཁང་བཤིག་པ་འདི་དག་ཀྱང་མཚམས་མེད་དང་ཉེ་བས་ཤི་མ་ཐག་ཏུ་དམྱལ་བའི་གནས་སུ་ལྟུང་བ་ཡིན་ལ༔ གཞན་ཡང་རྡོ་རྗེའི་བླ་མ་ལ་དམ་ཚིག་ཉམས་པ་དག་ནི་རྡོ་རྗེའི་དམྱལ་བ་རུ་ངེས་པས་དེ་དང་མཚམས་མེད་པ་རྣམས་ལ་ནི་ངེས་པའི་སྡིག་པ་ཞེས་བྱའོ༔ ཡང་བཤད་སྒྲུབ་ཀྱི་རྒྱུན་བཙན་ཐབས་སུ་བཅད་པ་དགེ་འདུན་གྱི་འདུ་སྒོ་བཀག་པ།ཡོན་ཏན་ཅན་གྱི་ཐུགས་དཀྲུགས་པ་དད་པ་ཅན་གྱི་ཚོགས་བཅག་པ་བརྩོན་འགྲུས་དང་སྙིང་སྟོབས་ཅན་སུན་འབྱིན་པ་སྒྲུབ་པ་གཉན་པོ་འཐབ་མཁོན་དང་སྤྱོད་ངན་གྱིས་དཀྲུགས་ཤིང་གཏོར་བ་འདི་དག་ཀྱང་སྡིག་པ་ཤིན་ཏུ་ལྕི་བ་ཡིན་ཏེ༔ དེ་ལྟར་སྡིག་པ་མི་དགེ་བའི་ལས་དེ་དག་སྤང་བར་བྱ་དགོས་པས་སྤང་བྱ་དང་༔ དེ་དག་ལ་འཛེམས་ཤིང་རབ་ཏུ་སྡོམ་དགོས་པས་ན་སྡོམ་པ་རུ་ཤེས་ཏེ་དྲན་པ་དང་ཤེས་བཞིན་གྱི་སྒོ་ནས་བཤགས་སྡོམ་བགྱི་བ་དང་དམ་བཅའ་བརྟན་པོས་རྟག་ཏུ་གནད་ལག་ལེན་ལ་འདེབས་ཤིང་རང་རྒྱུད་ཆོས་སུ་བཅོས་པ་ལམ་གྱི་གནད་མཆོག་དམ་པ་ཡིན་ནོ༔ སླར་ཡང་བློ་དགེ་བ་བཅུའི་འབྲས་བུ་ལ་བསམ་ཞིང་སྤྲོ་བ་བསྐྱེད་དེ་ཉམས་སུ་ལེན་ཚུལ་ལ༔ དང་པོ་སྲོག་གཅོད་པ་ལས་སླར་ལྡོག་སྟེ་གཞན་གྱི་སྲོག་སྐྱོབ་དང་སྲོག་བསླུ་བྱས་པའི་རྣམ་སྨིན་ནི་མི་ལུས་བཟང་པོ་ཐོབ་པ་དང་༔ བྱེད་པ་སྲོག་གཅོད་པ་ལ་མི་དགའ་བ་དང་སྲོག་གཅོད་པའི་ལས་མི་བྱེད་སར་སྐྱེ་ཞིང་༔ མྱོང་བ་ཚེ་རིང་ཞིང་ནད་མེད་པ་དང་༔ དབང་འབྲས་ས་ཕྱོགས་ཉམས་དགའ་ཞིང་ཡིད་དུ་འོང་བའི་ཡུལ་དུ་སྐྱེ་བ་ཡིན༔ གཉིས་པ་མ་བྱིན་པར་ལེན་པ་སྤངས་ཏེ་མ་བྱིན་པ་ལས་སླར་ལྡོག་སྟེ་ལན་དང་རྣམ་སྨིན་ལ་མི་རེ་བའི་སྦྱིན་པ་བཏང་བས་འབྲས་བུ་དཔལ་འབྱོར་ལོངས་སྤྱོད་དང་ལྡན་ཞིང་༔ བྱེད་པ་རྟག་ཏུ་སྦྱིན་གཏོང་ལ་དགའ་བ་དང་༔ མྱོང་བ་དགྲ་ཟླ་ཉུང་ཞིང་མཐུན་རྐྱེན་འཛོམ་པ་དང་༔ དབང་འབྲས་ཡུལ་ས་བཅུད་ཆེ་ཞིང་འབྲས་བུ་མང་བ་བཞོན་དང་དཀར་ཐོག་རྒྱས་པའི་ཡུལ་དུ་སྐྱེ་བ་ཡིན༔ གསུམ་པ་འདོད་ལོག་སྤྱོད་པ་སྤངས་ཏེ་འདོད་ལོག་སྤྱད་པ་ལས་སླར་ལྡོག་ནས་སྡོམ་པ་བསྲུང་བའི་འབྲས་བུ་མངོན་མཐོའི་བདེ་སྐྱིད་ལ་དབང་འབྱོར་ཞིང་༔ བྱེད་པ་རྟག་ཏུ་ཚུལ་ཁྲིམས་གཙང་མ་ལ་དགའ་ཞིང་བསྲུང་ནུས་པ་དང་༔ མྱོང་བ་ཁྱིམ་ཐབས་མཐུན་ཅིང་ཕན་ཚུན་བྱམས་བརྩེ་ལ་གནས་པ་དང་༔ དབང་འབྲས་དཀར་པོ་དགེ་བའི་ལས་ཁོ་ན་ལ་སྤྱོད་པའི་ཡུལ་དུ་སྐྱེ་བ་ཡིན༔ ངག་གི་དགེ་བ་བཞི་ནི༔ དང་པོ་རྫུན་དུ་སྨྲ་བ་ལས་སླར་ལྡོག་ཅིང་དྲང་པོར་སྨྲས་པའི་རྣམ་སྨིན་མངོན་མཐོ་དང་༔ བྱེད་པ་དེ་དང་མཐུན༔ མྱོང་བ་ཀུན་གྱིས་བསྟོད་ཅིང་བྱམས་པ༔ དབང་འབྲས་འཚེ་བ་ཉུང་ཞིང་སྔངས་སྐྲག་མེད་པའི་ཡུལ་དུ་སྐྱེ་བ་ཡིན༔ གཉིས་པ་ཕྲ་མ་སྤངས་ཏེ་ཕྲ་མ་སྨྲ་བ་ལས་སླར་ལྡོག་ནས་མཁོན་པ་བསྡུམས་ཤིང་མཐུན་པར་བཅོས་པའི་རྣམ་སྨིན་མངོན་པར་མཐོ་བ་དང་༔ བྱེད་པ་དེ་དང་མཚུངས་ལྡན་དུ་གྱུར་པ་དང་༔ མྱོང་བ་ཉེ་འཁོར་རྩ་ལག་ཀུན་གྱིས་གུས་ཤིང་འདུད་པ་དང་༔ དབང་འབྲས་འཐབ་ཅིང་རྩོད་པ་ཉུང་བའི་ཡུལ་དུ་སྐྱེའོ༔ གསུམ་པ་ཚིག་རྩུབ་སྤངས་ཏེ་ཚིག་རྩུབ་སྨྲ་བ་ལས་སླར་ལྡོག་ཅིང་ཞི་དུལ་འཇམ་པོར་སྨྲས་པའི་རྣམ་སྨིན་གོང་ལྟར་དང་༔ བྱེད་པ་ཡང་དེ་དང་མཚུངས་པ་ཅན༔ མྱོང་བ་རྟག་ཏུ་སྙན་པ་ཐོས་པས་ཡིད་བདེ་ཞིང་དགའ་བར་འགྱུར་བ་དང་༔ དབང་འབྲས་ས་ཕྱོགས་མི་བདེ་བ་མེད་པར་ཡིད་གདུང་བའི་ཡུལ་དུ་སྐྱེ་བ་ཡིན༔ བཞི་པ་ངག་འཁྱལ་སྤངས་ཏེ་ངག་འཁྱལ་སྨྲ་བ་ལས་སླར་ལྡོག་ནས་རྟག་ཏུ་དགེ་སྦྱོར་ལ་བརྩོན་པའི་རྣམ་སྨིན་ལྷ་བས་ལྷག་པའི་ལུས་རྟེན་དུ་འགྱུར་ཞིང་༔ བྱེད་པ་དགེ་སྦྱོར་ལ་བརྩོན་པ་ཅན་དུ་འགྱུར་བ་དང་༔ མྱོང་བ་རང་གི་ཚིག་བཙུན་ཞིང་སྤོབས་པ་རྒྱ་ཆེ་བ་དང་༔ དབང་འབྲས་སོ་ནམ་མ་བྱས་ཀྱང་འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་ཞིང་དུས་ཚིགས་སྙོམས་པ་དང་འབྱོར་པ་བརྟན་པ་ཡིན༔ ཡིད་ཀྱི་དགེ་བ་གསུམ་ནི༔ དང་པོ་བརྣབ་སེམས་སྤངས་ཏེ་བརྣབ་སེམས་བྱེད་པ་ལས་སླར་ལྡོག་ནས་གཞན་དཔལ་འབྱོར་ལོངས་སྤྱོད་དང་ལྡན་པ་ལ་དགའ་བ་བསྒོམ་པའི་རྣམ་སྨིན་མངོན་མཐོ་དང་༔ བྱེད་པ་དེར་མཚུངས༔ མྱོང་བ་བསམ་པའི་དོན་ཐམས་ཅད་འབད་མེད་དུ་འགྲུབ་པ་དང་༔ དབང་འབྲས་གཞན་གྱིས་ཀྱང་དེ་ལ་རྟག་ཏུ་བྱམས་པ་དང་བརྩེ་བར་འགྱུར་བ་ཡིན༔ གཉིས་པ་གནོད་སེམས་སྤངས་ཏེ་གནོད་པའི་བསམ་པ་ལས་སླར་ལྡོག་སྟེ་ཐམས་ཅད་ཀུན་ལ་ཕན་སེམས་འཆང་བའི་རྣམ་སྨིན་ལྷ་མིའི་བདེ་བ་མྱོང་བ་དང་༔ བྱེད་པ་དེ་དང་མཚུངས་པ་ཅན་དང་༔ མྱོང་བ་རྟག་པར་འཚེ་བ་ཐམས་ཅད་བྲལ་བ་དང་༔ དབང་འབྲས་འཚེ་བའི་རྒོལ་བ་མཐའ་དག་དང་བྲལ་བའི་ཡུལ་དུ་གནས་པར་འགྱུར་བ་ཡིན༔ གསུམ་པ་ལོག་ལྟ་སྤངས་ཏེ་ལོག་པར་ལྟ་བ་ལས་ལྡོག་ནས་དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་བསྐྱེད་པའི་རྣམ་སྨིན་དལ་འབྱོར་བཅོ་བརྒྱད་ཚང་ཞིང་ཆོས་ལ་སྤྱོད་པའི་སྐལ་བ་དང་ལྡན་པར་འགྱུར་བ་ཡིན༔ བྱེད་པ་རྟག་ཏུ་དད་པ་བརྟན་ཅིང་ལོག་ལྟ་མེད་པ་དང་༔ མྱོང་བ་ལྟ་བ་བཟང་པོ་རྒྱུད་ལ་སྐྱེ་ཞིང་ས་ལམ་མྱུར་བར་བསྒྲོད་ནུས་པར་འགྱུར་རོ༔ དབང་འབྲས་ཆོས་དར་ཞིང་ཆོས་ཀྱི་རྒྱལ་པོའི་མངའ་འོག་ཏུ་སྐྱེ་བ་ཡིན་ནོ༔ དེ་ལྟར་བློ་ལྡོག་རྣམ་པ་བཞིའི་དོན་ཤེས་པར་བྱས་ནས་དགེ་སྡིག་གི་བླང་དོར་ལག་ལེན་ལ་འདེབས་པ་ནི་ཐར་བ་དང་རྣམ་མཁྱེན་གྱི་གོ་འཕང་དོན་དུ་གཉེར་བ་ཡིན་ཏེ་ལམ་གྱི་གཙོ་བོར་ཟུངས་ཤིག༔ དགེ་སྡིག་ལས་ཀྱི་རྣམ་སྨིན་བསླུ་བ་མེད༔ བླང་དོར་གནས་ལ་མཁས་ཤིང་ཚུལ་ལྡན་ཞིག༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔ ཞེས་གསོལ་བ་གདབ་བོ༔ དེ་དག་རྣམས་ནི་ཐུན་མོང་གི་སྔོན་འགྲོ་ཀུན་ལ་མེད་ཐབས་མེད་པའི་མགོ་དང་ཡན་ལག་ལྟ་བུའོ༔ སྐབས་འདིར་སྤྲོ་ན་བཤེས་གཉེན་བསྟེན་ཚུལ་དང་དམ་ཚིག་གི་རྣམ་བཞག་སོགས་ཀྱང་འཆད་ན་ཤིན་ཏུ་ལེགས་ཤིང་གལ་ཆེའོ༔ ༈གཉིས་པ་ཐུན་མོང་མ་ཡིན་པ་ནང་གི་སྔོན་འགྲོ་ལ༔ ཐོག་མར་ཆོས་ཐམས་ཅད་ཀྱི་རྨིང་རྡོ་ལྟ་བུ་སྐྱབས་སུ་འགྲོ་བའི་ཁྲིད་དང་༔ ཐེག་ཆེན་ལམ་གྱི་འཇུག་སྒོ་སེམས་བསྐྱེད་ཀྱི་ཁྲིད་དང་༔ སྒྲིབ་གཉིས་བག་ཆགས་སྦྱོང་བའི་ཐབས་རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་དང་༔ ཚོགས་གཉིས་རྫོགས་ཕྱིར་མཎྜལ་གྱི་ཁྲིད་དང་༔ བར་ཆད་དང་རྐྱེན་ངན་བཟློག་པའི་ཐབས་ཟབ་མོ་ལུས་ཀྱི་མཆོད་སྦྱིན་གྱི་ཁྲིད་དང་༔ སྒོ་གསུམ་གྱི་སྣོད་དབང་དང་བྱིན་རླབས་ཀྱིས་གང་བར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་དང་༔ ཐར་པའི་ལམ་སྦྱོང་བ་ཟབ་ལམ་འཕོ་བའི་ཁྲིད་དང་བདུན་ནོ༔ དང་པོ་ཆོས་ཐམས་ཅད་ཀྱི་རྨིང་རྡོ་སྐྱབས་སུ་འགྲོ་བའི་ཁྲིད་ལ༔ རྣམ་གསུམ་དད་པའི་སྒོ་ནས་སྐྱབས་སུ་འགྲོ་དགོས་ཏེ༔ དེ་ལ་དང་བའི་དད་པ་ནི༔ ཡུལ་སྐུ་གསུང་ཐུགས་རྟེན་དང་༔ དགེ་འདུན་འདུས་པའི་སྡེ་མཛེས་ཤིང་ཡིད་དུ་འོང་བ་མཐོང་ཚེ་སྐྱབས་སུ་མཆིའོ་སྙམ་པ་དང་༔ འདོད་པའི་དད་པ་ནི་ཚེ་འདིའི་འཇིགས་སྐྱོབ་དང་༔ རེ་བའི་དོན་འགྲུབ་ཕྱིར་དད་པ་བྱེད་པ་དང་༔ མི་ཕྱེད་པའི་དད་པ་ནི་ངན་སོང་གསུམ་དང་འཁོར་བ་སྡུག་བསྔལ་གྱི་འཇིགས་པ་ལ་སྐྲག་ནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཡིད་ལ་བྱས་ནས་བློ་སྙིང་བྲང་གསུམ་ཕུར་ཚུགས་སུ་གཏོད་པའོ༔ སྐྱབས་སུ་འགྲོ་བ་དངོས་ལ་ཁྱད་པར་དབྱེ་བ༔ སྐྱབས་སུ་འགྲོ་ཚུལ༔ ཕན་ཡོན་བསམ་པ་དང་གསུམ༔ དང་པོ་ཁྱད་པར་དབྱེ་བ་ལ་གསུམ་ལས༔ དང་པོ་ངན་སོང་གི་སྡུག་བསྔལ་ལ་སྐྲག་ནས་བདེ་འགྲོ་ཙམ་དོན་དུ་གཉེར་བ་ནི་སྐྱེས་བུ་ཆུང་ངུའི་ལམ་སྟེ་འབྲས་བུ་ཡང་བདེ་འགྲོ་ལྷ་མིའི་གོ་འཕང་ཙམ་མོ༔ གཉིས་པ་འཁོར་བའི་སྡུག་བསྔལ་ལ་སྐྲག་ནས་རང་ཉིད་གཅིག་པུ་བདེ་འདོད་སྐྱིད་འདོད་ཀྱི་ལས་དོན་དུ་གཉེར་བ་སྐྱེས་བུ་འབྲིང་གི་ལམ་ཡིན་ཏེ་འབྲས་བུ་ཡང་རང་ཉིད་ཐར་བ་ཙམ་མོ༔ གསུམ་པ་མཐའ་མེད་འཁོར་བའི་སེམས་ཅན་ཐམས་ཅད་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བའི་ཕྱིར་སྐྱབས་སུ་འགྲོ་བ་ནི་སྐྱེས་བུ་ཆེན་པོའི་འཇུག་ངོགས་བསོད་ནམས་ཚད་མེད་པའི་ལམ་ཡང་དག་པ་སྟེ་འདིའི་རྗེས་སུ་བསླབ་པར་བྱའོ༔ གཉིས་པ་སྐྱབས་སུ་འགྲོ་ཚུལ་ནི༔ ཐུན་མོང་སྤྱིའི་སྐྱབས་ཡུལ་སངས་རྒྱས་ལ་སྟོན་པ༔ ཆོས་ལ་ཡང་དག་པའི་ལམ་གྱི་འཇུག་སྒོ༔ དགེ་འདུན་ལམ་བསྒྲུབ་པའི་གྲོགས་སུ་སྐྱབས་སུ་འགྲོ་བའོ༔ ཐུན་མིན་ནང་གི་སྐྱབས་ཡུལ་རང་གི་སྒོ་གསུམ་བླ་མ་ལ་འབུལ༔ ཡི་དམ་ལ་བརྟེན༔ མ་དང་མཁའ་འགྲོ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་བསྟེན་པའོ༔ གསང་བའི་སྐྱབས་ཡུལ་རང་གི་གནས་ལུགས་ཀུན་ཏུ་བཟང་པོ༔ ངོ་བོ་སྐྱེ་བ་མེད་པའི་ཆོས་སྐུ༔ རང་བཞིན་འགགས་པ་མེད་པའི་ལོངས་སྐུ༔ ཐུགས་རྗེ་ཀུན་ལ་ཁྱབ་པའི་སྤྲུལ་སྐུ་སྟེ༔ གཉིས་མེད་ལམ་དུ་བྱེད་པ་གསང་བ་བླ་ན་མེད་པ་གནས་ལུགས་དོན་གྱི་སྐྱབས་འགྲོའོ༔ འདི་ལས་གཞན་འཁོར་བ་ལས་མ་འདས་ཤིང་འཇིག་རྟེན་པ་ལ་བརྟེན་པ་རྣམས་ལ་འཇིགས་སྐྱོབ་ཀྱི་ནུས་པ་མེད་པས་ན་སྐྱབས་སུ་འགྲོ་བའི་གནས་མ་ཡིན་པས༔ དེས་ན་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་སྐྱབས་གཞན་གང་ལའང་སྐྱབས་སུ་འགྲོ་མི་རུང་སྟེ་ཐར་པ་དང་རྣམ་མཁྱེན་གྱི་གེགས་སུ་འགྱུར་བ་ཡིན་ནོ༔ དེ་ནས་མདུན་མཁར་ཚོགས་ཞིང་བསྐྱེད་པ་ནི༔ མ་དག་པའི་སེམས་དང་སྣང་བ་ཐམས་ཅད་རྨི་ལམ་དབྱིངས་སུ་སད་པ་ལྟར་གནས་འགྱུར་ཏེ་ཕྱི་སྣོད་ཀྱི་འཇིག་རྟེན་འདི་དག་རིན་པོ་ཆེ་སྣ་ཚོགས་ཀྱི་རྣམ་པའི་འོད་ཀྱི་ས་གཞི་མཛེས་ཤིང་ཡིད་དུ་འོང་བ་མེ་ལོང་གི་བྱད་ལྟར་དྭངས་ཤིང་ཁོད་སྙོམས་པ༔ མནན་ན་ནེམ་ཞིང་བཏེགས་ན་སྤར་བ༔ སྨན་གྱི་སྤང་རི་ལ་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་སྣ་ཚོགས་འབར་བའི་མེ་ཏོག་པདྨོ་བཞད་པས་ཡོངས་སུ་ཁེབས་པ༔ དེའི་དབུས་སུ་པདྨའི་སྡོང་པོ་ལོ་འདབ་རབ་ཏུ་རྒྱས་ཤིང་རྒྱ་ཆེ་ལ་ཁྱོན་ཡངས་པ་དབུས་ཀྱི་ཟེའུ་འབྲུའི་སྟེང་དུ་ཉི་མ་ཟླ་བ་བརྩེགས་པའི་གདན་ལ༔ ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ༔ ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་ས་ལ་བསྡིགས་ཤིང་༔ གཡོན་པའི་མཉམ་བཞག་གི་སྟེང་དུ་ཀ་པཱ་ལ་ཁ་ཁེབས་ཀྱི་སྟེང་དུ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བུམ་པ་དཔག་བསམ་ཤིང་གི་ཁ་རྒྱན་དང་བཅས་པ་བསྣམས་པ༔ དབུ་ལ་ཤྭ་བའི་མཉེན་ཞུ་རྒོད་ཀྱི་ལྡེམ་འཕྲུ་ཅན་དང་༔ སྐུ་ལ་ཕོད་ཁ་དང་ཟ་བེར་ཆོས་གོས་རྣམ་གསུམ་གྱིས་ཀླུབས་པ༔ ཡུམ་རྡོ་རྗེ་ཕག་མོ་སྦས་པའི་ཚུལ་གྱིས་ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བརྟེན་པ༔ འཇའ་ཚོན་འོད་ལྔའི་གུར་ཁང་གི་དབུས་སུ་འཇའ་ལུས་སྒྱུ་མའི་སྐུ་སྣང་ལ་རང་བཞིན་མེད་པ་ཞིག་ཏུ་བསྒོམ༔ དེའི་མཐའ་བསྐོར་དུ་རྩ་བ་བརྒྱུད་པའི་བླ་མའི་ཚོགས་མ་ལུས་ཤིང་ལུས་པ་མེད་པས་བཀྲ་དཔུང་ངེ་འོད་ཐིབས་སེ་བསྐོར་ནས་བཞུགས་པར་བསམ༔ གཡས་ཕྱོགས་ཀྱི་འདབ་མ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་གྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུ་གཡས་ས་གནོན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་མཚན་དང་དཔེ་བྱད་ཀྱིས་མཛེས་པ༔ ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་བ༔ དེ་ལས་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གིས་བསྐོར་ནས་བཞུགས་པར་བསྒོམ༔ རྒྱབ་ཕྱོགས་ཀྱི་འདབ་མ་ལ་ལུང་དང་རྟོགས་པའི་ཆོས་བཀའ་དང་པོ་ཏི་གླེགས་བམ་གྱི་ཚུལ་དུ་གསེར་གདུང་ཁྲ་ཆེམས་མེར་བཞུགས་པར་བསྒོམ༔ གཡོན་ཕྱོགས་ཀྱི་འདབ་མ་ལ་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་བྱང་ཆུབ་སེམས་དཔའི་སྡེ་ཚོགས༔ དེ་མཐར་ཉན་ཐོས་ཆེན་པོ་མཆོག་བརྒྱད་སོགས་དགེ་འདུན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་བསྒོམ༔ མདུན་གྱི་འདབ་མ་ལ་ཡི་དམ་ཀུན་འདུས་ཀྱི་ངོ་བོ་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུ༔ མ་དང་མཁའ་འགྲོ་ཀུན་འདུས་ཀྱི་བདག་ཉིད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ་དང་གཉིས་མེད་དུ་སྦྱོར་བ༔ དེ་ལ་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པས་བསྐོར་བར་བསམ༔ དེ་དག་གི་མཐའ་བསྐོར་དུ་ཡེ་ཤེས་དང་ལས་ལ་གྲུབ་པའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བཀྲ་དཔུང་ངེ་འོད་ཐིབས་སེ་བསྐོར་ནས་བཞུགས་པར་མོས་ལ༔ སྐྱབས་སུ་འགྲོ་བའི་གང་ཟག་གི་གཡས་སུ་ཕ་རུ་གྱུར་པ་གཡོན་དུ་མ་རུ་གྱུར་པ་མདུན་དུ་དགྲ༔ རྒྱབ་ཏུ་བགེགས་དང་གནོད་བྱེད་དུ་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་གུས་པས་ཕྱག་འཚལ༔ ངག་ཏུ་སྐྱབས་སུ་འགྲོ་བའི་ཚིག་འུར་འུར་དིར་དིར་དུ་འདོན༔ ཡིད་ཀྱིས་དུས་དེ་རིང་ནས་བཟུང་སྟེ་ཇི་སྲིད་རྣམ་མཁྱེན་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་སྐྱབས་ཀྱི་དམ་པ་ཁྱེད་རྣམས་ལ་སྐྱབས་སུ་མཆིའོ༔ ཁྱེད་རྣམས་ལ་བརྟེན་ནོ༔ ལུས་དང་ལོངས་སྤྱོད་ཐམས་ཅད་ཆགས་ཞེན་འཛིན་པ་དང་བྲལ་བས་འབུལ་ལོ༔ སུ་ལ་མི་རེ་ཁྱོད་ལ་རེ༔ སུ་ལ་མི་སྐྱབས་ཁྱེད་ལ་སྐྱབས་སོ་ཞེས་སྙམ་ཞིང་འདི་ལྟར་བརྗོད་པར་བྱའོ༔ ན་མོ༔ བདག་དང་མཐའ་ཡས་ཕ་མ་མཁའ་མཉམ་འགྲོ༔ ཇི་སྲིད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ སྐད་ཅིག་མི་འབྲལ་བརྩེ་བས་རྗེས་སུ་ཟུངས༔ ཞེས་ཅི་མང་བརྗོད་མཐར་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཕུང་སྤྲིན་ཕུང་ལྟ་བུར་བྱུང་ནས་རང་གཞན་རྣམས་ལ་ཐིམ་པས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་འོད་ཀྱི་ཕུང་པོར་གྱུར་ནས་ཨོ་རྒྱན་ཆེན་པོའི་ཐུགས་ཀར་ཐིམ༔ འཁོར་རྣམས་ཀྱང་འོད་དུ་ལྟེམས་ཀྱིས་ཞུ་ནས་གཙོ་བོ་ལ་ཐིམ་པས་གཉིས་སུ་མེད་པར་བསྒོམ་ལ་དམིགས་མེད་ཀྱི་ངང་དུ་འཇོག་པ་ཡིན༔ གསུམ་པ་བསླབ་བྱ་དང་ཕན་ཡོན་བསམ་པ་ལ༔ དང་པོ་སྤང་བྱ་གསུམ་ནི་སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་མི་བཙལ་བ་དང་༔ སེམས་ཅན་གྱི་བློ་ཁ་ཆོས་ལམ་ལས་བཟློག་པའི་ལས་ངན་སྤངས་པ་དང་༔ གྲོགས་ངན་ལོག་ལྟ་ཅན་རྣམས་དང་རྟག་ཏུ་མི་འགྲོགས་པ་དང་གསུམ་ནི་སྤང་བྱ་དང་༔ གཉིས་པ་བླང་བྱ་གསུམ་ནི༔ སངས་རྒྱས་སུ་བློ་བཞག་པའི་སྐུ་གཟུགས་ཆག་དུམ་དང་༔ ཆོས་ཀྱི་ཡན་ལག་ཡི་གེ་འབྲུ་གཅིག་ཡན་ཆད་དང་༔ དགེ་འདུན་གྱི་རྟགས་ཙམ་འཛིན་པ་ལའང་མ་གུས་པ་སྤངས་ཤིང་གུས་པ་བསྐྱེད་པར་བྱ་བ་ནི་བླང་བྱའོ༔ གསུམ་པ་ཆ་མཐུན་གསུམ་ནི༔ རང་གི་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ཅིང་དད་པ་དང་མོས་གུས་དྲག་པོས་བསྟེན་པ་ལས་མི་འདའ་བ་དང་༔ བླ་མ་དེས་ཅི་གསུང་གི་བཀའ་ཐམས་ཅད་དམ་པའི་ཆོས་དངོས་ཡིན་པར་བསམ་སྟེ་ཚུལ་བཞིན་དུ་བསྒྲུབ་པ་དང་༔ བླ་མའི་འཁོར་དང་ཉེ་བ་རྩ་ལག་ཐམས་ཅད་དགེ་འདུན་གྱི་སྡེ་རུ་བཟུང་སྟེ་བརྩི་བཀུར་དང་མཐུན་པ་བསྒྲུབ་པ་ནི་ཆ་མཐུན་གྱི་བསླབ་བྱའོ༔ བཞི་པ་ཕན་ཡོན་ལ་བསམ་པ་ནི༔ འདི་ནི་དམ་པའི་ཆོས་ཐམས་ཅད་ཀྱི་གཞི་རྟེན་ཡིན་ལ་གང་གི་སྐྱབས་སུ་སོང་བ་ཙམ་གྱིས་ཐར་པའི་ས་བོན་རྒྱུད་ལ་ཐེབས་པ་དང་སྨིན་གྲོལ་གྱི་སྣོད་དུ་རུང་ཞིང་ལས་ངན་དང་རྐྱེན་ངན་ཐམས་ཅད་ཀྱི་དབང་དུ་མི་འགྲོ་བས་ནང་པ་སངས་རྒྱས་ཀྱི་ཁྱུར་ཚུད་ཅིང་མཐར་ཐུག་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ལ་སྦྱོར་བ་ཡིན་ནོ༔ ༈གཉིས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཁྲིད་ལ༔ ཚད་མེད་བཞིས་བློ་སྦྱོང་བ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ༔ སྨོན་འཇུག་གི་བསླབ་བྱ་བསྟན་པའོ༔ དང་པོ་ཚད་མེད་བཞི་ནི༔ སྙིང་རྗེ་ཚད་མེད་པ་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱིས་གདུང་བ་ལ་མ་ཡི་བུ་སྡུག་བཙོན་ཁང་དུ་མནར་བ་མཐོང་བ་ལྟ་བུ་དང་༔ བྱམས་པ་ཚད་མེད་པ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་བཟོད་བླག་མེད་པའི་སྡུག་བསྔལ་དང་བྲལ་འདོད་ཀྱི་བསམ་པ་མའི་བུ་སྡུག་གཅིག་པུ་ལ་བྱམས་པ་ལྟ་བུ་དང་༔ དགའ་བ་ཚད་མེད་པ་སེམས་ཅན་ཐམས་ཅད་གཏན་གྱི་བདེ་བ་ཐོབ་པ་ལ་དགའ་བ་བསྒོམ་པ་ནི་རྨང་པོར་བུ་སྡུག་བཙས་པ་ལྟ་བུ་དང་༔ བཏང་སྙོམས་ཚད་མེད་པ་སེམས་ཅན་ཐམས་ཅད་ལ་ཉེ་རིང་ཕྱོགས་རིས་མེད་པར་ཆོས་ཅི་བྱས་པ་ཐམས་ཅད་ལ་མ་གཅིག་གིས་བུ་མང་ལ་ལོངས་སྤྱོད་སྟེར་བ་ལྟ་བུ་ཞིག་དགོས་པ་ཡིན་ལ༔ དེ་ལྟ་བུའི་ཚད་མེད་པ་བཞིས་བློ་སྦྱོང་ནས༔ གཉིས་པ་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དངོས་ལ༔ ཐོག་མར་རང་ཉིད་ཐར་པ་ཐོབ་ནས་ཕྱིས་གཞན་དོན་སྒྲུབ་པར་འདོད་པ་བློ་སྟོབས་ཆུང་ངུ་དང་༔ རང་དང་མཉམ་དུ་སེམས་ཅན་ཐམས་ཅད་ཐར་བར་འདོད་པ་བློ་སྟོབས་འབྲིང་དང་༔ རང་ལ་ཅི་མི་སྙམ་པར་གཞན་སེམས་ཅན་ཐམས་ཅད་རྣམ་མཁྱེན་གྱི་གོ་འཕང་ཐོབ་པར་འདོད་ནས་དེའི་ལས་ལ་བརྩོན་པ་ནི་བློ་སྟོབས་ཆེན་པོའི་ལམ་བསོད་ནམས་ཚད་མེད་པའི་འཇུག་ངོགས་བླ་ན་མེད་པའོ༔ དེ་ནས་མདུན་གྱི་ནམ་མཁར་ཚོགས་ཞིང་གོང་ལྟར་གསལ་བཏབ་པའི་སྤྱན་སྔར་ཉེས་ལྟུང་བཤགས་པའི་ཆེད་དུ་གཉེན་པོ་སྟོབས་བཞིའི་སྒོ་ནས་ཕུང་པོ་གསུམ་པའི་མདོ་འདོན་པ་ལ་སོགས་པ་དང་༔ བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་འབྱོངས་པར་བྱ་བའི་ཕྱིར་ཡོན་ཏན་དང་རིན་ཐང་ལྟ་བུར་ཡན་ལག་བདུན་པ་དང་མཎྜལ་དབུལ་ཞིང་སྡོམ་སེམས་དམ་བཅའ་བཟུང་བ་ལ༔ མགོན་པོ་སྲས་དང་བཅས་པ་བདག་ལ་དགོངས༔ ཚད་མེད་རྣམ་བཞིའི་འགྲོ་དོན་དང་དུ་ལེན༔ བྱང་ཆུབ་སེམས་བཟུང་ཕར་ཕྱིན་དྲུག་ཕར་བསླབ༔ དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ཐོབ་ཤོག༔ ཅེས་བརྗོད་ཅིང་ཚོགས་ཞིང་གི་སྤྱན་སྔར་སྔོན་ཆད་ཁྱེད་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཇི་ལྟར་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པར་བྱའོ༔ བསླབ་པ་ལ་ཇི་ལྟར་གནས་པ་བཞིན་དུ་བདག་གིས་ཀྱང་དེ་བཞིན་དུ་བསླབ་པར་བྱའོ་བསམ་ཞིང་ཞེ་ཐག་པ་ནས་སྡོམ་པ་བླང་ཞིང་དམ་བཅའ་བཟུང་བར་བྱ་བ་ཡིན་ནོ༔ མཐར་ཚོགས་ཞིང་ཐམས་ཅད་རང་ལ་བསྟིམས་ཏེ༔ དེ་དག་གི་ཐུགས་རྒྱུད་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་གི་རྒྱུད་ལ་འདྲེས་པར་བསམ་ཞིང་སྟོང་ཉིད་ཀྱི་ངང་དུ་མཉམ་པར་བཞག་གོ༔ གསུམ་པ་སྨོན་འཇུག་གི་བསླབ་བྱ་བསྟན་པ་ལ༔ དང་པོ་སྨོན་པའི་བསླབ་བྱ་ནི༔ བདག་བདེ་ཞིང་སྐྱིད་པར་འདོད་པ་ལྟར་རང་ལ་མི་སེམས་པར་སེམས་ཅན་ཐམས་ཅད་ཀྱང་དེ་བཞིན་དུ་བདེ་བར་འདོད་པ་བདག་གཞན་མཉམ་པ་དང་༔ བདག་གི་བདེ་བ་དང་དགེ་བའི་དངོས་པོ་ཐམས་ཅད་གཞན་ལ་གཏོང་ཞིང་གཞན་གྱི་སྡིག་པ་དང་སྡུག་བསྔལ་རང་ལ་ལེན་པ་ནི་བདག་གཞན་བརྗེ་བ་དང་༔ བདག་དོན་ལ་ཅི་མི་སྙམ་པར་གཞན་དོན་ཁོ་ན་ལ་དམིགས་པ་ནི་བདག་བས་གཞན་གཅེས་ཞེས་བྱ་སྟེ་སྨོན་པའི་བསླབ་བྱའོ༔ གཉིས་པ་འཇུག་པའི་བསླབ་བྱ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ༔ དེ་ལ་དབྱེ་ན་རྒྱུ་ཟང་ཟིང་ནོར་གྱི་སྦྱིན་པ༔ ལམ་དམ་པའི་ཆོས་ཀྱི་སྦྱིན་པ༔ གཞན་འཇིགས་པ་ལས་སྐྱོབ་པ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་དང་གསུམ་སྦྱིན་པའི་ཕ་རོལ་དུ་ཕྱིན་པའོ༔ མི་དགེ་བའི་སྒོ་སྡོམ་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས༔ དགེ་བ་བཅུ་ལ་རྟག་ཏུ་སྤྱོད་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས༔ བསམ་སྦྱོར་གཉིས་ཀྱི་སྒོ་ནས་རྟག་ཏུ་སེམས་ཅན་གྱི་དོན་བྱེད་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ༔ གཞན་གྱི་གནོད་པ་དང་རྒོལ་བ་བཟོད་པ༔ ཆོས་ཀྱི་ཕྱིར་དུ་དཀའ་ཚེགས་དང་བཀྲེས་སྐོམ་ལ་སོགས་པ་བཟོད་པ༔ ལྟ་སྒོམ་ཟབ་མོའི་དོན་ལ་མི་སྐྲག་པར་བཟོད་པ་དང་གསུམ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ༔ ཆོས་ཕྱིར་སྙིང་སྟོབས་ཆེན་པོའི་ཤུགས་བསྐྱེད་པ་ནི་གོ་ཆའི་བརྩོན་འགྲུས༔ སྒོ་གསུམ་དམ་པའི་ཆོས་སུ་སྦྱོར་བ་ལ་ཐང་ལྷོད་མེད་པར་བརྩོན་པ་ནི་སྦྱོར་བའི་བརྩོན་འགྲུས༔ ཆོས་ལ་ཆོག་ཤེས་མེད་པ་ནི་ཆོག་པར་མི་འཛིན་པའི་བརྩོན་འགྲུས་དང་གསུམ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ༔ རྟག་ཏུ་འཁོར་བའི་གནས་ལས་དབེན་པ་བསྟེན་ཅིང་སེམས་ཀྱི་རྣམ་རྟོག་པ་རྟོག་དཔྱོད་བྱེད་ཅིང་གནས་ཉམས་པ་འཇོག་པ་ནི་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན༔ རགས་པའི་རྣམ་རྟོག་ཐམས་ཅད་ངང་དུ་ཞི་སྟེ་དཔྱོད་བྱེད་ཀྱི་ཤེས་པ་ཕྲ་མོའི་ཡིད་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་འཇོག་པ་ནི་དོན་རབ་འབྱེད་པའི་བསམ་གཏན༔ རྟོགས་ཚོགས་ཕྲ་རགས་ཐམས་ཅད་ངོ་བོ་སྟོང་པའི་ངང་དུ་ཞི་ནས་མི་གཡོ་བའི་ངང་དུ་གནས་པ་ནི་དེ་བཞིན་གཤེགས་དགེའི་བསམ་གཏན་ཏེ་དེ་གསུམ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ༔ བླ་མ་ལས་གདམས་ངག་ཟབ་མོ་ཉན་ཏེ་དོན་ལ་ནོར་འཁྲུལ་མེད་པར་ཁོང་དུ་ཆུབ་པར་བྱ་བ་ནི་ཐོས་པའི་ཤེས་རབ༔ གདམས་ངག་གི་དོན་ལ་ཐེ་ཚོམ་དང་སྒྲོ་འདོགས་གཅོད་པ་ནི་བསམ་པའི་ཤེས་རབ༔ འདི་ལྟར་སྣང་བའི་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་རང་ཀློང་དུ་རང་སྣང་བ་ཙམ་ལས་གཞན་དུ་མ་གྲུབ་པ་ལྟ་བུ༔ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཞི་སྣང་ལྷུན་གྲུབ་ཀྱི་རྩལ་དུ་ཤར་བ་ལས་གཞན་ན་གྲུབ་པ་རྡུལ་ཙམ་ཡང་མེད་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་ལྟ་བ་དང་༔ ཆོས་སྐུ་གཏིང་གསལ་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པའི་ངང་ཚུལ་མངོན་དུ་བྱེད་པ་ལས་མི་འདའ་བ་སྒོམ་པ༔ ལྟ་བའི་ཕྱོགས་སུ་སྤྱོད་པ་མི་འཆོལ་བ་ཤེས་བཞིན་བག་ཡོད་དང་ལྡན་པ༔ སྤྱོད་པའི་ཕྱོགས་སུ་ལྟ་བ་མི་འཆོལ་བར་ལམ་ལྟ་སྒོམ་ཡལ་བར་མི་དོར་བ་སྤྱོད་པ་སྟེ་སྒོམ་པའི་ཤེས་རབ་ཡིན་ལ་དེ་གསུམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ༔ དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པ་ནི་འཇུག་པ་བྱང་ཆུབ་སེམས་ཞེས་བྱ་བའི་བསླབ་བྱ་ཡིན་ནོ༔ སྨོན་འཇུག་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པའི་འབྲས་བུ་ནི་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་ལྟ་བུར་མི་ཟད་པའི་གཏེར་ཆེན་པོར་འགྱུར་ཏེ་གོང་ནས་གོང་དུ་འཕེལ་བར་བྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ལ་འཕེན་པར་བྱེད་དོ༔ རང་དོན་ཡིད་བྱེད་ཀྱི་དགེ་བ་ནི་ཐེག་པ་ཆུང་ངུའི་ལམ་འཁོར་བར་བསོད་ནམས་བསགས་པ་ཙམ་སྟེ་འབྲས་བུ་ལན་གཅིག་ལས་མེད་པ་ཆུ་ཤིང་ལྟ་བུའོ༔ དེ་ཕྱིར་ཐེག་པ་ཆུང་ངུའི་ལམ་ལས་བཟློག་སྟེ་ཐེག་ཆེན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་ལ་བརྩོན་པ་ནི་གནད་དང་སྙིང་པོར་གྱུར་པ་ཡིན་ནོ༔ ༈གསུམ་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཀྱི་ཁྲིད་ལ༔ རང་གཞི་དྭངས་གསལ་མེ་ལོང་གི་ངོས་ལྟ་བུ་ལ༔ སྒྲིབ་གཉིས་རྡུལ་གྱི་དྲི་མས་གཡོགས་ཏེ་རྟོགས་པའི་གཟུགས་བརྙན་མི་འཆར་བས་དེ་ཉིད་སྦྱོང་བའི་ཐབས་གཉེན་པོ་སྟོབས་བཞིའི་སྒོ་ནས་བཤགས་སྦྱངས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་གནད་དུ་བསྣུན་པ་ནི༔ རང་གི་སྤྱི་བོར་ཁྲུ་གང་ཙམ་གྱི་ནམ་མཁར་པདྨ་དཀར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ༔ དེའི་སྟེང་དུ་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ལ་རྣམ་པ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལྟར་དཀར་ཞིང་ཤེལ་ལྟར་གསལ་བ༔ གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན་མཚན་དཔེས་མཛེས་ཤིང་ལང་ཚོའི་དཔལ་ཡོན་ཕུན་སུམ་ཚོགས་པ་དང་ལྡན་པ༔ ཕྱག་གཡས་པས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་ཅིང་༔ གཡོན་པས་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ༔ ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ༔ རིན་པོ་ཆེའི་དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དཔུང་རྒྱན་ཕྱག་གདུབ་ཞབས་གདུབ་དོ་ཤལ་སེ་མོ་དོ་སྟེ་རིན་པོ་ཆེའི་རྒྱན་བརྒྱད༔ དར་གྱི་ཅོད་པན་སྟོད་གཡོགས་སྨད་དཀྲིས་གསང་གོས་སྐུ་རགས་ཏེ་དར་གྱི་ཆོས་གོས་ལྔ༔ དེ་ལྟ་བུའི་ལོངས་སྤྱོད་རྫོགས་སྐུའི་ཆས་བཅུ་གསུམ་གྱིས་སྤྲས་པ༔ འཇའ་ཚོན་འོད་ལྔའི་གུར་ཁང་གི་ཀློང་དུ་སྣང་ལ་རང་བཞིན་མེད་པ་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་ཉིད་དུ་བསྐྱེད་དོ༔ དེའི་པང་དུ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གཡས་གྲི་གུག་དང་གཡོན་བྷན་ཐོད་བསྣམས་པ༔ གཅེར་བུ་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ་དང་གཉིས་མེད་དུ་སྦྱོར་བ་སྣང་སྟོང་གཉིས་སུ་མེད་པའི་ངོ་བོར་བསྒོམ་པ་ནི་གཉེན་པོ་རྟེན་གྱི་སྟོབས་ཞེས་བྱ་བ་དང་༔ དེའི་མདུན་དུ་རང་གིས་སྔར་བྱས་ཀྱི་སྡིག་པ་མི་དགེ་བའི་ལས་ཅི་དང་ཅི་བགྱིས་པ་ཐམས་ཅད་གནོང་ཞིང་འགྱོད་པའི་སྒོ་ནས་བཤགས་པ་ནི་ཉེས་བྱས་སུན་འབྱིན་པའི་སྟོབས་དང་༔ ཕྱིན་ཆད་སྲོག་ལ་བབས་ཀྱང་མི་དགེ་བའི་ལས་མི་བགྱིད་སྙམ་དུ་སྡོམ་སེམས་བཟུང་བ་ནི་ཉེས་པ་ལས་བཟློག་པ་སྡོམ་པའི་སྟོབས་དང་༔ སླར་ཡང་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ལ་སྤྱི་བོའི་རྡོ་རྗེ་སེམས་དཔའི་ཐུགས་ཀར་ཧཱུྃ་ཡིག་དཀར་པོ་ཟླ་བ་ལྟ་བུར་གསལ་བའི་མཐའ་བསྐོར་དུ་སྔགས་ཡི་གེ་བརྒྱ་པའི་ཕྲེང་བ་དངུལ་ཆུའི་ཁ་དོག་ལྟར་ངང་སྒ་ར་ར་འཁོར་བ་ལས་བདུད་རྩི་བྱང་སེམས་ཀྱི་རང་བཞིན་བབས་པ་སྦྱོར་མཚམས་ནས་ཆུ་ཀླུང་དྲག་པོ་ལྟ་བུར་བྱུང་སྟེ་རང་གི་སྤྱི་བོ་ནས་བཞུགས༔ ནད་ཐམས་ཅད་རྣག་ཁྲག་དང་༔ གདོན་ཐམས་ཅད་འབུ་སྲིན་སྣ་ཚོགས༔ སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པར་འོག་སྒོ་གཉིས་དང་བ་སྤུའི་བུ་ག་ནས་ཐོན་ཏེ་ས་རིམ་པ་དགུའོ་འོག་ཏུ་སོང་བས་འཆི་བདག་ལས་ཀྱི་གཤིན་རྗེ་ལ་སོགས་པ་ལན་ཆགས་ཀྱི་བདག་པོ་དང་བདག་མོ་རྣམས་ཀྱི་ཁ་རུ་སོང་བས་དུས་མ་ཡིན་པའི་འཆི་བ་བཟློག་པར་བསམ་སྟེ༔ རང་གི་སྤྱི་བོར་པདྨ་ཟླ་གདན་ལ༔ བླ་མ་རྡོ་རྗེ་སེམས་དཔའ་ཤེལ་གྱི་མདོག༔ ཞི་འཛུམ་སྐྱིལ་ཀྲུང་མཚན་དཔེའི་ལང་ཚོ་འབར༔ ལོངས་སྐུའི་ཆས་རྫོགས་རྡོར་དྲིལ་བསྣོལ་ཐབས་འཛིན༔ སྙེམས་མ་ཡུམ་དང་འཁྲིལ་བའི་སྦྱོར་མཚམས་ནས༔ བདུད་རྩིའི་རྒྱུན་བབས་ནད་གདོན་སྒྲིབ་སྦྱངས་གྱུར༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་སཏྭ་ཨཱཿཞེས་མང་དུ་བཟླ་བ་ནི་སྤྱི་ལྟར་བསྒོམ་བཟླས་དང་༔ རྡོ་རྗེ་སེམས་དཔའི་ཞལ་ནས་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཡིན་ནོ་ཞེས་ཞེ་གསུངས་ཤིང་འོད་དུ་ལྟེམས་ཀྱིས་ཞུ་ནས་རང་ལ་ཐིམ་པས་རང་ཉིད་ཀྱང་རྡོ་རྗེ་སེམས་དཔའི་སྐུར་ལམ་གྱིས་གྱུར་པར་བསམ་ལ༔ སྡིག་སྒྲིབ་ཀུན་དག་ཤེལ་སྒོང་ལྟ་བུར་གྱུར༔ སླར་ཡང་འོད་དཀར་རྣམ་པར་མེར་གྱིས་ཞུ༔ བདག་སྣང་དང་འདྲེས་རྡོར་སེམས་སྐུ་རུ་གྱུར༔ སྣང་སྲིད་དག་པ་རབ་འབྱམས་རོལ་པར་བལྟ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཡི་གེ་དྲུག་པ་ཅི་ནུས་སུ་བཟླ་བ་ནང་ལྟར་བསྒོམ་བཟླས་དང་༔ མཐར་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་མཉམ་པར་འཇོག་པ་གསང་བ་ལྟར་བསྒོམ་པའོ༔ ༈བཞི་པ་ཚོགས་བསགས་པའི་སྒོ་ཐམས་ཅད་འདུ་བ་མཎྜལ་གྱི་ཁྲིད་ལ༔ རྒྱུ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པའི་ཕྱིར་དུ༔ མདུན་གྱི་ནམ་མཁར་བླ་མ་སྐུ་གསུམ་གྱི་ཞིང་དང་དཀྱིལ་འཁོར་ཐམས་ཅད་ཐོ་བརྩེགས་སུ་གསལ་གདབ་ལ་དེ་དག་གི་དྲུང་དུ་ཕྱི་ནང་གསང་བའི་མཎྜལ་འབུལ་བ་ལ༔ མཎྜལ་ཀྱི་གཞི་རབ་གསེར་དངུལ་ལས་བྱས་པ་ལ་རིན་པོ་སྣ་ཚོགས་ཀྱི་ཚོམ་བུ་བཀོད་པ་དང་༔ འབྲིང་ལི་དང་འཁར་བ་ངོས་དྭངས་ཤིང་གསལ་བ་ལ་སྨན་སྣ་ཚོགས་ཀྱི་ཚོམ་བུ་བཀོད་པ་དང་༔ ཐ་མ་རྡོ་ལེབ་དང་ཤིང་ལེབ་ངོས་འཇམ་ཞིང་ཁོད་སྙོམས་པ་ལ་འབྲུ་སྣ་དང་ས་དང་བྱེ་མ་ལ་སོགས་པ་གང་ཡང་རུང་བའི་ཚོམ་བུ་བཀོད་དེ༔ སྲིད་གསུམ་རི་རབ་གླིང་བཞི་གླིང་ཕྲན་ལྕགས་རི་མུ་ཁྱུད་དང་བཅས་པར་གསལ་ཞིང་༔ དེ་ལ་དང་པོ་སྟོང་གསུམ་གྱི་སྟོང་ཆུང་ངུ་དང་༔ སྟོང་གཉིས་པ་བར་མའི་འཇིག་རྟེན་དང་༔ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཏེ༔ དེ་ལ་གཞལ་ན་རི་རབ་གླིང་བཞི་སྟོང་སྟོང་ཆུང་ངུ་དང་༔ སྟོང་ཆུང་ངུ་སྟོང་སྟོང་འབྲིང་བོ༔ སྟོང་འབྲིང་པོ་སྟོང་སྟོང་ཆེན་པོ༔ དེ་དག་གི་སྟེང་ན་ལྷའི་སྲིད་པ༔ བར་མིའི་སྲིད་པ༔ འོག་ཀླུའི་སྲིད་པ་སྟེ་སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་ཞེས་བྱ་བ་སྟེ༔ དེ་དག་གི་སྣོད་བཅུད་འདོད་ཡོན་ལོངས་སྤྱོད་ཐམས་ཅད་བདག་གིས་བདག་ཏུ་མ་བཟུང་བ་གཅིག་ཀྱང་མེད་པས་ཚོམ་བུ་གཅིག་ཏུ་བསྡུས་ཤིང་དྲིལ་ཏེ་བླ་མ་སྤྲུལ་སྐུའི་དཀྱིལ་འཁོར་དུ་འབུལ་བ་ཕྱིའི་མཎྜལ་དང་༔ རང་ལུས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རི་རབ་གླིང་བཞི་གླིང་ཕྲན་ལྷ་ཀླུ་མིའི་སྣོད་བཅུད་ལོངས་སྤྱོད་འདོད་རྒུའི་དཔལ་ཡོན་ཏུ་སྤྲུལ་ནས་བླ་མ་ལོངས་སྐུའི་ཞིང་དུ་འབུལ་བ་ནང་གི་མཎྜལ་དང་༔ ཀུན་གཞི་ཡངས་པ་གདལ་ཁྱབ་ཀྱི་གཞི་ལ་རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་འབྱུང་བའི་གནས་སུ་དམིགས་ཏེ་བླ་མ་ཆོས་སྐུའི་ཞིང་དུ་འབུལ་བ་གསང་བའི་མཎྜལ་ཞེས་བྱ་བ་ཡིན་ནོ༔ ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་མི་མཇེད་བཀོད་པ་མཐའ་ཡས་དཔལ༔ བདག་ལུས་ལོངས་སྤྱོད་བསོད་ནམས་དགེ་རྩར་བཅས༔ ཡོངས་རྫོགས་བཀོད་པ་མཛེས་ལྡན་མཎྜལ་འདི༔ ཚོགས་གཉིས་རྫོགས་ཕྱིར་དཀོན་མཆོག་གསུམ་ལ་འབུལ༔ ཞེས་ཅི་མང་བརྗོད་མཐར་ཚོགས་ཞིང་རྣམས་རང་ལ་བསྡུས་ཏེ་དམིགས་མེད་ཀྱི་ངང་དུ་བཞག་གོ༔ དེའི་ཕན་ཡོན་ནི་ལམ་གྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་སེལ་བ་དང་༔ ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཏེ་མཐར་ཐུག་ཀ་དག་གདོད་མའི་གཞི་རུ་སད་ནས་སངས་རྒྱས་པར་འགྱུར་རོ༔ ༈ལྔ་པ་ཚོགས་བསགས་པ་ཐམས་ཅད་ཀྱི་མཆོག་གཅེས་འཛིན་ཕུང་པོ་མཆོད་སྦྱིན་གྱི་ཁྲིད་ལ༔ དང་པོ་རྣམ་ཤེས་དབྱིངས་སུ་སྤར་བ་ནམ་མཁའ་གོ་འབྱེད་ནི༔ ཕཊ༔ རང་ལུས་ཆེ་ཚོ་རི་རབ་ཙམ་གྱི་དབུས༔ སྒོ་ཡི་དྭངས་མ་རྩ་མཆོག་དབུ་མའི་སྦུབས༔ རྣམ་ཤེས་ངོ་བོ་ཐིག་ལེ་དཀར་དམར་མདངས༔ ཆེ་ཆུང་ཚད་ནི་མ་སར་སྒོ་ང་ཙམ༔ སྐར་མདའ་ཆད་བཞིན་སྟེང་གི་ནམ་མཁར་འཕོས༔ ཕཊ༔ རང་ལུས་འདི་ཆེ་བ་ཚོ་བ་སྣུམ་པ་རི་རབ་ཙམ་དུ་གྱུར་པའི་དབུས་སུ་རྩ་དབུ་མ་ཤེལ་དཀར་གྱི་ཀྭ་བ་བཙུགས་པ་ལྟ་བུའི་ནང་ཁོངས་སུ་རང་གི་རིག་པ་བྱ་མ་སར་གྱི་སྒོ་ང་ལྟ་བུར་འོད་ལྔའི་ཁ་དོག་འཆར་བ་བྱ་ཆེན་གྱི་སྒོ་ང་ཙམ་པ་ཞིག་ཏུ་གྱུར་ཏེ་ཕཊ་ཀྱི་སྒྲ་དང་བཅས་ཏེ་ཆབ་གཅིག་ཏུ་སྐར་མདའ་འཕང་བ་ལྟར་སྟེང་གི་ནམ་མཁའ་ལ་འཕོས་ཤིང་ཐིམ་པར་བསམ༔ སྐད་ཅིག་གིས་ཆུ་ལས་ཆུ་ལྦུར་རྡོལ་བའམ་མཁའ་ལས་འཇའ་ཚོན་ཤར་བ་བཞིན་དུ༔ རང་གི་རིག་པ་མ་ཅིག་ཁྲོས་མ་ནག་མོ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང་གཡོན་ཐོད་ཁྲག་བསྣམས་པ༔ དབུ་སྐྲ་དམར་སེར་མེ་ལྟར་འབར་བའི་ཁྲོད་དུ་ཕག་ཞལ་ནག་པོ་གྱེན་དུ་ངུར་བ༔ ཞབས་གཉིས་གར་སྟབས་མཛད་ཅིང་ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བརྟེན་པ༔ ཐོད་པ་ར་རི་སུམ་བརྩེགས་ཀྱི་ཕྲེང་བས་སྤྲས་ཤིང་༔ ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་འགྱིང་བ་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ་ཞིག་ཏུ་བསྐྱེད་ལ༔ ཕཊ༔ རང་རིག་ཡེ་ཤེས་ཁྲོས་མ་གྲི་ཐོད་ཅན༔ ཕྱག་གཡས་གྲི་གུག་བེམ་པོར་ཚད་ཙམ་གྱིས༔ ཤ་རི་ཁྲག་མཚོ་རུས་པའི་གྲམ་ཁྲོད་དང་༔ དཀར་དམར་ལ་སོགས་སྲིད་གསུམ་ཟས་ཀྱི་རིགས༔ འདོད་ཡོན་མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད༔ མཆོད་དང་སྦྱིན་ཡུལ་གྱི་མགྲོན་ཚོགས་ཞིང་དུ་སྤྱན་འདྲེན་པ་ནི༔ ཕཊ་ཕཊ་ཕཊ༔ དཀོན་མཆོག་སྲི་ཞུ་མགོན་པོ་ཡོན་ཏན་མགྲོན༔ རིགས་དྲུག་སྙིང་རྗེ་བགེགས་རིགས་ལན་ཆགས་མགྲོན༔ མི་མངོན་ནམ་མཁའི་དབྱིངས་ནས་སྐུར་བཞེངས་ལ༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ ཕཊ་ཕཊ་ཕཊ༔ ཕུང་པོ་འདོད་རྒུའི་ལོངས་སྤྱོད་མི་ཟད་གཏེར༔ དཔག་ཡས་ནམ་མཁའི་ཁྱོན་དང་མཉམ་པ་འདིས༔ དཀོན་མཆོག་སྲི་ཞུའི་མགྲོན་གྱུར་ཐམས་ཅད་དང་༔ མགོན་པོ་ཡོན་ཏན་མགྲོན་རྣམས་ཀུན་ལ་མཆོད༔ ཕཊ་ཕཊ་ཕཊ༔ འགྲོ་བ་རིགས་དྲུག་བར་དོའི་སེམས་ཅན་སྤྱི༔ བགེགས་རིགས་ལན་ཆགས་མགྲོན་རྣམས་ཐམས་ཅད་མཆོད༔ ཚོགས་རྫོགས་སྒྲིབ་དག་བུ་ལོན་ལན་ཆགས་བྱང་༔ ཀུན་ཀྱང་ཟག་མེད་བདེ་ལ་སྤྱོད་གྱུར་ཅིག༔ ཕཊ་ཕཊ་ཕཊ༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་མ་ལུས་པ༔ རྨི་ལམ་དབྱིངས་སུ་སད་པ་ཇི་བཞིན་དུ༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོའི་དགོངས་པར་འདྲེས༔ ཡུམ་ཆེན་ཆོས་སྐུའི་ཀློང་དུ་བྱང་ཆུབ་བོ༔ ཨ་ཨ་ཨཱཿཕཊ་ཕཊ་ཕཊ༔ དེ་ལྟར་མཆོད་སྦྱིན་གྱི་མཆོག་གདམས་ངག་ཉམས་སུ་ལེན་པ་ལ༔ རྣམ་ཤེས་དབྱིངས་སུ་སྤར་བ་ཁྲོས་མར་བཞེངས་ཏེ་བམ་རོ་ས་ལ་འགྱེལ་བ་ཆེ་ཚོ་སྣུམ་ལ་བརྗིད་པ་སྟོང་གསུམ་ཙམ་དུ་གྱུར་པར་བསམ༔ ཕྱག་གཡས་གྲི་གུག་ཚད་པ་ཙམ་གྱིས་ཐོད་པ་སྨིན་མཚམས་ནས་བྲེག་སྟེ་སྒར་གྱིས་འཕར་ནས་ཐོད་སྒྱེད་རི་རབ་ཙམ་པ་གསུམ་གྱི་ཁར་བབས༔ ལྤགས་པ་ས་གཞི་ཁེབས་པར་བཀྲམ་པའི་སྟེང་དུ་གནས་པར་བསམ༔ སྒྱེད་པུ་གསུམ་གྱི་བར་དུ་ཨ་ཐུང་དང་རཾ་ཡིག་དམར་པོ༔ ཡཾ་ཡིག་ལྗང་གུ་གསུམ་གསལ༔ གྲི་གུག་ཚད་པ་ཙམ་གྱིས་བམ་རོ་བྷནྡྷའི་ནང་དུ་ཁྲོལ་གྱིས་ཞིག་པ་ལ༔ འོག་གི་ཡཾ་ལས་རླུང་གཡོས༔ ཨ་ཐུང་དང་རཾ་ལས་མེ་འབར་ཐོད་པའི་བདུད་རྩི་ཁོལ་ཞིང་༔ མི་གཙང་བ་དང་འབག་བཙོག་དྲི་མ་ཐམས་ཅད་ཤ་ལྦུ་ཕྱིར་ལུད་པ་བཞིན་ཞིང་ལྤགས་ཀྱི་ས་གཞིའི་སྟེང་དུ་བབ་པ་ལས་བྱུང་བའི༔ བཟའ་བ་ཤའི་རི་བོ༔ བཏུང་བ་ཁྲག་གི་རྒྱ་མཚོ༔ བཅའ་བ་རུས་པའི་གྲམ་ཁྲོད༔ ལྡག་པ་ཚིལ་ཞུན་གྱི་ཕུང་པོ༔ གཞིབ་པ་རྐང་དང་ལྷ་བ་རི་ལྟར་སྤུངས་ཤིང་མཚོ་ལྟར་བསྐྱིལ་བ་དཔག་ཡས་ནམ་མཁའི་ཁྱོན་དང་མཉམ་པར་བསྒོམ༔ དབྱིངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདུད་རྩི་འཇའི་སྤྲིན་ཕུང་གཏིབས་པ་བཞིན་དུ་བྱུང་ནས་བདུད་རྩི་ལ་ཐིམ་པས༔ བདུད་རྩི་ཁོལ་ཞིང་ལྦུ་བ་དང་ངད་རླངས་ལས་འདོད་ཡོན་ནམ་མཁའ་མཛོད་དུ་སྤྲོ་བའི་རང་བཞིན་ཅན་དུ་དམིགས་ལ༔ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས༔ ཕཊ་སྒྲ་གསུམ་བརྗོད་པས་དང་པོས་མགྲོན་བཞིས་ཐོས༔ གཉིས་པས་དབྱིངས་ནས་བཞེངས༔ གསུམ་པས་ཐིབ་ཀྱིས་འདུས་པར་བསམ༔ བདུད་རྩིའི་ཕུད་དང་པོས་དཀོན་མཆོག་སྲི་ཞུའི་མགྲོན༔ བར་པས་མགོན་པོ་ཡོན་ཏན་གྱི་མགྲོན༔ ཐ་མས་རིགས་དྲུག་སྙིང་རྗེའི་མགྲོན་དང་༔ བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་ཐམས་ཅད་ལ་མཆོད་ཅིང་ཐོབ་པར་བྱས་ཏེ་དགའ་མགུ་ཡི་རང་ཟག་མེད་ཀྱི་བདེ་བས་ངོམས་ཤིང་ཚིམ་པར་བསམ༔ ལྷག་མ་ཡེ་ཤེས་ཀྱི་བདུད་རྩི་སྣང་སྲིད་ཐམས་ཅད་ཁྱབ་པར་སྤྲུལ་ཏེ་ལྷ་འདྲེ་ཁས་ཉན་དབང་ཆུང་ཞ་ལོང་འོན་ལྐུག་ཉམ་ཐག་ཅིང་བང་བུལ་བ་ཐམས་ཅད་ལ་ཕམ་རྒྱལ་འཐབ་རྩོད་མེད་པར་ཐོབ་ནས་རང་རང་སོ་སོའི་སྡུག་བསྔལ་དང་བྲལ་ཏེ་ཟག་མེད་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ལ་དབང་འབྱོར་བར་བསམ༔ མཐར་དགེ་སྡིག་གཏོང་ལེན་གྱི་དམིགས་པ་ལན་གསུམ་ཐམས་ཅད་ལ་དཔོག་རྗེས༔ མཆོད་སྦྱིན་གྱི་ཡུལ་མགྲོན་བཞི་དང་༔ མཆོད་པའི་དངོས་པོ༔ སྦྱིན་པ་པོ་བདག་དང་བཅས་པ་ཕཊ་དང་པོས་སྤྲུལ་སྐུའི་དབྱིངས་སུ་བསྲེ༔ གཉིས་པས་ལོངས་སྐུའི་དབྱིངས་སུ་བསྲེ༔ གསུམ་པས་ཆོས་སྐུའི་དབྱིངས་སུ་བསྲེས་ཏེ་ཁྱབ་བརྡལ་གྱི་ངང་དུ་བཞག༔ མཐར་ཆོས་སྦྱིན་དང་བསྔོ་སྨོན་གྱིས་རྒྱས་གདབ་པའོ༔ ༈དྲུག་པ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ༔ རང་སྣང་གི་བཀོད་པ་འདི་སྐད་ཅིག་གི་བདེ་ཆེན་པདྨ་འོད་ཀྱི་ཞིང་ཁམས་དང་༔ གཞལ་ཡས་ཁང་མཚན་ཉིད་བཀོད་པ་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ༔ རང་ཉིད་འཕོ་ཆེན་གྲུབ་པའི་རྣལ་འབྱོར་མ་ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དཀར་དམར་གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ༔ གཡས་པས་གྲི་གུག་ཕྱར་ཞིང་གཡོན་པས་བྷན་ཐོད་བདུད་རྩིས་བཀང་བ་ཐུགས་ཀར་བསྣམས་པ༔ ཞབས་གཉིས་འདོར་སྟབས་སུ་བཞེངས་ཤིང་༔ སྤྱན་གསུམ་ནམ་མཁའི་མཐོངས་ལ་གཟིགས་པ༔ གཅེར་མོ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་འོད་དང་འོད་ཕུང་འབར་བའི་སྐུར་གསལ་ལ༔ དེའི་སྤྱི་བོར་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ་རྩ་བའི་བླ་མ་དང་གཉིས་སུ་མེད་པ༔ དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ༔ མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་དང་གཡོན་པས་ཐོད་བུམ་བདུད་རྩིས་བཀང་བ་བསྣམས་ཤིང་མཉམ་བཞག་མཛད་པ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་མཆན་ཁུང་གཡོན་དུ་ཡུམ་ལྷ་ལྕམ་མནྡ་ར་བ་སྦས་པའི་ཚུལ་གྱིས་ཁ་ཊྭཱྃ་རྩེ་གསུམ་སྐུ་ལ་བརྟེན་པ༔ ཟ་བེར་དང་ཕོད་ཀ་ཆོས་གོས་རྣམ་པ་གསུམ་གྱིས་ཀླུབས་པ༔ ཡེ་ཤེས་འཇའ་སྐུ་སྟོང་གསལ་འཇའ་འོད་ཀྱི་གུར་ཁང་གི་ཀློང་དུ་བཞུགས་པའོ༔ དེའི་ཕྱི་རིམ་ཁོར་ཡུག་ཏུ་རྩ་བ་བརྒྱུད་པའི་བླ་མ་མ་ལུས་ཤིང་ལུས་པ་མེད་པར་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་བསྐོར་ནས་བཞུགས་པ་རྣམས་ཀྱིས་རང་ལ་ཞལ་གྱིས་ཕྱོགས༔ སྤྱན་གྱིས་གཟིགས༔ ཐུགས་བརྩེ་ཐུགས་རྗེ་དང་ལྡན་པའི་ངང་ནས་གཟིགས་ཤིང་དགོངས་པར་བསམ་ལ༔ རང་སྣང་རྣམ་དག་དོན་གྱི་འོག་མིན་ཞིང་༔ རང་ཉིད་མཁའ་སྤྱོད་དབང་མོ་གྲི་ཐོད་ཅན༔ དམར་གསལ་དོར་སྟབས་མཚན་དཔེའི་ལང་ཚོས་མཛེས༔ རིངས་པའི་ཚུལ་གྱིས་སྟེང་གི་ནམ་མཁར་གཟིགས༔ སྣ་ཚོགས་དར་དང་རཏྣ་རུས་པས་བརྒྱན༔ མདུན་གྱི་ནམ་མཁར་འཇའ་འོད་འཁྲིགས་པའི་ཀློང་༔ མ་ཆགས་པདྨ་ཉི་ཟླའི་གདན་སྟེང་དུ༔ བླ་མའི་ངོ་བོ་པདྨ་འབྱུང་གནས་སྐུ༔ དཀར་དམར་མདངས་ལྡན་གཟི་བརྗིད་འོད་ཕུང་འབར༔ གཞོན་ཚུལ་མཚན་དཔེ་རབ་རྫོགས་ཞི་མ་ཁྲོ༔ པད་ཞྭ་བེར་མཐིང་ཆོས་གོས་ཐང་ཤམ་གསོལ༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས༔ ཞབས་གཉིས་རོལ་སྟབས་ཁ་ཊྭཱྃ་མཆན་དུ་བརྟེན༔ སྣང་སྲིད་ཟིལ་གྱིས་གནོན་པའི་སྐུར་བསྒོམ་མོ༔ དེ་ལྟར་རིག་འཛིན་བླ་མའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་སྐུ་གསུམ་དག་པའི་ཞིང་ནས༔ བརྒྱུད་གསུམ་བླ་མ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་ལྟར༔ རྡོ་རྗེ་བླ་མའི་དཀྱིལ་འཁོར་བསྒོམ་པ་ལ་ཐིམ་པས་དབང་བྱིན་དངོས་གྲུབ་ཐམས་ཅད་ཀྱི་གཏེར་མཛོད་དུ་གྱུར་པར་བསམ་ལ༔ ཧཱུྃ༔ རྔ་ཡབ་གླིང་དབུས་ཟངས་མདོག་དཔལ་རིའི་རྩེར༔ བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་སུ༔ རྗེ་བཙུན་བླ་མ་ཨོ་རྒྱན་སྤྲུལ་པའི་སྐུ༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ བརྒྱུད་འཛིན་བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནས་ཡིད་ཁྱེད་ཤེས་ཀྱི་དད་པ་དྲག་པོ་མིག་ནས་མཆི་མ་འདྲིལ་བ་ཙམ་དུ་བསྐྱེད་ལ༔ དབང་དང་བྱིན་རླབས་དངོས་གྲུབ་ཡེ་ཤེས་ཡོན་ཏན་ཐམས་ཅད་རང་གི་རྒྱུད་ལ་སྤར་ཞིང་འཕོ་བའི་ཆེད་དུ་དམིགས་ཏེ༔ བྱིས་པ་ལྟོག་སྐོམ་གྱིས་གདུང་ཚེ་མ་ལ་འབོད་པ་བཞིན་དུ་གསོལ་བ་ཕུར་ཚུགས་སུ་གདབ་པ་ནི༔ ཀྱཻ་ཧོཿདུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྤྱི་དཔལ་བླ་མ་རིན་པོ་ཆེ༔ མཐོང་བས་མ་རིག་མུན་པ་སེལ༔ ཐོས་པས་ཐེ་ཚོམ་དྲྭ་བ་གཅོད༔ དྲན་པས་དགོངས་རྒྱུད་རྟོགས་པ་འཕོ༔ རེག་པས་བྱིན་རླབས་དངོས་གྲུབ་སྟེར༔ བཀའ་དྲིན་བསམ་ན་བརྗོད་ལས་འདས༔ ཡོན་ཏན་ནམ་མཁའི་མཐའ་དང་མཉམ༔ བཟོད་མེད་གདུང་ཤུགས་དྲག་པོ་ཡིས༔ གསོལ་བ་འདེབས་སོ་ཐུགས་རྗེས་དགོངས༔ བདག་ལུས་ལོངས་སྤྱོད་དགེ་རྩར་བཅས༔ ཆགས་ཞེན་མེད་པར་ཁྱོད་ལ་འབུལ༔ འདི་ནས་ཚེ་རབས་ཐམས་ཅད་དུ༔ སྐྱབས་དང་སྐྱེལ་མ་མགོན་དང་དཔུང་༔ གཏན་གྱི་མགོན་པོ་ཁྱེད་ལས་མེད༔ བློ་སྙིང་བྲང་གསུམ་ལིང་གིས་བཀལ༔ སྐྱིད་སྡུག་ལེགས་ཉེས་ཐམས་ཅད་དང་༔ མཐོ་དམན་གར་གཏོང་བླ་མ་མཁྱེན༔ བདག་ནི་ཚེ་རབས་ཐོག་མེད་ནས༔ མ་རིག་འཁྲུལ་པའི་དབང་གྱུར་ཏེ༔ ཁམས་གསུམ་འཁོར་བའི་བཙོན་ཁང་དུ༔ བཟོད་མེད་སྡུག་བསྔལ་གསུམ་གྱིས་གདུངས༔ ཉམ་ཐག་ཟུག་རྔུ་ཁུར་མ་བཟོད༔ སྙིང་ནས་རྗེ་བཙུན་བླ་མར་འབོད༔ བདེ་འདོད་སྡུག་བསྔལ་ལས་ལ་བརྩོན༔ སྣང་བའི་ཡུལ་དུ་བདུད་ཀྱིས་བསླུས༔ ཞེན་པས་གཉིས་འཛིན་འཁྲུལ་པར་འཕྱན༔ དེ་འདྲའི་ལས་ངན་སྐལ་ངན་ལ༔ སྐྱབས་མགོན་ཁྱེད་ལས་སྐྱོབ་པ་སུ༔ གསོལ་བ་འདེབས་སོ་བླ་མ་རྗེ༔ ཐུགས་རྗེས་ཟུངས་ཤིག་བཀའ་དྲིན་ཅན༔ བྱིན་གྱིས་རློབས་ཤིག་ནུས་མཐུ་ཅན༔ རྗེས་སུ་ཟུངས་ཤིག་སྤྱི་དཔལ་མཆོག༔ བློ་སྣ་ཆོས་ལ་བསྒྱུར་དུ་གསོལ༔ དབང་བཞི་བསྐུར་བར་མཛད་དུ་གསོལ༔ སྒྲིབ་བཞི་དག་པར་མཛད་དུ་གསོལ༔ སྐུ་བཞི་ཐོབ་པར་མཛད་དུ་གསོལ༔ དགོངས་རྒྱུད་བྱིན་རླབས་བདག་ལ་འཕོས༔ མ་རིག་མུན་པ་དྲུང་འབྱིན་ནས༔ གཟུང་འཛིན་འཁྲུལ་པའི་འཕྱང་པ་ཁྲོལ༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་ཅིང་༔ ཆོས་ཟད་བློ་འདས་ཆེན་པོར་སྐྱོལ༔ ལྷུན་གྲུབ་གཞོན་ནུ་བུམ་པའི་སྐུར༔ འཇའ་ལུས་ཆེན་པོར་དབུགས་འབྱིན་མཛོད༔ དེ་ལྟར་གསོལ་བ་གདབ་སྟེ་མཐར་དབང་བཞི་ལེན་པ་ལ༔ བླ་མའི་དཔྲལ་བར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག་འོད་དང་འོད་ཕུང་འབར་བ་ལ་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་དབང་བྱིན་དངོས་གྲུབ་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འདུས་ཤིང་རྫོགས་པར་བསྒོམ་ལ༔ བླ་མའི་དཔྲལ་བར་ཨོཾ་དཀར་པོ་གསལ་བ་ལས་འོད་ཟེར་དཀར་པོ་སྐར་མདའ་ཆད་པ་ལྟར་འཕྲོས་ཏེ་རང་གི་སྤྱི་བོ་ནས་ཞུགས༔ ལུས་དང་རྩའི་སྒྲིབ་པ་སྦྱངས༔ སྐུ་བུམ་པའི་དབང་ཐོབ༔ ལུས་རྡོ་རྗེ་སྐུའི་རོལ་པར་བྱིན་གྱིས་བརླབས༔ སྤྲུལ་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་པར་བསམ༔ མགྲིན་པར་ཨཱཿཡིག་དམར་པོ་གསལ་བ་ལས་འོད་ཟེར་དམར་པོ་གློག་ཞགས་འཁྱུགས་པ་ལྟ་བུར་བདག་གི་མགྲིན་པ་ནས་ཞུགས༔ ངག་དང་རླུང་གི་སྒྲིབ་པ་སྦྱངས༔ གསུང་གསང་བའི་དབང་ཐོབ༔ ངག་རྡོ་རྗེ་གསུང་གི་རོལ་པར་བྱིན་གྱིས་བརླབས༔ ལོངས་སྤྱོད་རྫོགས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་པར་བསམ༔ ཐུགས་ཀའི་ཧཱུྃ་ཡིག་མཐིང་ནག་གསལ་བ་ལས་འོད་ཟེར་མཐིང་ནག་སྤྲིན་དཔུང་འཐིབས་པ་ལྟ་བུར་བྱུང་ནས་རང་གི་སྙིང་གར་ཐིམ་པས་ཡིད་དང་ཐིག་ལེའི་སྒྲིབ་པ་སྦྱངས༔ ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ ཡིད་རྡོ་རྗེ་ཐུགས་ཀྱི་རོལ་པར་བྱིན་གྱིས་བརླབས༔ ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པར་བསམ༔ སླར་ཡང་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ངོ་བོ་ཐིག་ལེ་ཁ་དོག་ལྔ་དང་ལྡན་པ་ཞིག་རང་གི་སྙིང་གར་ཐིམ་པས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས༔ ཚིག་དབང་རིན་པོ་ཆེ་ཐོབ༔ རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་དང་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབས༔ ངོ་བོ་ཉིད་ཀྱི་སྐུ་མངོན་དུ་གྱུར་པའི་ས་བོན་རྒྱུད་ལ་བཞག་པར་བསམ༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿསླར་ཡང་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་གཉིས་སུ་མེད་པར་བསྒོམ་ཞིང་ཐུགས་ཡིད་རོ་གཅིག་ཏུ་བསྲེས་ཏེ་མཉམ་པར་བཞག༔ གོང་གི་བསྙེན་སྔགས་ལ་བབ་ཚེ་སྟོང་ངམ་བརྒྱའམ་ཉེར་གཅིག་སོགས་བཟླ་བ་ནི་གནད་ཀྱི་གནད་མཆོག་དམ་པ་ཡིན་ཏེ་ཤེས་པར་བྱའོ༔ རང་དབང་རང་ལ་བསྐུར་བ་ཡི༔ ཡང་ཟབ་བླ་ན་མེད་པ་འདི༔ གཞན་གྱིས་དབང་བསྐུར་བརྒྱ་ལས་ལྷག༔ གསང་སྔགས་ཟབ་མོའི་སྒོར་ཞུགས་པའི༔ ལས་ཅན་སྐལ་ལྡན་ཕོ་མོ་རྣམས༔ རྟག་ཏུ་ཆགས་མེད་ཉམས་ལེན་མཛོད༔ ཐུགས་རྒྱུད་ཡེ་ཤེས་རྒྱུད་ལ་འཕོ༔ ཚེ་གཅིག་རྣམ་གྲོལ་འབྲས་བུ་ཐོབ༔ ༈བདུན་པ་མ་སྒོམ་སངས་རྒྱས་འཕོ་བའི་ལམ་ཟབ་མོ་ཉམས་སུ་ལེན་པའི་ཁྲིད་ལ༔ ཐོག་མར་འཕོ་བ་ཞེས་བྱ་བའི་ངེས་ཚིག་ནི༔ མ་དག་པའི་སེམས་དང་སྣང་བ་ཐམས་ཅད་དག་དབྱིངས་དྭངས་མ་རུ་འཕོ་བ་རབ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ་དང་༔ ཚེ་གཅིག་བསྐྱེད་རིམ་ལ་གོམས་པའི་སྐྱེས་བུ་རྣམས་ཀྱིས་སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་རོལ་པ་ལས་མི་འདའ་བར་འཁོར་འདས་དག་མཉམ་གྱི་རོལ་པར་ཤེས་པའི་ངང་ནས་སྐུ་དང་ཞིང་ཁམས་ཀྱི་རོལ་པར་གོ་འཕོས་པ་ནི་འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ་མ་དག་ཞིང་ཁམས་སུ་མངོན་དུ་གྱུར་པ་ཉིད་ཡིན་ལ༔ ཐ་མ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ་ནི་རྩ་དབུ་མ་ལམ་གྱི་འདུ་ཤེས༔ རྣམ་ཤེས་ལ་མགྲོན་པོའི་འདུ་ཤེས༔ འཕོ་ཡུལ་སྐུ་དང་ཞིང་ཁམས་བསྐྱེད་པ་ལ་གནས་པོའི་འདུ་ཤེས་རྣམས་སོ༔ དེ་ལ་དང་པོ་རང་གི་གནས་དང་ཡུལ་ཁམས་ཐམས་ཅད་དག་པའི་ཞིང་བདེ་བ་ཅན་དུ་གསལ་བའི་དབུས་སུ་མ་ཆགས་པདྨ་འདབ་བརྒྱད་གྱེས་པའི་སྟེང་དུ་ཟླ་བའི་གདན་ལ༔ རང་ལུས་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གཞོན་ནུ་བཅུ་དྲུག་ལོན་པའི་ལང་ཚོ་ཅན༔ སྐུ་གཅེར་བུ་རུས་པའི་རྒྱན་དྲུག་གིས་སྤྲས་པ༔ ཞབས་གཉིས་འདོར་སྟབས་སུ་བཞེངས་པ་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་བསྣམས་ཤིང་༔ སྐུ་སྟོང་གསལ་འོད་ཀྱི་གུར་ཁང་དུ་གསལ་བའི་དབུས་སུ་རྩ་དབུ་མ་བྱང་ཆུབ་ཀྱི་རྒྱུད་ལམ་ཕྱི་དཀར་ལ་ནང་དམར་བ་བར་མཐིང་ཤུན་ལྟར་སྔོ་བ༔ ཡར་སྣ་སྤྱི་བོ་ཚངས་པའི་བུ་གར་རྒྱ་མཐོང་གི་ཁ་ཕྱེས་པ་ལྟར་ཧར་གྱིས་ཡོད་པ༔ མར་སྣ་ལྟེ་འོག་གཉེར་པོ་ཆེ་རུ་ཟུག་ཅིང་༔ སྙིང་གར་ཚིགས་ཀྱིས་བཅད་པའི་སྟེང་དུ་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་འོད་ཀྱི་ཐིག་ལེ་ཁ་དོག་ལྔ་དང་ལྡན་པ་བྱ་མ་སར་གྱི་སྒོ་ང་ལྟ་བུ་འཕར་ལིང་ལིང་བྱེད་པ་ཞིག་ཏུ་བསྒོམ༔ སྤྱི་བོར་ཁྲུ་གང་འཕགས་པའི་སྟེང་གི་ནམ་མཁའ་ལ་ཡེ་ཤེས་ཀྱི་འོད་སྣང་ལས་གྲུབ་པའི་ཞིང་ཁམས་རྒྱ་ཆེ་ལ་ཁྱོན་ཡངས་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ༔ ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ལ་རྣམ་པ་སངས་རྒྱས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་པདྨ་རཱ་གའི་ཕུང་པོ་ལྟར་འོད་དང་འོད་ཟེར་འབར་བ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ༔ ཕྱག་གཉིས་མཉམ་བཞག་མཛད་པའི་སྟེང་དུ་ལྷུང་བཟེད་འཛིན་ཅིང་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་བ༔ འཇའ་ཚོན་འོད་ལྔའི་ཀློང་དུ་འཇའ་ལུས་སྒྱུ་མའི་སྐུ་སྣང་ལ་རང་བཞིན་མེད་པ་ཞིག་ཏུ་བསྒོམས་ཏེ༔ གནས་ཀྱི་མངོན་ཞེན་ལྡོག་པའི་ཕྱིར༔ ཨེ་མ་ཧོ༔ རང་སྣང་རྣམ་དག་དོན་གྱི་འོག་མིན་ཞིང་༔ ལུས་ཀྱི་མངོན་ཞེན་ལྡོག་པའི་ཕྱིར༔ རང་ལུས་རྣལ་འབྱོར་དམར་མོ་གྲི་ཐོད་ཅན༔ ཞི་འཛུམ་དོར་སྟབས་མཚན་དཔེའི་ལང་ཚོས་མཛེས༔ ལམ་གྱི་འདུ་ཤེས་ལ༔ སྐུ་དབུས་དབུ་མ་མདའ་སྙུག་འབྲིང་པོ་ཙམ༔ སྙིང་གའི་གནས་ནས་སྤྱི་བོར་ཐ་ལེར་ཟུག༔ གནས་པོའི་འདུ་ཤེས་ལ༔ རིགས་ཀྱི་བདག་པོ་སངས་རྒྱས་འོད་དཔག་མེད༔ དམར་གསལ་མཉམ་བཞག་སྐྱིལ་ཀྲུང་པད་ཟླར་བཞུགས༔ ཞི་འཛུམ་མཚན་དཔེ་རབ་རྫོགས་སྤྲུལ་སྐུའི་ཆས༔ སྐུ་ལ་བཀོད་པ་རྒྱལ་བའི་དཀྱིལ་འཁོར་རྫོགས༔ མགྲོན་པོའི་འདུ་ཤེས་ལ༔ སྙིང་དབུས་རིག་པ་དྭངས་མའི་ཐིག་ལེར་གསལ༔ དབུ་མའི་ལམ་ནས་སྐར་མདའ་རྒྱུག་པ་བཞིན༔ སངས་རྒྱས་འོད་དཔག་མེད་པའི་ཐུགས་ཀར་འཕོ༔ ཕཊ་ཕཊ་ཕཊ༔ དེ་ནས་མཚན་བརྗོད་ཅིང་མོས་གུས་དྲག་པོ་མཆི་མ་འདྲིལ་བ་ཙམ་དུ་བསྐྱེད་ལ་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་ནི༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་འགྲོ་བའི་མགོན་པོ་པདྨ་འབྱུང་༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔ ཕཊ་ཕཊ་ཕཊ༔ ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་མཐར་ཐུགས་ཀའི་ཧྲཱིཿལས་འོད་ཕུང་དམར་པོ་འཕྲོས་ཏེ་རྣམ་པར་ཤེས་པ་ལ་ཐིམ་པས་མེ་སྟག་ཡར་བའམ་སྐར་མདའ་ཆད་པ་བཞིན་དུ་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ་པར་བསམ་ལ་ཕཊ་སྒྲ་གསུམ་གྱིས་སྤར༔ དེ་ལྟར་ཡང་ཡང་བསྐྱར་བའི་རྗེས་སུ་སངས་རྒྱས་འོད་དཔག་མེད་མགོན་འཁོར་ཞིང་ཁམས་དང་བཅས་པ་འོད་དུ་མེར་གྱིས་ཞུ་ནས་དབུ་མའི་ལམ་ནས་མར་བབས་ཏེ་ལུས་ཐམས་ཅད་འཆི་མེད་ཚེའི་ངོ་བོ་འོད་དམར་གྱིས་ལྟེམས་སེ་ཁྱབ་ཅིང་གང་བར་བསྒོམ་ཞིང་༔ རྩ་བར༔ རྟག་ཏུ་སྦྱངས་ཚེ་རིགས་བདག་འོད་དུ་ཞུ༔ དབུ་མའི་ལམ་ནས་སྙིང་གར་ཐིམ་པ་ཡིས༔ འཆི་མེད་མགོན་པོའི་དཔལ་ཡོན་རྫོགས་པར་བསམ༔ ཞེས་སོ༔ དེ་ནས་ཚེ་བསྙེན་ཅུང་ཟད་བཟླས་ཏེ་མཐར་བསྔོ་སྨོན་གྱིས་རྒྱས་གདབ་པར་བྱའོ༔ ལས་ལ་སྦྱར་བའི་སྐབས་སུ་གོང་བཞིན་རྣམ་པར་ཤེས་པ་དཔག་ཆེན་གྱིས་མདའ་འཕང་བ་བཞིན་དུ་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཕཊ་ཀྱི་སྒྲས་བསྟིམས་ཏེ་ཞིང་ཁམས་རྣམ་དག་ཡིད་ལ་བྱེད་ནུས་ན་རྣམ་དག་དབུགས་ཆེན་འབྱིན་པའི་ཞིང་དུ་གྲོལ་བ་འཐོབ་པར་གདོན་མི་ཟའོ༔ རྩ་བར༔ ལས་ལ་སྦྱར་ཚེ་ཕྱོགས་བཅུའི་སྤྲུལ་པའི་ཞིང་༔ གང་འདོད་ཡིད་ལ་བྱས་ནས་དེ་ཉིད་དུ༔ ཐེ་ཚོམ་ཕྱིར་ཆགས་མེད་པར་འཕོ་ནུས་ན༔ རྣམ་དག་ཞིང་དུ་དབུགས་ཆེན་འབྱིན་འགྱུར་རོ༔ ཞེས་གསུངས་སོ༔ དེ་ལྟར་ཁྲིད་ཀྱི་སྐབས་རྣམས་སུ་སྔོན་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགེ་བའི་རྩ་བ་ཇི་ལྟར་བསྔོས་པ་དང་༔ ད་ལྟའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཇི་ལྟར་བསྔོ་བར་མཛད་པ་དང་༔ མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཇི་ལྟར་བསྔོ་བར་འགྱུར་བ་དེ་བཞིན་དུ་དགེ་བའི་རྩ་བ་འདི་དག་ཀྱང་སེམས་ཅན་ཐམས་ཅད་ལ་ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་ཐོབ་པའི་ཆེད་དུ་བསྔོ་བར་བགྱིའོ་སྙམ་པ་ནི་རྗེས་སུ་མཐུན་པའི་བསྔོ་བ་ཞེས་བྱ་བ་ཡིན་ཏེ་དགེ་བའི་རྩ་བ་གང་བསྒྲུབ་ཀྱང་མེད་ཐབས་མེད་པ་ཡིན༔ མཐར་སྨོན་ལམ་ཅི་རིགས་གདབ་ཅིང་འགྲུབ་པའི་བདེན་ཚིག་དང་སྔགས་བཅས་བརྗོད་པར་བྱ་བ་ནི་གནད་དམ་པ་ཡིན་ཏེ་ཤེས་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཡང་ས་གཏེར་སྔོན་འགྲོའི་ངག་འདོན་དང་མཐུན་པའི་ཁྲིད་བྱིན་རླབས་དངོས་གྲུབ་ཀྱི་བང་མཛོད་ཅེས་བྱ་བ་འདི་ཉིད་རང་ལོ་ཉེར་ལྔའི་དུས་སུ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་རང་གི་ཡིག་རྩིས་སློབ་པའི་སློབ་དཔོན་དུ་སྤྲུལ་ནས་གསུངས་པ་ལ་བརྟེན་ནས༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་བསྒྱུར་ཏེ་མཐར་སློབ་བུ་མཆོག་རབ་དང་ཀློང་ཆེན་གཉིས་ཀྱིས་ནན་དུ་བསྐུལ་ངོར་ལི་སྟོད་སྐལ་བཟང་དགོན་ནས་གཏན་ལ་ཕབ་པ་དུས་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག།ཡི་གེ་པའང་བཙུན་པ་ཀློང་ཆེན་གྱིས་བགྱིས་པའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།།།