TTDL-ZABTER-16-MA-030
TTDL-ZABTER-16-MA-030
༄༅།།རང་བཞིན་རྫོགས་པ་ཆེན་པོའི་རང་ཞལ་མངོན་དུ་བྱེད་པའི་གདམས་པ་མ་བསྒོམ་སངས་རྒྱས་བཞུགས་སོ།། ༄༅།།ཁྱབ་བདག་གདོད་མའི་མགོན་པོ་ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་གྲོང་ཁྱེར་མཆོག་ལ་མི་ཕྱེད་དད་པའི་སྒོ་ནས་ཕྱག་འཚལ་ལོ།།དུས་དེང་སང་སྙིགས་མ་ལྔ་བདོ་བའི་སྐབས་འདིར་སེམས་ཅན་དམུ་རྒོད་ལས་ངན་དབང་ཆེ་བའི་སྟོབས་ཀྱིས་མི་ཚེ་རྨི་ལམ་གྱི་གནས་སྐབས་ཙམ་འདི་ལ་ཞེན་ཅིང་བློ་ཐག་རིང་པོས་གཏན་དུ་སྡོད་གྲབ་བྱེད་ཅིང་ཕྱི་མའི་དོན་གཉེར་རྒྱབ་ཏུ་བོར་བ་ཤ་སྟག་ལས་མེད་དེ།དེའི་ཕྱིར་ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་དོན་དུ་གཉེར་བ་ནི་ཉིན་མོའི་སྐར་མ་ཙམ་ལས་མ་མཐོང་།གལ་ཏེ་འཆི་བ་དྲན་ནས་ཆོས་ཉམས་སུ་ལེན་པར་སྤྲོ་ཡང་ལུས་ངག་གི་དགེ་སྦྱོར་ཙམ་ལ་མི་ཚེ་ཟད་ནས་མཐོ་རིས་ལྷ་མིའི་གོ་འཕང་དོན་དུ་གཉེར་བ་དང་༔ ཡང་འགའ་ཞིག་གིས་ལྟ་བ་སྟོང་ཉིད་ཀྱི་ཕྱོགས་ཙམ་མི་ཤེས་པར་རང་སེམས་སྟོང་པ་རུ་ཐག་བཅད་ནས་རྣམ་པར་རྟོག་པའམ་ཤེས་པ་བཟོ་མེད་ཙམ་ངོ་སྤྲད་དེ་དེའི་ངང་དུ་བྱར་མེད་དུ་སྡོད་པས་འདོད་གཟུགས་ཀྱི་ལྷ་རུ་འཕེན་པ་ཙམ་ལས་རྣམ་མཁྱེན་གྱི་ལམ་ལ་སྤུ་རྩེ་ཙམ་ཡང་ཉེ་བ་མ་ཡིན་ནོ།།དེའི་ཕྱིར་ན་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་ཚོགས་རྒྱ་ཆེན་པོ་བསགས།སྨོན་ལམ་བཟང་པོས་མཚམས་སྦྱར་དོན་དམ་པའི་ཆོས་ལ་ལས་འབྲེལ་བཞག་པའི་སྐྱེས་བུ་རེ་ཙམ་མཆིས་ན་དེའི་དབང་སྐལ་དུ་ངས་བསྟན་པ་ཡིན།ང་དང་ལས་འབྲེལ་མེད་ཅིང་རྫོགས་པ་ཆེན་པོའི་ཆོས་ལ་དབང་བྱེད་པའི་སྐལ་བ་མེད་པ་དག་གིས་བསྟན་པ་འདི་ལ་སྒྲོ་སྐུར་བྱེད་པ་ལས་བློ་འབྲོག་དགོན་པ་རུ་འབྲོས་པར་འགྱུར་བ་ཡིན།དེ་ལྟར་མ་ཡིན་པའི་བདག་དང་སྐལ་བ་མཉམ་པའི་སྐྱེས་བུ་རྣམས་ཀྱིས་གདམས་པ་འདིར་ལྟོས་ལ་བརྟག་དཔྱད་གོམས་འདྲིས་ཀྱི་སྒོ་ནས་འཁོར་འདས་སྟོང་ཉིད་ཆེན་པོར་ངོ་ཤེས་ཏེ་ངང་རྟོགས་པར་མཛོད་ཅིག།འདིར་རང་བཞིན་རྫོགས་པ་ཆེན་པོ་ལ་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཡོད་པ་ལས།འདི་ནི་གསང་བ་མན་ངག་གི་སྡེ་ཞེས་བྱ་བ་ཡིན།འདི་ལ་ལྟ་བ་དང་།བསྒོམ་པ་དང་།སྤྱོད་པ་གསུམ་དུ་ཡོད་པ་ལས།དང་པོ་ལྟ་བ་གཏན་ལ་དབབ་པ་ལ།མེད་པ་དང་།གཅིག་པུ་དང་།ཕྱལ་བ་དང་།ལྷུན་གྲུབ་རྣམ་པ་བཞིའི་སྒོ་ནས་གཏན་ལ་ཕབ་སྟེ་ཇི་ལྟ་བ་བཞིན་ཏུ་རྟོགས་པར་བྱ་བ་ནི་གནད་དམ་པ་ཡིན་ནོ།།དེ་ལ་དང་པོ་མེད་པའི་ཚུལ་གཏད་ལ་དབབ་པ་ལ།གང་ཟག་གི་བདག་གཏན་ལ་དབབ་པ་དང་།ཆོས་ཀྱི་བདག་གཏན་ལ་དབབ་པ་གཉིས་ཡོད་པ་ལས།དང་པོ་གང་ཟག་གི་བདག་ཅེས་བྱ་བ་ནི།ཉིན་སྣང་དང་།རྨི་སྣང་དང་།བར་སྲིད་དང་།ཕྱི་མའི་དུས་རྣམས་སུ་བདག་ཡོད་པར་སྣང་ཙམ་ཉིད་ལ་གང་ཟག་གི་བདག་ཅེས་བྱའོ།།དེ་མ་ཐག་ཏུ་ང་རུ་བཟུང་བའི་ཤེས་པ་བག་ལ་ཉལ་བ་ལ་ཤེས་པ་ཕྱི་མའམ་རྣམ་པར་རྟོག་པ་ཞེས་བྱ་སྟེ།དེས་གསལ་བཏབ་ནས་བརྟན་ཅིང་འཐས་པར་བྱས་པ་ཡིན།དེའི་ཕྱིར་ང་ཞེས་བྱ་བ་དང་པོ་བྱུང་བའི་ཁུངས་ལ་བརྟག་ནས་བྱུང་ཁུངས་མེད་པའི་ས་ལ་གཏུག་གོ།བར་དུ་གནས་པའི་ས་བཙལ་བ་ལ།ང་ཞེས་བྱ་བ་དེ་གནས་ས་དང་གནས་མཁན་སོ་སོར་ངོས་བཟུང་མཚན་མ་ཅན་དུ་ཡོད་དམ་མེད་འདི་ལྟར་བརྟག་པར་བྱའོ།།མགོ་ལ་ནི་མགོ་ཞེས་བྱ་སྟེ་ང་མ་ཡིན།དེ་བཞིན་མགོ་ལྤགས་ལའང་ལྤགས་པ་ཞེས་བྱ་སྟེ་ང་མ་ཡིན།རུས་པ་ལ་རུས་པ་བརྗོད་པ་ལས་ང་མ་ཡིན།དེ་བཞིན་དུ་མིག་ནི་མིག་ལས་ང་མ་ཡིན།རྣ་བ་ནི་རྣ་བ་ལས་ང་མ་ཡིན།སྣ་ནི་སྣ་ལས་ང་མ་ཡིན།ལྕེ་ནི་ལྕེ་ལས་ང་མ་ཡིན།སོ་ནི་སོ་ལས་ང་མ་ཡིན།ཀླད་པ་ཡང་ང་མ་ཡིན།ཤ་ཁྲག་ཆུ་སེར་རྩ་རྒྱུས་རྣམས་ལའང་རང་རང་གི་མིང་ལས་ང་མ་ཐོགས་པ་དེས་ཤེས།ཡང་ལག་པ་ནི་ལག་པ་ལས་ང་མ་ཡིན།སོག་པ་ནི་དེ་བཞིན་ང་མ་ཡིན།དཔུང་པ་ནི་མ་ཡིན།ལག་ངར་ནི་མ་ཡིན།སོར་མཛུབ་རྣམས་ཀྱང་མ་ཡིན།ཡང་རྒལ་ཚིགས་ནི་རྒལ་ཚིགས་ལས་ང་མ་ཡིན།རྩིབ་མ་ནི་ང་མ་ཡིན།བྲང་ནི་ང་མ་ཡིན།གློ་བ་ནི་ང་མ་ཡིན།སྙིང་ནི་ང་མ་ཡིན།མཆིན་ཁྲི་ནི་ང་མ་ཡིན།མཆིན་པ་དང་མཚེར་པ་ནི་ང་མ་ཡིན།རྒྱུ་མ་དང་མཁལ་མ་ནི་ང་མ་ཡིན།དྲི་ཆུ་དང་གཤང་ལྕི་ནི་ང་མ་ཡིན།ཡང་རྐང་པ་ལའང་ང་ཡི་མིང་མི་གདག་སྟེ།།བརླ་ལ་བརླ་ཞེས་གདག་པ་ལས་ང་མི་གདག།དཔྱི་ཡང་དེ་བཞིན་དུ་ང་མ་ཡིན།རྗེ་ངར་ཡང་ང་མ་ཡིན།བོལ་བ་ཡང་ང་མ་ཡིན།སོར་མཛུབ་ཀྱང་ང་མ་ཡིན།མདོར་ན་ཕྱིའི་ལྤགས་པ་ལ་ང་མི་གདག།བར་གྱི་ཤ་ཚིལ་ལ་ཤ་ཚིལ་ཟེར་བ་ལས་ང་མི་གདག།ནང་གི་རུས་པ་ལ་རུས་པ་ཟེར་བ་ལས་ང་མི་གདག།གསང་བ་རྐང་ལའང་རྐང་ཟེར་བ་ལས་ང་མི་གདག།རྣམ་པར་ཤེས་པ་ལའང་དེ་ལས་ང་མི་གདག།དེའི་ཕྱིར་བར་དུ་གནས་པའི་ས་དང་བདག་པོ་མེད་པའི་སྟོང་པ་ཉིད་དུ་ངེས་པའོ།།དེ་བཞིན་དུ་ཐ་མ་འགྲོ་བའི་ཡུལ་དང་བདག་པོ་ཐམས་ཅད་ལས་འདས་པ་ཉིད་དུ་ཐག་ཆོད་པར་བྱའོ།།དོན་ལ་མེད་བཞིན་ཡོད་པར་སྣང་བ་ནི་རབ་རིབ་ལྟ་བུའོ།།མིང་བརྗོད་པ་དེ་དག་ཀྱང་རི་བོང་གི་རྭ་བརྗོད་པ་ལྟ་བུའོ།།གཉིས་པ་ཆོས་ཀྱི་བདག་མེད་གཏན་ལ་དབབ་པར་བྱ་བ་ལ་མིང་གི་གདག་གཞི་བཙལ་བ།དངོས་པོའི་རྟག་འཛིན་བཤིག་པ།ཕན་གནོད་ཀྱི་མཚང་ལ་རྒོལ་བ།རེ་དོགས་ཀྱི་རྫུན་ཕུག་བརྡིབ་པའོ།།དང་པོ་ནི།མིང་ཐམས་ཅད་བཏགས་དོན་བཙལ་ན་མེད་བཞིན་དུ་རྟོག་པའི་རང་མདངས་ཙམ་ལ་བཏགས་པར་ཟད་དེ།ཆོས་གང་ཡང་གདག་གཞིའི་སྟེང་ན་ཚུགས་ཐུབ་ཏུ་གྲུབ་པར་མི་སྲིད་པའི་ཕྱིར་རོ།།དེ་ཡང་མགོ་ཞེས་བྱ་བ་ཅིའི་ཕྱིར་ཅི་ལ་བཏགས༔ ལུས་ཆགས་པའི་དང་པོ་ཡིན་པས་སམ༔ ཟླུམ་པོ་ཡིན་པས་སམ།སྟེང་དུ་བསྟན་པ་ལ་བཏགས།ལུས་ཆགས་པའི་དང་པོར་ནི་མགོ་མ་སྐྱེས།ཟླུམ་པོ་ཐམས་ཅད་ལ་ནི་མགོ་མི་ཐོགས།སྟེང་འོག་ཀྱང་བརྟག་ན་ནམ་མཁའ་ལ་སྟེང་འོག་མེད།དེ་བཞིན་དུ་སྐྲ་ནི་མགོ་མ་ཡིན།ལྤགས་པ་ལ་ལྤགས་པ་ལས་མགོ་མི་ཐོགས།རུས་པ་ལ་རུས་པ་ཟེར་བ་ལས་མགོ་མི་ཐོགས།ཀླད་པ་ནི་མགོ་མ་ཡིན་མིག་དང་རྣ་བ་ནི་མགོ་མ་ཡིན།སྣ་དང་ལྕེ་ནི་མགོ་མ་ཡིན།དེ་ལྟར་སོ་སོར་ཕྲལ་ན་མ་ཡིན་ཀྱང་ལྷན་དུ་ཚོགས་པ་ལ་མགོ་ཟེར་བ་ཡིན་སྙམ་ན་སྲོག་ཆགས་ཞིག་གི་མགོ་བཅད་དེ་རྡུལ་དང་རྡུལ་ཕྲན་ཆ་མེད་དུ་བཏགས་ནས་འཛམ་བུ་གླིང་གི་མི་ལ་བསྟན་ཀྱང་མགོ་ཞེས་མི་སྨྲ།ཆུས་སྦྲུས་ཀྱང་མགོ་མི་ཐོགས་པས་མགོ་ཞེས་བྱ་བ་བརྗོད་པ་ཙམ་ལས་བརྗོད་གཞི་ཡུལ་མེད་དུ་འདུག་པའི་ངང་ཚུལ་ཤེས་པར་བྱའོ།།དེ་བཞིན་དུ་མིག་ལ་ཡང་ཆུ་བུར་ཟུང་དུ་ཡོད་པ་ལ་མིག་མི་ཐོགས།ལྤགས་པ་ནི་མིག་མ་ཡིན།ཆུ་དང་རྩ་ཁྲག་རྣམས་ཀྱང་དེ་བཞིན་དུ་མིག་མ་ཡིན།དེ་དག་སོ་སོར་ཕྱེས་ཀྱང་མ་ཡིན།ལྷན་ཅིག་ཚོགས་པའི་རྡུལ་ཀྱང་མ་ཡིན།ཆུས་སྦྲུས་པའི་འདག་པ་ཡང་མ་ཡིན།གཟུགས་མཐོང་མཁན་ཀྱང་ཤེས་པ་ཡིན་པ་ལས་ཆུ་བུར་མ་ཡིན་པ་རྨི་ལམ་དང་བར་དོའི་སྐབས་སུ་མཐོང་བྱེད་ཡོད་པ་དེས་སྟོན་ཏོ།།རྣ་བ་ཡང་དེ་བཞིན་དུ་སྦུ་གུ་ནི་རྣ་བ་མ་ཡིན།ལྤགས་པ་ནི་རྣ་བ་མ་ཡིན།ཤ་དང་རྩ་རྒྱུས་ཁྲག་དང་ཆུ་སེར་རྣམས་ནི་རང་རང་གི་མིང་ལས་རྣ་བ་མ་ཡིན།དེ་རྡུལ་དུ་ཕབ་པའི་ཕྱེ་མ་ཡང་རྣ་བ་མ་ཡིན།ལྷན་ཅིག་སྦྲུས་པའི་འདག་པ་ཡང་རྣ་བ་མ་ཡིན།སྒྲ་ཐོས་མཁན་ལ་རྣ་བ་ཞེས་བཏགས་པར་སེམས་ན།རྨི་སྣང་ཉིན་སྣང་བར་དོའི་སྐབས་ཀྱི་སྒྲ་ཐོས་མཁན་ལ་ལྟོས།སེམས་ཡེ་གནས་ཀྱི་ཤེས་པ་ཉིད་ཡིན་ཏེ་རྣ་བ་མ་ཡིན།དེ་བཞིན་དུ་སྣ་ཡང་སྦུ་གུ་དང་ལྤགས་པ་དང་རུས་པ་ཤ་དང་རྩ་རྒྱུས་ཐམས་ཅད་རང་རང་གི་མིང་ལས་སྣ་ཞེས་མི་གདགས།དྲི་ཚོར་མཁན་ཡང་ཤེས་པ་ཉིད་ཡིན་པར་རྨི་ལམ་དང་བར་དོའི་སྐབས་སུ་དྲི་ཚོར་མཁན་ལ་བརྟག་པར་བྱའོ།།ལྕེ་ཡང་དེ་བཞིན་དུ་སོ་སོར་ཕྱེས་ན་ཤ་ལྤགས་ཁྲག་དང་རྩ་རྒྱུས་ཐམས་ཅད་ལ་རང་རང་གི་མིང་ལས་ལྕེ་ཞེས་མི་བྱ།དེ་དག་རྡུལ་དུ་ཕབ་པའི་རྡུལ་ལའང་ལྕེ་ཞེས་མི་བྱ།ཆུས་སྦྲུས་པའི་འདག་པ་ལའང་ལྕེ་མི་གདག་པ་བཞིན་འོག་མ་ཀུན་ལ་འགྲེ་བར་བྱའོ།།དེ་བཞིན་དུ་ལག་པའང་སོག་པ་ནི་ལག་པ་མ་ཡིན།དཔུང་པ་ནི་མ་ཡིན།ལག་ངར་ནི་མ་ཡིན།སོར་ཚིགས་རྣམས་ཀྱང་མ་ཡིན།ཤ་ལྤགས་རུས་པ་རྐང་ཡང་མ་ཡིན།སོག་པ་ཡང་དེ་བཞིན་དུ་ལྤགས་པ་ནི་སོག་པ་མ་ཡིན།ཤ་དང་རུས་པ་རྣམས་ཀྱང་མ་ཡིན།ལྷན་ཅིག་འཚོགས་པའི་རྡུལ་ཡང་མ་ཡིན།ཆུས་སྦྲུས་པའི་འདག་པ་ཡང་མ་ཡིན་ཏེ།སོག་པའི་མིང་གི་གདག་གཞི་ཡུལ་མེད་དུ་སྟོང་པའོ།།དེ་བཞིན་དུ་དཔུང་པ་དང་ལག་ངར་ལ་བརྟག་པས་ཤ་ལ་ཤ།རུས་པ་ལ་རུས་པ།ལྤགས་པ་ལ་ལྤགས་པ།རྐང་ལ་རྐང་ཞེས་རང་རང་གི་མིང་ལས་གདག་གཞི་རྡུལ་ཕྲན་ཙམ་ཡང་མ་གྲུབ།ལུས་དང་ཕུང་པོ་ཞེས་བརྗོད་པའི་གཞི་རྩ་ལ་བརྟག་པས་རྒལ་ཚིགས་དང་རྩིབ་མ་ལ་ལུས་མི་བྱ།བྲང་དང་ཤ་ལྤགས་རུས་པ་ལ་ལུས་མི་བྱ།སྙིང་དང་གློ་བ་མཆིན་ཁྲི་མཚེར་པ་མཁལ་མ་རྒྱུ་མ་རྣམས་ལ་རང་རང་གི་མིང་སོ་སོར་བརྗོད་པ་ལས་ལུས་དང་ཕུང་པོའི་གདག་གཞི་ཡུལ་མེད་དུ་སྟོང་པས་སྟོང་པ་ཉིད་དོ།།རྐང་པ་ལའང་དེ་བཞིན་དུ་བརྟག་པས་དཔྱི་ནི་རྐང་པ་མ་ཡིན།བརླ་ནི་མ་ཡིན།རྗེ་ངར་ནི་མ་ཡིན།བོལ་བ་ཡང་མ་ཡིན།དེ་བཞིན་དུ་དཔྱི་ནི་ཤ་ལ་མི་བྱ་ལྤགས་པ་དང་རུས་པ་རྩ་རྒྱུས་རྣམས་ལ་མི་བྱའོ།།བརླ་ཡང་ལྤགས་པ་དང་ཤ་རུས་རྩ་རྒྱུས་ཐམས་ཅད་ལ་མི་བྱ།རྗེ་ངར་ཡང་དེ་བཞིན་ཏེ།དེ་དག་ཐམས་ཅད་རྡུལ་དུ་ཕབ་པའི་ཕྱེ་མ་ལ་མིང་དེ་དག་མ་གྲུབ།ཆུས་སྦྲུས་པའི་འདག་པ་ལའང་མིང་དེ་དག་མི་བྱའོ།།ཕྱིའི་རི་བོ་ཞེས་བྱ་བའི་གདག་གཞི་བཙལ་ན།ས་ནི་རི་བོ་མ་ཡིན།དེ་བཞིན་རྩྭ་དང་ཤིང་ནི་མ་ཡིན།རྡོ་ནི་མ་ཡིན།བྲག་དང་ཆུ་ནི་མ་ཡིན།ཁང་ཁྱིམ་གྱི་མིང་གི་གདག་གཞི་བཙལ་ན།ས་ནི་ཁང་པ་མ་ཡིན་པ་བཞིན་དུ་རྡོ་ནི་མ་ཡིན།ཤིང་ནི་མ་ཡིན།རྩིག་པ་ལའང་རྩིག་པ་ཞེས་བྱ་བ་ལས་ཁང་པ་མི་གདག་པ་དེ་བཞིན་དུ་ཕྱི་དང་ནང་གང་དུ་ཡང་མ་གྲུབ་པ་ཡིན།མི་རྟ་ཁྱི་ལ་སོགས་པའི་མིང་གི་གདག་གཞི་བཙལ་བས་ཀྱང་།མིག་དང་རྣ་བ་སྣ་དང་ལྕེ་དང་ཤ་ཁྲག་རུས་པ་རྐང་དང་རྩ་རྒྱུས་རྣམ་པར་ཤེས་པ་དང་བཅས་པ་ལ་རང་རང་གི་མིང་ལས་མི་རྟ་ཁྱི་དང་བཅས་པའི་གདག་གཞི་ཡུལ་མེད་པ་ལྟར་ཐམས་ཅད་དེས་སྟོན་ཏོ།།དཔེར་ན་རྫས་རྣམས་ལས་རྔ་ཞེས་བྱ་བ་ནི་ཤིང་ལ་མི་བྱ།ཀོ་བ་ལ་མི་བྱ།ཕྱི་དང་ནང་ལ་མི་བྱ་བ་དང་།གྲི་ཡང་ལྕགས་ལ་མི་བྱ།སོ་དང་ལྟག་པ་རྩེ་མོ་ཡུ་བ་ཀུན་ཏུ་གྲི་ཞེས་གདག་ཡུལ་མ་གྲུབ་པ་ཡིན་ནོ།།མིང་དོན་འགྱུར་བའང་དཔེར་ན།གྲིས་སྙུང་བུ་བྱས་ཚེ་མིང་འགྱུར་བ་དང་།ཁབ་བྱས་པའི་ཚེ་མིང་སྔ་མ་ཐམས་ཅད་ཡུལ་མེད་དུ་སོང་བ་བཞིན་ནོ།།གང་ཟག་གི་བདག་ཅེས་བྱ་བ་དང་མིང་གི་གདག་གཞི་བཙལ་བ་འདི་གཉིས་ཀ་བདག་གི་བླ་མ་འཕགས་མཆོག་ཐུགས་རྗེ་ཆེན་པོས་རྨི་ལམ་གྱི་སྐབས་སུ་གསུངས་པ་ལ་བརྟེན་ནས་ལེགས་པར་རྟོགས་པ་ཡིན་ནོ།།སླར་ཡང་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཡེ་ཤེས་སྒྱུ་མའི་སྐུ་དང་མཇལ་ཚེ་གནང་བའི་སྣང་བ་སྒྱུ་མར་སྦྱོང་བའི་གདམས་པ་ནི།རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་དུ་ངོ་སྤྲོད་པ་ལ།དེ་ཡང་རྒྱུ་གཞི་དབྱིངས་དྭངས་གསལ་ཅི་ཡང་འཆར་རུང་གི་ནུས་པ་ཅན་དང་།རྐྱེན་ངར་འཛིན་གྱི་ཤེས་པ་གཉིས་འདུས་པ་ལ་བརྟེན་ནས་སྣང་བ་ཐམས་ཅད་སྒྱུ་མ་བཞིན་དུ་སྣང་བ་སྟེ།དེ་ལྟར་གཞི་དབྱིངས་དང་།དེའི་རྩལ་ལས་ཤར་བའི་སེམས་དང་།སེམས་དེའི་སྣང་ཆ་ཕྱི་ནང་གི་ཆོས་ཐམས་ཅད་ཉི་མ་དང་ཉི་མའི་ཟེར་བཞིན་ལུ་གུ་རྒྱུད་དུ་འབྲེལ་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ།།དེའི་དཔེ་ནི་རྒྱུ་ནམ་མཁའ་དྭངས་གསལ་ལ་བརྟེན་ནས་རྐྱེན་སྒྱུ་མའི་རྫས་སྔགས་དང་ཡུལ་སེམས་དུས་འཛོམ་པ་ལས་རྟེན་འབྲེལ་སྒྱུ་མ་སྣང་བ་ལྟ་བུའོ།།འདི་ལྟར་སྣང་བའི་ཆོས་ཐམས་ཅད་མེད་བཞིན་དུ་ངར་འཛིན་གྱི་དབང་གིས་སྣང་བ་ནི་ནམ་མཁའ་དྭངས་གསལ་དང་དྲོད་ཤེར་དུས་འཛོམ་པ་ལས་སྨིག་རྒྱུ་སྣང་བ་ལྟ་བུའོ།།ཉིན་སྣང་དང་རྨི་སྣང་བར་སྲིད་ཕྱི་མའི་སྣང་བ་ཐམས་ཅད་མེད་བཞིན་དུ་སྣང་བ་ལ་བདེན་ཞེན་གྱི་དབང་གིས་འཁྲུལ་བ་ནི་དཔེར་ན་རྨི་ལམ་གྱི་དུས་སུ་འདི་རྨི་ལམ་མོ་སྙམ་དུ་རྫུན་པར་མི་སེམས་ཏེ་གཏན་གྱི་གནས་ཡུལ་དུ་བཟུང་ནས་ཞེན་པ་ལྟ་བུའོ།།ནང་ང་རུ་འཛིན་པའི་བདག་རྐྱེན་ལས་སྣ་ཚོགས་ཆོས་ཁམས་གཞན་དུ་སྣང་བ་བྱད་དང་མེ་ལོང་འཕྲད་པའི་རྟེན་འབྲེལ་ལས་གཟུགས་བརྙན་སྣང་བ་ལྟ་བུའོ།།བདག་འཛིན་གྱིས་ཀུན་ནས་དཀྲིས་པའི་དབང་གིས་གྲོང་ཁྱེར་དྲུག་གི་འཇིག་རྟེན་རེས་མོས་སུ་སྣང་བ་ནི་སེམས་འཛིན་གྱི་སྣང་ཉམས་ཞིག་ཏུ་ནུབ་ཁའི་ཐང་སོགས་ཡུལ་ལ་དྲི་ཟའི་གྲོང་ཁྱེར་སྣང་བ་ལྟ་བུའོ།།འདོད་ཡོན་གྱི་སྣང་བ་གདོད་ནས་མ་གྲུབ་པ་ལ་མཐོང་ཐོས་མྱོང་ཚོར་སྣ་ཚོགས་བདག་སྣང་གཞན་ལྟར་སྣང་བ་བྲག་ཅ་ལྟ་བུའོ།།སྣང་བ་ཐམས་ཅད་གཞི་ལས་མི་གཞན་པར་གཞི་ཉིད་དུ་རོ་གཅིག་པ་ནི་རྒྱ་མཚོའི་གཟའ་སྐར་ཐམས་ཅད་རྒྱ་མཚོ་ལས་མི་གཞན་པར་ཆུ་ཉིད་དུ་རོ་གཅིག་པ་ལྟ་བུའོ།།གཞི་དབྱིངས་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ལ་ངར་འཛིན་གྱི་དབང་གིས་བདག་གཞན་བདེན་གྲུབ་དུ་སྣང་བ་ནི་ཆུ་ལས་ལྦུ་བ་བརྡོལ་བ་ལྟ་བུའོ།།གཞི་དབྱིངས་སྟོང་པ་དྭངས་གསལ་གྱི་ཆ་དེ་བདག་སྣང་ཡིད་ཤེས་སུ་གཅུན་ཏེ་བརྟན་པའི་སྟོབས་ཀྱིས་འཁྲུལ་སྣང་སྣ་ཚོགས་སྣང་བ་ནི་དཔེར་ན་རྩ་བཙིར་བའམ་རྩ་ཁམས་རླུང་གིས་བསྒྱུར་བ་ལས་མིག་ཡོར་སྣང་བ་ལྟ་བུའོ།།ངར་འཛིན་གྱི་ཤེས་པའི་ངོར་གཞི་ལས་སྣ་ཚོགས་སྣང་ཡང་གཞི་རང་ལས་མ་གཡོས་ཤིང་མ་བྱུང་བ་ནི་དཔེར་ན་སྤྲུལ་བསྒྱུར་གྱི་ཏིང་ངེ་འཛིན་ལ་དབང་བསྒྱུར་བའི་སྐྱེས་བུ་སྤྲུལ་བསྒྱུར་གྱི་ཏིང་འཛིན་ལ་སྙོམས་པར་ཞུགས་ཚེ་སྤྲུལ་པ་སྣ་ཚོགས་སུ་སྣང་ཡང་དོན་ལ་གཞི་རྩ་བྲལ་ཞིང་དངོས་ཡུལ་མ་གྲུབ་པ་ལྟ་བུའོ།།ཀྱཻ།ཁྱེའི་ཆུང་བསམ་དུ་མེད་པ་ཁྱོད་ཀྱིས་འདི་ལྟར་རིམ་བཞིན་དུ་བསྒོམ་དང་སྣང་བ་སྒྱུ་མར་རྟོགས་པས་སྒྱུ་མའི་རྣལ་འབྱོར་དུ་འགྱུར་རོ།།ཞེས་གསུངས་ཤིང་མི་སྣང་བར་གྱུར་ཏོ།།ཡང་རིག་འཛིན་བདུད་འདུལ་རྡོ་རྗེས།རྡོ་རྗེ་རྟག་པའི་རྡོ་རྗེའོ།།དོན་དུ་ནམ་མཁའ་ཉིད་ལ་ལྟོས།།ཞེས་དང་།སླར་ཡང་དེའི་དོན་བཀྲོལ་ནས་གསུངས་པ་ནི།ཀྱེ་ཧོ་ནམ་མཁའ་སྟོང་པ་འདི་ནི་སྣོད་བཅུད་ཐམས་ཅད་ཀྱི་འཆར་གཞི་ཡིན་ཏེ།དཔེར་ན་གཟུགས་བརྙན་འཆར་གཞི་མེ་ལོང་ཡིན་ལ་མེ་ལོང་ལས་གཟུགས་བརྙན་གཞན་དུ་མ་གྲུབ་པ་དང་།ཆུ་ཟླ་འཆར་གཞི་ཆུ་ཡིན་ལ་ཆུ་ལས་ཆུ་ཟླ་གཞན་དུ་མ་གྲུབ་པ་དང་།འཇའ་ཚོན་འཆར་གཞི་ནམ་མཁའ་ཡིན་ལ་ནམ་མཁའ་ལས་འཇའ་ཚོན་གཞན་དུ་མ་གྲུབ་པ་བཞིན་ནོ།།ནམ་མཁའ་དེ་ནི་རྨ་མི་འབྱུང་བས་མི་ཆོད་པ།ནམ་མཁའ་ལ་གཞོམ་གཞིག་བྲལ་བས་མི་ཤིགས་པ།ནམ་མཁའ་སྣང་སྲིད་ཀྱི་མཆེད་གཞིར་གནས་པས་བདེན་པ།ནམ་མཁའ་ལ་སྐྱོན་ཡོན་གྱི་བསླད་མི་འཇུག་པས་སྲ་བ།ནམ་མཁའ་འཕོ་འགྱུར་བྲལ་བས་བརྟན་པ།ནམ་མཁའ་རྡུལ་ཕྲ་རབ་ཡན་ཆད་ཀྱི་ཁོངས་སུ་མ་ཞུགས་པ་མེད་པས་ཐམས་ཅད་དུ་ཐོགས་པ་མེད་པ།ནམ་མཁའ་ལ་གཞན་གང་གིས་ཀྱང་གནོད་པས་མི་ཚུགས་པས་ཐམས་ཅད་ལས་མ་ཕམ་པའོ།།རྫས་གཞན་གང་ལའང་མཚོན་གྱིས་རྨ་འབྱུང་བས་ཆོད་པ།རྐྱེན་གྱིས་གཞོམ་ཞིང་འཇིག་ནུས་པས་ཤིགས་པ།གཅིག་དང་དུ་མར་འགྱུར་བས་རྫུན་པ།གཞན་གྱིས་བསླད་འཇུག་པས་མི་སྲ་བ།གཡོ་འགུལ་དང་བཅས་བརྟེན་གནས་མེད་པས་མི་བརྟན་པ།གང་ལའང་ཐོགས་པ་དང་བཅས་པ།རྐྱེན་གཞན་གྱིས་སྟོང་པར་བྱེད་པས་ཕམ་པ་སྟེ།བདེན་པར་མ་གྲུབ་པའི་མཚན་ཉིད་ཅན་དེ་དག་སྟོང་པའོ།།གཞན་ཡང་དངོས་པོ་རགས་པ་རྡུལ་དུ་ཕབ་པས་རྡུལ།རྡུལ་དེ་བདུན་ཆར་བཏང་བས་རྡུལ་ཕྲན།རྡུལ་ཕྲན་དེ་ཡང་བདུན་ཆར་བཏང་བས་ཆ་མེད་དུ་སྟོང་པ་ཡང་མ་གྲུབ་པའི་མཚན་ཉིད་ཀྱིས་ཡིན་ནོ།།དེ་ཡང་བྱ་བ་བྱས་པས་མེད་པར་བཏང་བ་ལས་དང་པོ་ཡོད་པར་སེམས་ན།རྨི་ལམ་གྱི་སྣང་བ་སྣང་དུས་ཉིད་ནས་མ་གྲུབ་པ་ལ་མཐོང་རེག་གི་བྱ་བ་བྱས་མ་བྱས་དང་།མིག་འབྱེད་བཙུམ་དང་གོམ་པ་འདེག་འཇོག་ཙམ་གྱིས་སྣང་བ་མཆེད་འགུག་ཏུ་འགྱུར་བའི་ཚུལ་ལྟོས་ཤིག།འོན་ཏེ་སྔ་མ་འགག་ཅིང་ཡལ་ཏེ་ཕྱི་མ་ཕྱིས་མཆེད་པ་མ་ཡིན་ཏེ་སྔ་མ་ནས་གཞན་དུ་འཕོས་ཚེ་སྔ་ཕྱི་ཐམས་ཅད་བདེན་གྲུབ་ཏུ་ཡོད་པར་སེམས་ན་རྨི་ལམ་གྱི་སྣང་བ་ལ་ལྟོས་ཤིག།ཁྱད་པར་དུ་ཡང་རྒྱུ་འབྲས་ཕན་ཚུན་ལ་ལྟོས་ནས་བཏགས་པ་མིན་པའི་ཚུགས་ཐུབ་ཀྱི་ངོ་བོ་ཞིག་ཡོད་མི་སྲིད་པས་ངང་ཚུལ་ལེགས་པར་སོམ་མཛོད།འོ་ན་ནམ་མཁའ་ལ་རྡོ་རྗེ་ཆོས་བདུན་ལྡན་པར་བཤད་པ་དེ་དག་ཀྱང་དངོས་མེད་ཡིན་པའི་རྒྱུ་མཚན་གྱིས་འཕོ་འགྱུར་མེད་ཚུལ་དཔེར་བཞག་ནས་ཆོས་ཉིད་ཀྱི་བཞུགས་ཚུལ་སྨྲ་བསམ་བརྗོད་མེད་ཀྱི་ངོ་བོ་ལ་འགྱུར་བ་མེད་པར་སྟོན་པ་ཡིན་གྱི།དངོས་དང་དངོས་མེད་བདེན་བརྫུན་གྱི་ཁྱད་འོང་བར་འཆད་པ་ལ་སྦྱར་ན་ལེགས་པ་ཡིན་ནོ།།དེ་བས་ན་མཛུབ་མོས་ཟླ་བ་སྟོན་པའི་བརྡའ་ཐབས་བྱས་ན་ཟླ་བ་ལ་བལྟ་བར་བྱ་ཡི་མཛུབ་མོའི་རྩེ་ཙམ་ཞིག་བལྟ་བས་ཚིམ་པར་མི་བྱའོ༔ འདི་ལ་གོམས་འདྲིས་ཡང་ཡང་བཏང་ནས་སྟོང་པར་ཐག་ཆོད་པ་ཞིག་མ་བྱས་ན་རྣམ་མཁྱེན་གྱི་ལམ་དུ་ཕྱོགས་ཙམ་ཉེ་བར་མི་འགྱུར་རོ།།ཁྱེའུ་ཆུང་ཤེས་རིག་གི་རྩེ་མོ་ཁྱོད་ཀྱིས་འདིའི་དོན་ལ་རབ་ཏུ་ལྟོས་ལ་སྣང་བ་ཐམས་ཅད་ནམ་མཁའ་ཉིད་དུ་རྟོགས་པའི་ནམ་མཁའ་གོ་འབྱེད་པའི་རྣལ་འབྱོར་པ་ཞིག་མཛོད་ཅིག།ཅེས་གསུངས་ཤིང་མི་སྣང་བར་གྱུར་ཏོ།།དེ་ལྟར་གཏན་ལ་ཕབ་པས་སྣང་བ་ཐམས་ཅད་རང་ས་ཉིད་ནས་སྟོང་པར་ཤེས་ཀྱང་།།ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་ནང་གཡོ་བ་བཅུད་ཀྱི་སེམས་ཅན་བར་འདོད་ཡོན་ལྔའི་ཡུལ་སྣང་འདི་དག་ཐམས་ཅད་ཤུལ་དུ་བོར་ནས་གནས་རིས་གཞན་དུ་འགྲོ་བ་དང་།སེམས་ཅན་ཐམས་ཅད་རང་རང་གི་རྒྱུད་ཅན་ཡོད་པར་སེམས་ནས་ཡོད་པའི་གནས་སྐབས་ན།རྨི་ལམ་གྱི་སྣང་ངོར་ངའི་བླ་མ་དྲི་མེད་འོད་ཟེར་དང་ཞལ་མཇལ་ནས་དྲི་བ་རྩོད་ལན་གྱི་ཚུལ་དུ་ངོ་སྤྲོད་འདི་ལྟར་གདམས་སོ།།ཀྱེ་རིགས་ཀྱི་བུ་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་ནང་གཡོ་བ་བཅུད་ཀྱི་སེམས་ཅན་བར་འདོད་ཡོན་ལྔའི་ཡུལ་སྣང་འདི་དག་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན་དུ་ཀུན་གཞི་སྟོང་ཧད་ཀྱི་ནམ་མཁར་ཐིམ་ནས་མཐར་ལས་རླུང་གཡོས་པའི་ཆོ་འཕྲུལ་གྱིས་བདག་ལུས་སྣང་བ་ལས་རྨི་ལམ་གྱི་སྣོད་བཅུད་འདོད་ཡོན་ཐམས་ཅད་མཆེད་པ་ལ་མངོན་ཞེན་སྐྱེས་པས་འཁྲུལ་པ་དང་།སླར་ཡང་སྣང་སྲིད་དེ་ཡང་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་ཀུན་གཞི་སྟོང་ཧད་ཀྱི་ནམ་མཁར་ཐིམ་པ་ལས་ཡང་སྔར་བཞིན་ཉིན་སྣང་མཆེད་པ་ཡིན།ཅེས་གསུངས་པ་ལ།བདག་གིས་འདི་སྐད་ཞུས།བདག་གི་ལུས་འདི་ནི་སྣང་ཙམ་མ་ཡིན་པར་ངེས་པར་ཕ་མའི་རྒྱུ་རྐྱེན་ལས་བྱུང་བ་ཡིན་ནམ་སྙམ་ཞུས་པས།དེ་ལྟར་ཁྱེད་ཀྱི་ལུས་ཕ་དང་མ་ལུས་བྱུང་བར་སྙམ་ན།ཕ་མའི་ཐོག་མཐའ་བྱུང་གནས་འགྲོ་གསུམ་གང་ལགས་སྨོས་དང་གསུངས་པ་ལ།བདག་གིས་དེ་ཡོད་ཀྱང་མི་དྲན་པ་ཡིན་སྙམ།ཕ་མ་མེད་པའི་ལུས་མི་སྲིད་པར་སེམས་ཀྱི་ཞུས་པས།རྨི་ལམ་དང་བར་སྲིད་ཀྱི་ལུས་དང་དམྱལ་བའི་ལུས་སོགས་ཀྱི་ཕ་མ་གང་ལགས་ལྟོས་ཤིག་གསུངས་པས།ལུས་འདི་སྣང་ཙམ་ལས་མ་གྲུབ་པར་ཐག་ཆོད་པ་བྱུང་།ཡང་ཀྱཻ་བླ་མ་ལགས།བདག་གི་ལུས་མལ་སར་གོས་ཀྱིས་གཡོགས་ནས་མི་ཡུལ་དང་བཅས་པ་མི་འགྱུར་བར་གནས་བཞིན་རྨི་ལམ་གྱི་སྣང་བ་ཤར་བ་ཡིན་པར་སེམས་འདུག་གི་ཞུས་པས།བླ་མའི་ཞལ་ནས་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་རྒྱ་ཆེ་བ།ནང་གཡོ་བ་བཅུད་ཀྱི་སེམས་ཅན་གྲངས་མང་བ།བར་འདོད་ཡོན་ལྔའི་ཡུལ་སྣང་བཀོད་ལེགས་པའི་རྨི་སྣང་དེ་ལུས་ཀྱི་མགོ་དང་ཡན་ལག་སྟོད་སྨད་གང་གི་ནང་དུ་མཆེད་པའི་ཡུལ་ལ་ལྟོས་ཤིག་གསུངས་པས།དེ་ཡང་མ་ཡིན་པའི་ཐག་ངེས་པར་ཆོད་པ་བྱུང་།ཡང་བླ་མ་ལགས།ཡུལ་གཞན་ཞིག་ཏུ་རྣམ་པར་ཤེས་པ་སོང་བས་རྨི་སྣང་ཤར།སླར་ལུས་ནང་དུ་ཞུགས་ཚེ་ཉིན་སྣང་ཤར་བ་ཡིན་སྙམ་གྱི་ཞེས་ཞུས་པས།བླ་མའི་ཞལ་ནས་འོ་ན།དེ་ལྟར་ལགས་ན་ལུས་འདི་གནས་ཁང་ལྟ་བུར་འགྱུར་བས་རྣམ་ཤེས་འབྱུང་འཇུག་བྱེད་པའི་གནས་ཁང་གི་སྒོ་ལྟ་བུ་དེ་ངོས་ཟུངས་ལ་སྨོས་ཤིག།དེར་མ་ཟད་སེམས་ཀྱི་གནས་ས་ཡང་ངོས་འཛིན་དགོས་ཏེ།སེམས་ལུས་ཀྱི་སྟོད་དུ་གནས་ན་སྨད་དུ་ཚེར་མ་ཟུག་པ་ཙམ་གྱིས་ཟུག་རྔུ་ཅི་ལ་མྱོང་།སྨད་དུ་གནས་ན་དེ་བཞིན་སྟོད་དུ་ཟུག་རྔུ་མྱོང་བའི་དོན་མ་མཆིས།དང་པོ་བུག་སྒོ་ནས་འབྱུང་འཇུག་བྱེད་པའི་རྣམ་པར་ཤེས་པ་ཕྲ་མོ་དེ་ཡང་འཕེལ་ཏེ་ལུས་ཁྱབ་པ་དང་།ཡང་མར་འགྲིབ་སྟེ་བུག་སྒོ་ཕྲ་མོ་ནས་ཐོན་པ་ཙམ་དུ་ཆེ་ཆུང་བྱེད་པ་མི་རིག།དེ་ལྟར་ན་བེམ་རིག་བྲལ་བའི་རྣམ་པར་ཤེས་པ་དེ་ཤི་བའི་དུས་སུ་ཡང་སླར་བེམ་པོར་ཅིས་མི་འཇུག།ཡུལ་གཞན་དུ་སོང་བའི་རྨི་སྣང་གི་ཡུལ་དེ་སྟེང་འོག་ཕྱོགས་མཚམས་གང་དུ་ཡོད།ཉིན་སྣང་གི་སྣོད་བཅུད་དང་གཅིག་པར་འདོད་དམ་ཐ་དད་དུ་འདོད།གཅིག་ཏུ་འདོད་ན་གཉིད་ཀྱིས་མཚམས་བཅད་དམ་མ་བཅད།བཅད་ན་ནི་ཉིན་སྣང་མ་ཡིན་ལ།མ་བཅད་ན་ནི་རྨི་སྣང་མ་ཡིན།ཡང་ན་སྣང་བ་དེ་ཉིད་སྟེང་འོག་གམ་ཕྱི་ནང་བྱས་ནས་ཡོད་པར་འདོད་པ་ལས་འོས་མེད་པ་ཡིན་ནོ།།ཞེས་གསུངས།ཡང་བདག་གིས་བླ་མ་ལགས།དེས་ན་ཐག་གང་ལ་ཆོད།ས་གང་གིས་འཛིན།བླ་མ་མཆོག་ཉིད་ཀྱིས་བསྟན་དུ་གསོལ་ཞུས་པས་བླ་མའི་ཞལ་ནས།ཚེ་རབས་ཐོག་མ་མེད་པའི་དུས་ཀུན་ཏུ་སྐྱེ་མ་མྱོང་ཡང་སྐྱེ་སྣང་ཙམ་དུ་ཟད།འཆི་མ་མྱོང་ཡང་སྣང་བ་གནས་འགྱུར་ཙམ་དུ་དཔེར་ན་རྨི་སྣང་དང་ཉིན་སྣང་ལྟ་བུར་ཟད།མིག་དང་རྣ་བ་སྣ་དང་ལྕེ་དང་ལུས་རྣམས་སུ་གཟུགས་སྒྲ་དྲི་རོ་རེག་བྱར་མཐོང་ཐོས་ཚོར་མྱང་མྱོང་བ་ཐམས་ཅད་རང་སྣང་རང་ལ་ཤར་བ་ཙམ་ལས་གཞན་དུ་སྤུ་རྩེ་ཙམ་ཡོད་མ་མྱོང་།གལ་ཏེ་མངོན་སུམ་མིག་གིས་མཐོང་།དོན་ལག་པས་ཟིན།དབང་པོའི་སྒོར་མྱོང་བས་གཞན་རང་རྒྱུད་པར་ཡོད་དོ་སྙམ་ན་རྨི་ལམ་གྱི་གཟུགས་སྒྲ་དྲི་རོ་རེག་བྱ་ཐམས་ཅད་དེ་དང་དེའི་དུས་སུ་བདེན་པར་སྣང་ཡང་སད་དུས་ཉིད་ནས་ཡུལ་མེད་ལ་ཡོད་མ་མྱོང་བ་དེས་སྟོན་ཏོ།།ཚེ་འཁོར་བ་ཐོག་མ་མེད་པའི་དུས་ནས་གནས་འཕོ་ཞིང་འགྲོ་མ་མྱོང་།ཡུལ་གཞན་དུ་སྡོད་མ་མྱོང་བའི་ཚུལ་ནི།རྨི་ལམ་གྱི་སྣང་བ་དང་མཚུངས་སོ།།རྨི་སྣང་དང་ཉིན་སྣང་གི་བདེན་རྫུན་མི་མཉམ་པར་སེམས་ན་སྐྱེས་ནས་ད་ལྟའི་བར་གྱི་རྨི་སྣང་དང་ཉིན་སྣང་གི་ལས་ཀ་སོ་ནམ་འབད་རྩོལ་གསོག་འཇོག་ཐམས་ཅད་མཉམ་མི་མཉམ་ལྟོས་ཤིག།དེ་གཉིས་ལ་དུས་ཡུན་རིང་ཐུང་དང་།གྲངས་མང་ཉུང་མེད་པའི་ཚུལ་ལ་ཞིབ་ཏུ་བརྟག་ན་མཚུངས་པར་ཐག་ཆོད་པར་འགྱུར་རོ།།དེར་མ་ཟད་རྨི་སྣང་མི་བདེན་པ་དང་ཉིན་སྣང་བདེན་པ་ཡིན་ན།རྨི་སྣང་འཁྲུལ་པ་དང་ཉིན་སྣང་མ་འཁྲུལ་པར་འགྱུར་བས།རྨི་སྣང་དུ་སེམས་ཅན་དང་ཉིན་སྣང་དུ་སངས་རྒྱས་ཡིན་པར་འདོད་དགོས།གཉིས་ཀ་འཁྲུལ་སྣང་ཡིན་ན་ནི་བདེན་རྫུན་གྱི་ཁྱད་པར་ཡོད་དོན་མེད་དེ།མ་ཡིན་པ་ལ་ཡིན་པར་སྣང་ཞིང་བཟུང་བ་ལ་འཁྲུལ་སྣང་ཞེས་བརྗོད་པ་ཡིན་པའི་ཕྱིར་རོ།།སྔོན་ཆད་རི་རབ་ཟས་སུ་ཟོས་རྒྱ་མཚོ་སྐོམ་དུ་བཏུང་ཀྱང་ད་ལྟ་འགྲང་བ་མེད་པ་དང་།སྟོང་གསུམ་གོས་སུ་གྱོན་ཡང་དྲོ་བ་མེད་པ་རྣམས་ནི་སྣང་ཙམ་ཉིད་ལས་མ་གྲུབ་པའི་བརྡར་ཤེས་པར་བྱའོ།།ལུས་སུ་སྣང་བ་འདི་སྟོང་པར་མ་ཤེས་ཤིང་དེ་ལ་བདེན་པར་ཞེན་པ་ནི་སྐྱོན་ཤིན་ཏུ་ཆེ་བ་ཡིན་ཏེ།ལུས་འདིའི་ཆེད་དུ་འབད་རྩོལ་གྱི་དབང་གིས་རྣམ་མཁྱེན་གྱི་འབྲས་བུ་ལ་ཟ་བས་ན་ཟ་འདྲེ་དང་།འཁོར་བ་ནས་འཁོར་བར་ཁ་བརྒྱུད་དེ་སྐྱེ་འཆིའི་སྣང་བ་སྟོན་པས་ཤི་གཤེད།ལུས་ཀྱི་ཆེད་དུ་གོས་སོགས་བདེ་བ་དོན་དུ་གཉེར་ཞིང་རེ་དོགས་ཉེར་ལེན་ཆགས་སྡང་གི་ཞེན་པས་འཆིང་སྟེ་ཐར་པའི་སྲོག་རྩ་གཅོད་པས་སྲོག་གཅོད།གཏན་དུ་བདེ་བའི་དབུགས་འཕྲོག་པས་ན་དབུགས་ལེན་ཀྱང་ཡིན།དེས་ན་ཚོགས་དྲུག་གི་ཡུལ་སྣང་ལ་ཞེན་པ་ཐམས་ཅད་རི་དྭགས་ཀྱིས་སྨིག་རྒྱུ་ཆུ་རུ་མཐོང་ནས་རྒྱུག་པ་ལྟ་བུ་ལས་སྙིང་པོ་རྡུལ་ཕྲན་ཙམ་ཡང་མ་གྲུབ་པའོ།།ཡང་འདི་ལྟར་སྟོང་པར་ཤེས་ཀྱང་སྔར་བཞིན་བདེན་པའི་ཚུལ་དུ་གནས་པ་ལས་མེད་དུ་ནི་མི་འགྲོ་བར་འདུག་པས་དེ་ལྟར་ཤེས་པ་ལ་དགོས་པ་ཅི་ཡོད་སྙམ་ན།བསྒོམ་བྱའི་ངོ་བོ་སྟོང་ཉིད་ཡིན་པར་མ་ཤེས་ན་སྒོམ་པ་ཐམས་ཅད་ལུང་མ་བསྟན་གྱི་ཕྱོགས་སུ་ངེས་པ་ཡིན།ལར་བསྐྱེད་སྒོམ་དམིགས་པ་གཞན་ཐམས་ཅད་ཀྱིས་ཀྱང་གོ་ཙམ་རྟོགས་ཙམ་གྱིས་གྲོལ་བར་མི་འགྱུར་བས་ན་སྟོང་ཉིད་རྟོགས་ཙམ་གྱིས་མེད་པའི་གནས་ལུགས་མངོན་དུ་འགྱུར་དགོས་པའི་རྒྱུ་མཚན་ཅི་ཡོད།ཡང་གདོད་ནས་སྟོང་ན་སྟོང་པར་ཤེས་དང་མ་ཤེས་འདྲའོ་སྙམ་ན།རིག་དང་མ་རིག་ཤེས་དང་མ་ཤེས་གཉིས་ཀྱི་ཁྱད་པར་ལས་འཁོར་འདས་དང་གྲོལ་འཁྲུལ་འབྱུང་བ་ཡིན་པས་ཤེས་ཤིང་རིག་པ་ནི་གནད་དུ་རྟོགས་པར་བྱའོ།།ཡང་འགའ་ཞིག་གིས་རང་སྟོབས་ཀྱིས་མ་ཤེས་ན་ཐོས་བསམ་གྱི་གོ་མི་ཆོད་ཟེར་བའང་འབྱུང་སྲིད་དེ།ཐོག་མ་མེད་པའི་དུས་ན་རང་སྟོབས་ཀྱིས་མ་རྟོགས་ནས་འཁོར་བར་འཁྱམས་པ་ཡིན།བསླབ་ཅིང་སྦྱངས་པས་རྒྱུད་ལུང་མན་ངག་ཐམས་ཅད་དང་མཐུན་པའི་ལྟ་བ་སྟོང་ཉིད་རྟོགས་པར་འགྱུར་བ་ཡིན་པས་ཤེས་པར་གྱིས་ཤིག།གཞན་ཡང་བསླབ་སྦྱང་སོགས་དཀའ་བ་ཆེན་པོ་སྤྱད་ནས་སྟོང་ཉིད་རྟོགས་ཀྱང་རུང་།དཀའ་བ་སྤུ་ཙམ་མ་སྤྱད་པར་སྟོང་ཉིད་རྟོགས་ཀྱང་རུང་།དཔེར་ན་དཀའ་བ་ཆེན་པོ་སྤྱད་ནས་གསེར་རྙེད་པ་དང་།དཀའ་བ་སྤུ་ཙམ་མ་སྤྱད་པར་གསེར་མལ་ས་ནས་རྙེད་ཀྱང་གསེར་ལ་བཟང་ངན་མེད་པ་ལྟ་བུའོ།།དེ་ལྟར་སྣང་བ་ཐམས་ཅད་སྟོང་ཉིད་དུ་གཏན་ལ་འབེབས་པའི་དཔྱོད་བྱེད་ཀྱི་ཤེས་པ་ལ་སོ་སོར་རྟོག་པའི་ཤེས་རབ་ཅེས་བྱ་ཞིང་།འཁོར་འདས་སྟོང་ཉིད་ཆེན་པོར་ངེས་པར་ཐག་ཆོད་པའི་རྗེས་ཤེས་རྒྱུན་ཆགས་པ་ལ་བདག་མེད་རྟོགས་པའི་ཤེས་རབ་ཅེས་བྱའོ།།ཤེས་རབ་དེ་གཉིས་རྒྱུད་ལ་བསྐྱེད་ནས་དང་པོ་རྟོགས།།བར་དུ་མྱོང་།ཐ་མ་གདིང་ཐོབ་པར་བྱ་བ་ནི་གནད་དོ།།ཡང་ལུས་སོགས་སྣང་ཙམ་ལས་མ་གྲུབ་པར་འདོད་པ་ནི་མི་འཐད་དེ།སྟོང་པར་རྟོགས་པའི་གང་ཟག་ཞིག་གིས་ལུས་ལ་མེ་ཆུས་རེག་ཅིང་མདའ་མདུང་དབྱུག་པ་སོགས་ཀྱིས་བསྣུན་ན་ཟུག་རྔུ་འབྱུང་བས་སོ་ཟེར་ན།ཆོས་ཉིད་ཟད་པའི་དབྱིངས་ལ་མ་སླེབ་ཀྱི་བར་དུ་གཉིས་སྣང་མི་ནུབ།དེ་མ་ནུབ་ཀྱི་བར་དུ་ཕན་གནོད་ཀྱི་སྣང་བ་རྒྱུན་མི་འཆད་པར་འབྱུང་ཡང་དོན་ལ་ནི་དམྱལ་བའི་མེས་ཀྱང་མ་ཚིག་པས་སྟོན་ཏོ།།ཞེས་གསུངས་ཤིང་མི་སྣང་བར་གྱུར་ཏོ།།ཡང་རེ་ཞིག་གི་དུས་སུ་གྲུབ་ཆེན་ས་ར་ཧའི་ཞལ་མཇལ་བའི་ཚེ།བདག་གིས་གྲུབ་པའི་དབང་ཕྱུག་ཆེན་པོ་ལགས།སྒྲིབ་པ་གང་གིས་སྦྱང་།ལྷ་ཇི་ལྟར་བསྒྲུབ།འདྲེ་བགེགས་གང་གིས་སྒྲོལ༔ བདག་ལ་བཀའ་སྩལ་དུ་གསོལ་ཞུས་པས།བཀའ་སྩལ་པ།ཀྱཻ་སྐྱེས་བུ་ཆེན་པོ་ཁྱོད་ཀྱིས་ཕན་གནོད་ཀྱི་མཚང་ལ་རྒོལ་དགོས་པས།སྒྲིབ་པ་ཞེས་བྱ་བ་ནི་གཞི་སྟོང་ཉིད་ཀྱི་ངོ་བོ་མ་རིག་པ་ལ་སྒྲིབ་པ་དང་མ་རིག་པ་དང་།དེ་བརྟན་པ་ལ་བག་ཆགས་ཞེས་བྱའོ།།དེ་ནི་ལུས་ངག་གི་དགེ་སྦྱོར་ལ་འབད་པ་ལྟ་བུའི་རྩོལ་བ་ཕལ་གྱིས་སྦྱོང་བར་མི་ནུས་ཏེ།འདི་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཆོས་ཉིད་གཏན་ལ་དབབ་པས་སྒྲིབ་པ་དེ་ངང་གིས་འདག་པར་འགྱུར་བ་ཡིན།།ཕན་བྱེད་ལུས་ངག་གི་དགེ་བ་ཐམས་ཅད་གནས་གང་དུ་འདུག།བསགས་པའི་བང་མཛོད་གང་དུ་མཆིས།བྱུང་བའི་ཁུངས།གནས་པའི་ས།འགྲོ་བའི་ཡུལ་ཐམས་ཅད་ལ་བརྟག་ཅིང་དཔྱད་པ་བཏང་བས་ཡུལ་མེད་དུ་འདུག་ན་ཕན་གང་ལ་བཏགས།སེམས་ཉིད་སྟོང་པའི་ཕྱི་ནང་བར་གསུམ་མགོ་མཇུག་གང་ལ་ཕན་ཐོགས་པ་ཡོད་ཅེས་བརྟག་ནས་ཡུལ་མེད་དུ་ཐག་ཆོད་ཚེ་འཁོར་བ་རུ་བསོད་ནམས་བསགས་པ་ཙམ་དུ་ཟད་དོ།།དེ་བཞིན་དུ་སྡིག་པ་བསགས་པའི་ཕུང་པོ་ཕྱོགས་མཚམས་གང་དུ་གདའ།དེའི་བང་ཁང་གནས་གང་དུ་མཆིས།སེམས་སྟོང་པའི་ཕྱི་ནང་མགོ་མཇུག་བར་གསུམ་གང་དུ་གནོད་བྱས་ཡོད་པའི་ཚུལ་བརྟག།དེ་ལྟར་རྟག་ཏུ་ལུས་ངག་དགེ་ལ་སྦྱོར་བའི་སྐྱེས་བུ་དང་།ཚེ་གཅིག་སྡིག་ལ་སྤྱོད་པའི་སྐྱེས་བུ་གཉིས་ཀྱི་ཤེས་རྒྱུད་ལ་ཞིབ་ཏུ་བརྟག་ན་དེ་གཉིས་ཀའི་སེམས་ཀྱི་ཆགས་སྡང་རེ་དོགས་ཉེར་ལེན་ཐམས་ཅད་ལ་ཁྱད་པར་རྡུལ་ཙམ་ཡང་མེད།གྲོལ་ན་ཡང་ཤེས་རྒྱུད་གྲོལ་བས་གྲོལ།འཁྲུལ་ན་ཡང་ཤེས་རྒྱུད་འཁྲུལ་པས་འཁྲུལ།གཉིས་ཀ་ཤེས་རྒྱུད་མ་གྲོལ་བར་འཁོར་བར་འཁྱམས་པ་ལ་ཁྱད་པར་སྤུ་ཙམ་མེད།དེས་ན་དགེ་སྡིག་གཉིས་གནས་སྐབས་ཀྱི་བདེ་སྡུག་སྐྱེད་པའི་ཁྱད་པར་ཙམ་ལས་འཁོར་བའི་སྣོན་པ་ཁོ་ན་ལས་མ་འདས་སོ།།འདི་ལྟར་དགེ་བ་གཏན་ལ་མ་ཕབ་ན་རྣམ་པར་གྲོལ་བའི་ལམ་དང་།གནས་སྐབས་བསོད་ནམས་བསགས་པའི་དགེ་བ་གཉིས་ནོར་ནས་རྣམ་མཁྱེན་གྱི་འབྲས་བུ་མི་འཐོབ།སྡིག་པ་གཏན་ལ་མ་དབབ་ན་རང་ངོ་རང་གིས་མ་རིག་པ་ཉིད་སྒྲིབ་པ་དང་འཁྲུལ་གཞི་ཡིན་པར་མི་ཤེས་ནས་འཁྲུལ་པའི་རྒྱུ་ངོས་མི་ཟིན།དེས་འཁོར་བ་མཐའ་མེད་དུ་འཁྲུལ་པ་ལས་འོས་མེད་པས་གཏན་ལ་དབབ་པ་གནད་དུ་ཤེས་པར་བྱའོ།།ཡང་ཕན་སྐྱབས་ཀྱི་ལྷ་ཞེས་བྱ་བ་རྣམས་དང་པོ་བྱུང་ས་བར་དུ་གནས་ས་ཐ་མ་འགྲོ་ས་གསུམ་ལ་བརྟག་པས་ཡུལ་མེད་པ་དང་།དབང་པོའི་ཡུལ་དུ་སྣང་བའི་གཟུགས་སྒྲ་དྲི་རོ་རེག་བྱ་གང་གི་ཡུལ་དུ་གྲུབ།སྣོད་བཅུད་ཀྱི་འབྱུང་བའི་ཁམས་ཤིག་ཏུ་ཡོད་པར་སེམས་ན་རྡུལ་དང་རྡུལ་ཕྲན་ཆ་མེད་ཀྱི་ཁོངས་སུ་བརྟག།འབྱུང་བ་རང་རང་གི་མིང་དང་དངོས་པོའི་ཚུལ་ལའང་བརྟག།ལྷ་དེས་ཕན་ཇི་ལྟར་བཏགས་པའི་ཚུལ་དང་།གནོད་བྱེད་ཀྱི་འདྲེ་ཡང་དེ་ལྟར་ཞིབ་ཏུ་བརྟག་པས་ཡུལ་མེད་ཤེས་པར་འགྱུར་རོ།།བདེ་བ་དང་སྡུག་བསྔལ་ཐམས་ཅད་སེམས་ཀྱི་སྣང་ཉམས་རྨི་ལམ་ལྟ་བུ་ལས་ལྷ་འདྲེས་ཕན་གནོད་གདགས་གཞིའི་སྟེང་ནས་ཅི་ཡང་མ་བྱུང་ངོ་།།འདྲེས་གནོད་པ་བྱེད་པ་ཡིན་སྙམ་ན་གཟུགས་སྒྲ་དྲི་རོ་རེག་བྱའི་ཡུལ་ལས་འདས་པས་འདྲེ་ཞེས་མིང་ཙམ་དུ་ཟད་པ་དེས་གནོད་ཇི་ལྟར་བྱས་བརྟག་པས་ཡུལ་མེད་དུ་སྟོང་པ་ལས་ཡོད་པར་མ་མཐོང་།མི་རྣམས་འཁྲུལ་པའི་དབང་གིས་རང་ལུས་སྟོད་སྨད་ལའང་བཟང་ངན་དུ་བལྟས་ཏེ་ཁོག་སྟོད་གཙང་མར་སྣང་ནས་ལྷ་ལྟར་འཛིན།ཁོག་སྨད་བཙོག་པར་སྣང་ནས་འདྲེ་ལྟར་འཛིན་པའི་ཚུལ་གྱིས་རེ་དོགས་རྒྱུན་མི་ཆད་པར་འབྱུང་བ་དང་།བདག་འཛིན་གྱི་འཆིང་བ་དམ་པོའི་སྟོབས་ཀྱིས་བདེ་སྡུག་གི་ཉམས་རྒྱུན་མི་ཆད་པར་འབྱུང་བ་ཐམས་ཅད་འཁོར་བའི་སྣང་ཉམས་ཁོ་ན་ལས་གཞན་དུ་བདེན་པར་གྲུབ་པ་རྡུལ་ཙམ་མེད་པ་ནི་དཔེ་རྨི་ལམ་ཁོ་ནས་སྟོན་ཏོ།།འདིའི་གནད་དོན་ཡིན་ལུགས་ཤེས་པ་ནི་སྒོམ་པའི་གེགས་སེལ་ཡིན་ཏེ།སྒོམ་པ་ལ་ཡིད་ཆེས་ཤིང་བློ་མི་གཏོད་པའི་གེགས་ཐམས་ཅད་སེལ་ནས་ཆོས་ཉིད་ཀྱི་དོན་ལ་ཡིད་ཆེས་ཤིང་ཐེ་ཚོམ་པའི་གདིང་ཐོབ་པར་འགྱུར་བ་དང་།མ་རིག་པའི་སྒྲིབ་པ་དང་བྲལ་ནས་རིག་པའི་ཡོ་ལངས་ཆེན་པོར་དབང་བསྒྱུར་བར་བྱེད་དོ།།ཞི་བྱེད་བདུད་གཅོད་ཟབ་མོའི་རྩ་བའང་ཡིན་ཏེ།རང་རིག་ལས་ལྷ་གཞན་དུ་མི་འཚོལ།།རྣམ་རྟོག་ལས་འདྲེ་གཞན་ན་མེད་པར་ཐག་ཆོད་པར་འགྱུར་བས།དེ་ནི་སྒྲུབ་པ་དང་གཏོ་ཡས་གཏོང་བ་ཐམས་ཅད་ལའང་འདི་མེད་ཐབས་མེད་པ་ཡིན་ཏེ༔ དེ་ལྟར་ཤེས་ན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པའི་སྒྱུ་མའི་རྣལ་འབྱོར་ཆེན་པོར་ངེས་པའོ།།ཀྱཻ་སེམས་མེད་རིག་པའི་ཁྱེའུ་ཆུང་ཁྱོད་ཀྱིས་འདི་གདུལ་བྱ་རྣམས་ལ་སྟོན་དང་ངེས་གསང་ཐེག་པ་ཆེན་པོའི་རྣལ་འབྱོར་པ་ཤ་སྟག་འབྱུང་སྲིད་དོ།།ཞེས་གསུངས་ཤིང་མི་སྣང་བར་གྱུར་ཏོ།།ཡང་འོད་གསལ་དག་པའི་སྣང་ངོར་དཔལ་ཆེན་ཕྱག་ན་རྡོ་རྗེའི་ཞལ་མཇལ་བའི་ཚེ།བདག་གིས་འདི་སྐད་ཞུས།ཀྱཻ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་སངས་རྒྱས་ཞེས་བྱ་བ་རང་ཐོག་ཏུ་རང་སངས་རྒྱས་པ་ཡིན་ནམ།།གཞན་ཞིག་གི་ཡུལ་དུ་འཚང་རྒྱ་བར་འགྲོ་རྒྱུ་ཡིན་ནམ།ཞེས་ཞུས་པས།བཀའ་སྩལ་པ།ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ།སངས་རྒྱས་ཞེས་བྱ་བ་ཡུལ་ཡངས་པ་ཆེན་པོ་ཞིག་ན་མི་རྗེ་གཟུགས་བཟང་བ་མཐོང་ན་མི་མཐུན་པ་མེད་པ་ཞི་བ་བསིལ་བ་དྭངས་པ་རྙོགས་པ་དང་བྲལ་བ་མཛེས་སྡུག་བལྟ་བས་ཆོག་མི་ཤེས་པ་ཞིག་གི་ཚུལ་དུ་ཡོད་པར་སེམས་ན་དེའི་ཕ་མ་གང་ལགས།མ་ལས་སྐྱེས་ན་སྐྱེ་བའི་མཐའ་ཅན།གནས་ན་གནས་པ་རྟག་པའི་མཐའ་ཅན།འགག་ན་སྣང་མེད་ཆད་པའི་མཐའ་ཅན་ཏེ།མདོར་ན་སྐྱེ་འགག་གནས་གསུམ་ཚུགས་ཐུབ་བདེན་གྲུབ་ཀྱི་ངོ་བོར་ཡོད་ཕན་ཆད་མཐའ་གཉིས་དང་བྲལ་བའི་གནས་ལུགས་ཞིག་ཡོད་ཐབས་མེད་དེ།ཇི་ལྟར་སྣང་བ་འདི་དག་སྐྱེ་འགག་ལྟར་སྣང་བ་ནི་བཏགས་པ་ཁོ་ནར་ཟད་དོ།།ཡར་དག་པ་རྣམ་བྱང་གི་ཕྱོགས་སུ་ཡང་བདེན་པར་བཟུང་ན་རང་གིས་རང་ཉིད་འཆིང་བར་འགྱུར་གྱི།འཁོར་འདས་ཀྱི་ཆོས་ཉིད་ལ་མི་འདྲ་བའི་ཁྱད་པར་ཞིག་ཡོད་ན་སྲིད་ཞི་མཉམ་ཉིད་ཀྱི་གནས་ལུགས་ཟེར་བའང་ཁ་ཙམ་དུ་བས་ཤིང་།མང་པོ་ཞིག་མྱང་འདས་རང་མཚན་པར་ཞེན་ནས་རེ་དོགས་ཀྱི་གཟེབ་ཏུ་འཇུག་མོད།དག་པའི་ཞིང་དུ་ལོངས་སྤྱོད་རྣམ་པ་གྲངས་མང་ལ།བཀོད་པ་རྒྱ་ཆེ་བའི་ཁྱད་པར་དུ་བྱས་ནས་དངོས་པོ་རང་མཚན་དུ་འཛིན་ན་དེའང་ཆོས་ཀྱི་བདག་འཛིན་དུ་འདུག་གོ།དེ་བཞིན་གཤེགས་པ་ཐེར་ཟུག་དང་བདེན་གྲུབ་ཏུ་ལྟ་བ་དེ་མིང་ཇི་ལྟར་བཏགས་ཀྱང་དོན་ལ་གང་ཟག་གི་བདག་ཏུ་ལྟ་བ་ལས་མ་འདས།སངས་རྒྱས་ལ་མིག་ཡོད་པར་སེམས་ན་མིག་གི་རྣམ་པར་ཤེས་པ་ཡང་ཡོད།མིག་གི་རྣམ་པར་ཤེས་པ་གྲུབ་ཙམ་ནས་གཟུགས་སུ་སྣང་བ་མི་མཆེད་པའི་ཐབས་མེད་པ་ཡིན།དེ་ནི་མིག་གི་གཟུང་བ་ཡུལ་ཞེས་བྱ་སྟེ།དེ་ལྟར་གྲུབ་ཕན་ཆད་གཟུགས་ཉེར་ལེན་གྱི་སེམས་རྟོག་ཕྲ་མོ་ཞིག་མི་འབྱུང་བའི་ཐབས་མེད།དེ་ནི་མིག་གི་འཛིན་སེམས་ཏེ།གཟུང་འཛིན་གཉིས་སུ་རྟོག་པ་ལ་སེམས་ཞེས་བྱ་བས་སེམས་གང་ལ་ཡོད་པ་དེ་ལ་སེམས་ཅན་ཞེས་བྱའོ།།དེ་བཞིན་དུ་རྣ་བ་ཡོད་པར་སེམས་ན་དེའི་རྣམ་པར་ཤེས་པ་སྒྲ་དང་བཅས་པ་དང་།སྣ་ཡོད་པར་སེམས་ན་སྣའི་རྣམ་པར་ཤེས་པ་དྲི་དང་བཅས་པ་དང་།ལྕེ་ཡོད་པར་སེམས་ན་ལྕེའི་རྣམ་པར་ཤེས་པ་རོ་དང་བཅས་པ་དང་།ལུས་ཡོད་པར་སེམས་ན་ལུས་ཀྱི་རྣམ་པར་ཤེས་པ་རེག་བྱ་དང་བཅས་པ་ཐམས་ཅད་དེ་རྣམས་ཀྱི་གཟུང་ཡུལ་ཡིན་ཏེ།དེ་དག་ཉེ་བར་ལེན་པའི་རྟོག་ཚོགས་རྣམས་ནི་དེ་དག་གི་འཛིན་པ་སེམས་ཏེ།སྔ་མ་བཞིན་སེམས་གང་ལ་ཡོད་པ་དེ་ལ་སེམས་ཅན་ཞེས་བྱའོ།།སངས་རྒྱས་ཞེས་གཟུང་འཛིན་ལས་མ་འདས་པའི་སངས་རྒྱས་ཞིག་ཡོད་པར་སྲིད་ན་དེའི་ཡོན་ཏན་སེམས་ཅན་ལ་འཇུག་པའང་མི་དང་མི་ལྟ་བུའོ།།སངས་རྒྱས་ཀྱིས་གཞན་ལ་ཆོས་སྟོན་པར་སེམས་ན་སྟོན་པ་པོ་བདག་དང་།བསྟན་བྱའི་ཆོས་དང་།སྟོན་ཡུལ་སེམས་ཅན་དུ་སྣང་ཞིང་འཛིན་པ་ཡོད་ན་དེ་ནི་སེམས་ཅན་ལས་འཕགས་པའི་ཁྱད་ཆོས་ཏིལ་འབྲུ་ཙམ་ཡང་མེད་པས་ཐམས་ཅད་སེམས་ཅན་ནོ།།ཡུལ་ཁམས་བདེ་བ།གཟུགས་མཛེས་པ།མཛའ་གྲོགས་ལེགས་པ།ལོངས་སྤྱོད་དང་བདེ་སྐྱིད་ཆེ་བ།ཁྲོ་བ་དང་ཆགས་པ་མེད་པ་རྣམས་ཁྱད་ཆོས་ཡིན་པར་སེམས་ན་དེ་ཡང་གཟུགས་ཁམས་ཀྱི་ལྷ་ལས་མི་འཕགས་པས་སེམས་ཅན་ནོ།།ངེས་པའི་དོན་དུ་རང་གི་གཞི་ཀུན་ཏུ་བཟང་པོ་ནི་དུས་གསུམ་གྱི་བདེ་བར་གཤེགས་པ་ཞེས་བྱ་བ་ཡིན་ནོ།།དོན་དམ་པར་སངས་རྒྱས་འཇིག་རྟེན་དུ་བྱོན་མ་མྱོང་བ་དང་།ཆོས་སྟོན་མ་མྱོང་བ་ནི་རྒྱུད་ལུང་མན་ངག་མང་པོར་གདུལ་བྱ་རང་སྣང་གི་སྟོན་པ་རང་ལ་ཤར་བ་ཡིན་པའི་ཚུལ་གསལ་བར་གསུངས་པ་ལ་ལྟོས་ཤིག་རྟོགས་ཤིག།ཡང་འཁོར་བའི་གནས་རིགས་གཞན་ཡོད་ཅིང་གྲུབ་སྟེ་སེམས་ཅན་མང་པོ་ཡུལ་དེ་རུ་སོང་ཞིང་ཁ་བརྒྱུད་ནས་བདེ་སྡུག་མྱོང་བར་སེམས་ན་དེ་ཡང་མི་རིགས་ཏེ།སྔ་མའི་ལུས་རྟེན་ཤུལ་དུ་བོར་བར་སྣང་བ་བདེན་ན་བར་སྲིད་ཀྱི་ལུས་དེ་གང་ནས་ལེན།དེང་སང་གི་སེམས་ཅན་རྣམས་ལ་རྨ་དང་རྐང་ལག་ཚིག་པ་ཙམ་དང་།དགུན་ཉིན་ཞག་རེ་ཙམ་གྱི་གྲང་ལྷག་གིས་འཆི་བར་འགྱུར་ན།དམྱལ་བ་ཚ་གྲང་མྱོང་བྱེད་ཀྱི་ལུས་གྲུབ་ནས་བཙོ་བསྲེག་སོགས་ཡུན་རིང་བྱས་ཀྱང་མི་འཆི་བ་དེ་ཅིའི་ཕྱིར་ཡིན།དེ་བཞིན་དུ་དེང་སང་ཟླ་ཤས་ཞག་ཤས་ཙམ་དུ་མུ་གེ་བྱུང་བས་འཆི་སྲིད་ན།ཡི་དྭགས་ཀྱི་སེམས་ཅན་བསྐལ་པར་མུ་གེས་ཅིས་མི་འཆི།དེས་ན་འགྲོ་བ་རིགས་དྲུག་གི་སེམས་ཅན་བར་སྲིད་དང་བཅས་པ་ཐམས་ཅད་རྨི་ལམ་གྱི་སྣང་བ་མཆེད་པ་ལྟ་བུར་སྣང་ཙམ་ལས་མ་གྲུབ་ཅིང་སྟོང་པ་ཡུལ་མེད་པ་ལ་བདེན་ཞེན་སྐྱེས་པས་འཁྲུལ་པ་ཡིན།དེ་ལྟར་འཁྲུལ་སྣང་གཏན་ལ་ཕབ་ནས་བདེན་མེད་སྟོང་པ་ཡུལ་མེད་དུ་རྟོགས་ན་འཁོར་བ་དོང་ནས་སྤྲུགས་པ་ཡིན།སངས་རྒྱས་རང་གཞི་ལས་མེད་པར་ཐག་ཆོད་དེ་རང་ལ་རང་གདིང་ཐོབ་པར་བྱས་ན་སངས་རྒྱས་དུ་མ་རང་གྲོལ་ཞེས་བྱ་བའི་མིང་དོན་གྱིས་ཐོབ་པ་ཡིན་ནོ།།ཀྱཻ་ནམ་མཁའི་དབང་ཕྱུག་ཀུན་ཁྱབ་རྡོ་རྗེ་ཁྱོད་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཅང་མེད་སྟོང་པ་རུ་གཏན་ལ་ཕབ་ནས་མེད་པའི་རང་བཞིན་རྟོགས་པར་གྱིས་ཤིག།ཅེས་གསུངས་ཤིང་མི་སྣང་བར་གྱུར་ཏོ།།དེ་ལྟར་བདག་གིས་ཡུན་རིང་པོར་གཏན་ལ་ཕབ་ནས་མེད་པར་ཐག་ཆོད་པ་བྱུང་ཞིང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་རང་ངོས་ནས་སྟོང་པར་ཤེས་ཀྱང་སྟོང་པ་གྲངས་མང་བ་ལུང་མ་བསྟན་དུ་ཡོད་པའི་སྐབས་ཤིག་ན།ཆེ་མཆོག་རྡོ་རྗེ་ཁྲོ་ལོད་འཁོར་འདས་སྟོང་ཉིད་ཀྱི་རོལ་པར་སྟོན་པའི་ཧཱུྃ་གླུ་གྱེར་བ་ཞིག་གི་ཞལ་མཇལ་བའི་ཚེ་བདག་གིས།ཀྱཻ་ལྷག་པའི་ལྷ་མཆོག་ཆེན་པོ་ལགས།ངས་འཁོར་འདས་སྟོང་ཉིད་དུ་གོ་ཡང་སྟོང་པ་ཕན་མེད་གནོད་མེད་དུ་འདུག་པ་འདི་ཅིས་ལན་པ་ཡིན།ཅེས་ཞུས་པས།ཀྱཻ་སྐྱེས་བུ་ནམ་མཁའི་དབང་པོ་ཁྱོད་ཀྱིས་འཁོར་འདས་ཐམས་ཅད་སྟོང་པ་ཉིད་དུ་འགགས་སྡོམས་ཤིག།སྟོང་པ་ཉིད་ངོ་བོ་ཉིད་དུ་འགགས་བསྡམ་པར་གྱིས་ཤིག།ངོ་བོ་ཉིད་གཞི་རུ་འགགས་བསྡམ་པར་གྱིས་ཤིགའཁོར་འདས་གཞིའི་རོལ་པར་འགགས་སྡོམས་ཤིག།འཁོར་འདས་ཀྱི་སྤྱི་ཆིངས་གཞི་ཉིད་དུ་འགགས་བསྡམ་པར་གྱིས་ཤིག།རྒྱ་མཚོའི་གཟའ་སྐར་རྒྱ་མཚོ།སྣོད་བཅུད་ནམ་མཁའ།འཁོར་འདས་ཆོས་ཉིད་རྣམས་ཀྱི་རོལ་པ་དང་།ཆིངས་པ་དང་།ཆོས་ཉིད་ཁྱབ་ཅིང་བརྡལ་བ་དག་དཔེ་དང་དཔེ་ཅན་ཡིན་པའི་ངང་ཚུལ་ཤེས་པར་གྱིས་ཤིག།དེས་འཁོར་འདས་འུབ་ཆུབ་ཀྱི་རྣལ་འབྱོར་པར་འགྱུར་རོ།།ཞེས་གསུངས་ཤིང་མི་སྣང་བར་གྱུར་ཏོ།།དེ་ནས་ཡང་ལོ་ཁྱིམ་བདུན་གྱི་རྨི་ལམ་དག་པའི་སྣང་ངོར་ཆོས་སྐུའི་སྟོན་པ་རྡོ་རྗེ་འཆང་གི་ཞལ་མཇལ་བའི་ཚེ་བདག་གིས།ཀྱཻ་སྟོན་པ་བཅོམ་ལྡན་འདས་ཐར་པ་དང་རྣམ་མཁྱེན་གྱི་ལམ་དུ་ཇི་ལྟར་གྲོལ་བ་དང་།མ་དག་པ་འཁོར་བའི་ལམ་དུ་ཇི་ལྟར་འཁྲུལ་བ་ཡིན།སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ།ཅེས་ཞུས་པས་བཀའ་སྩལ་པ།ཀྱཻ་སྐྱེས་བུ་ཆེན་པོ་ཁྱོད་ཉོན་ཅིག།སངས་རྒྱས་དང་སེམས་ཅན་གཉིས་ཀ་རིག་དང་མ་རིག་གཉིས་ཀྱིས་ཁྱད་པར་ལས་བྱུང་བ་ཡིན་ཏེ།གཞི་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད་ནི་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་ནོ།།ངོ་བོ་སྟོང་པ་ཆོས་སྐུ།རང་བཞིན་གསལ་བ་ལོངས་སྐུ།ཐུགས་རྗེ་རང་གྲོལ་བ་སྤྲུལ་སྐུ།འཁོར་འདས་ཀུན་ལ་ཁྱབ་ཅིང་བརྡལ་བ་ངོ་བོ་ཉིད་སྐུའོ།།ཆོས་ཐམས་ཅད་གོ་འབྱེད་པས་ཆོས་དབྱིངས།དྭངས་གསལ་རྙོག་མ་དང་བྲལ་བས་མེ་ལོང་།འཁོར་འདས་དག་མཉམ་གྱི་རོལ་པ་མཉམ་ཉིད།མཁྱེན་གཟིགས་ཡེ་ཤེས་ཀྱི་གོ་མ་འགགས་པས་སོར་རྟོག།དག་གྲོལ་གྱིས་བྱ་བ་གྲུབ་པས་བྱ་གྲུབ་བོ།།དེ་ལྟར་རང་བྱུང་གི་སངས་རྒྱས་སུ་གྲོལ་བའི་ལམ་རིག་པ་ཡང་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་མངོན་དུ་བྱེད་པ་སྟེ།རིག་པའི་ངོ་བོ་ཁྱབ་གདལ་ནམ་མཁའི་ཁོར་ཡུག་ཡུལ་མེད་ཟང་ཐལ་ཆེན་པོ་གཞི་མེད་རྩ་བྲལ་གྱི་རོལ་བ་དེ་ཉིད་སྤྲོས་པ་དང་བྲལ་བས་ཆོས་སྐུ།རང་བཞིན་རང་གསལ་གྱི་ཆ་ནས་ལོངས་སྐུ།ཡེ་ཤེས་ཀྱི་གསལ་སྒོ་མ་འགགས་པའི་ཆ་ནས་སྤྲུལ་སྐུ།འཁོར་འདས་ཀྱི་སྤྱི་གཞིར་གྱུར་པའི་ཆ་ནས་ངོ་བོ་ཉིད་སྐུའོ།།གཞི་གཏན་ལ་ཕབ་ནས་འཁོར་འདས་ཆོས་ཉིད་ཀྱི་དབྱིངས་སུ་རོ་གཅིག་པའི་ངང་ཚུལ་རྟོགས་པ་ཆོས་དབྱིངས་ཡེ་ཤེས།སྟོང་པ་བེམ་སྟོང་དུ་མ་སོང་བར་དྭངས་གསལ་རྙོག་མ་དང་བྲལ་ཞིང་ཅིར་ཡང་འཆར་དུ་རུང་བ་མེ་ལོང་གཡའ་བྲལ་ལྟ་བུ་ལ་མེ་ལོང་ཡེ་ཤེས།འཁོར་འདས་སྟོང་ཉིད་ཆེན་པོར་དག་མཉམ་དུ་ཡོད་པའི་ངང་ཚུལ་ཤེས་པ་མཉམ་ཉིད་ཡེ་ཤེས།རིག་རྩལ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་གསལ་སྒོ་མ་འགགས་པ་སོར་རྟོག་ཡེ་ཤེས།རིག་པ་ལ་རང་དབང་བསྒྱུར་བས་དག་གྲོལ་གཉིས་ལྡན་གྱི་བྱ་བ་རང་གྲུབ་པས་བྱ་གྲུབ་ཡེ་ཤེས་འདིའི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་མི་ཤེས་ཤིང་སེམས་རིག་གི་དབྱེ་བ་མི་ཕྱེད་པའི་ཤེས་པ་བཟོ་མེད་ལམ་དུ་བྱེད་པ་མང་ཡང་།དེ་རྣམས་ནི་ཕྱི་སྣང་བ་ལ་ལུང་མ་བསྟན་དངོས་པོ་མཚན་མ་ཅན་དུ་བཟུང་།ནང་རང་ལུས་ལ་ལུང་མ་བསྟན་རྟག་པ་དངོས་འཛིན་གྱི་འཆིང་བས་དམ་དུ་འཁྱུད།དེ་གཉིས་ཀྱི་བར་ལྟ་བུར་ཤེས་པ་གསལ་རིག་གོ་མ་འགགས་པ་ཙམ་ལ་བརྟན་པ་ཐོབ་ཀྱང་ཁམས་གོང་མ་གཉིས་སུ་འཕེན་བྱེད་ཀྱི་དགེ་བར་འགྱུར་སྲིད་པ་ཙམ་ལས་ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་མི་འཐོབ་པས་སྐྱོན་དང་བཅས་པ་ཡིན།འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་རོ་གཅིག་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་ཇི་ལྟ་བ་ཤེས་པའི་ཤེས་རབ།རིག་པའི་ངོ་བོ་དེའི་ངང་དུ་གནས་ཀྱང་ཀུན་ཤེས་ཀུན་རིག་གི་ཤེས་པ་གོ་མ་འགག་པར་རང་བྱུང་བ་ནི་ཇི་སྙེད་པ་ཤེས་པའི་ཤེས་རབ་སྟེ།དེ་ལྟར་གོ་མ་འགགས་ཀྱང་ཡུལ་ལ་མི་འཇུག་པ་ནི་དཔེར་ན་དངུལ་ཆུའི་ཐིག་པ་ས་ལ་ལྷུང་བ་ལྟ་བུའོ།།སེམས་ནི་འཁོར་འདས་རང་རྒྱུད་པར་བལྟ་ཞིང་སྣང་བ་ལ་དངོས་པོར་འཛིན་པ་བཞིའི་གནས་ལུགས་མ་རིག་པའོ།།དེ་ལས་སེམས་བྱུང་གི་རྟོག་པ་སྐྱེ་འགག་ཅན་ཡུལ་དང་འདྲེས་པར་བྱུང་བ་ནི་ས་སྐམ་དུ་ཆུ་ཐིག་བབས་པ་ལྟ་བུའོ།།གཞི་ལ་རང་དབང་བསྒྱུར་བ་དག་པ་གཞིའི་སངས་རྒྱས་ཀྱི་རང་ཞལ་མ་རིག་པས་བསྒྲིབ་པ་ལས་གཞིའི་ངང་མདངས་ཀྱི་སྐུ་དང་ཡེ་ཤེས་ཐམས་ཅད་ནང་མདངས་སུ་ནུབ་སྟེ་ཕྱི་གདངས་ཕྱི་རུ་འཕོས་ཏེ་འོད་ལྔའི་རྣམ་པས་འབྱུང་ལྔའི་རོལ་པར་མཆེད་པའི་ཚུལ་ནི།ཆོས་དབྱིངས་ཡེ་ཤེས་མ་རིག་པས་བསྒྲིབ་པས་ཕྱི་གདངས་འོད་མཐིང་དུ་སྣང་བ་ནང་འབྱུང་དང་ནམ་མཁའི་དྭངས་མ་འབྱུང་ཆེན་ཞེས་བྱ་བ་ཡིན།འོད་ལ་བདེན་འཛིན་དངོས་ཞེན་སྐྱེས་པས་ནམ་མཁར་སྣང་སྟེ་དེ་ལ་ཕྱི་འབྱུང་འབྱུང་ཕྲན་སྙིགས་མའི་སྣང་བ་ཞེས་བྱའོ།།མེ་ལོང་ཡེ་ཤེས་མ་རིག་པས་བསྒྲིབ་སྟེ་ནང་མདངས་སུ་ནུབ་པས་ཕྱི་གདངས་འོད་དཀར་པོའི་ཁ་དོག་ཏུ་སྣང་བ་ཆུའི་དྭངས་མ་དང་འབྱུང་ཆེན་ནང་འབྱུང་།དེ་ལ་དངོས་འཛིན་བདེན་ཞེན་སྐྱེས་པས་ཆུ་རུ་སྣང་བ་སྙིགས་མ་དང་འབྱུང་ཕྲན་ཕྱི་འབྱུང་།མཉམ་ཉིད་ཡེ་ཤེས་མ་རིག་པས་བསྒྲིབ་སྟེ་ནང་མདངས་སུ་ནུབ་པས་ཕྱི་གདངས་འོད་སེར་པོའི་ཁ་དོག་ཏུ་སྣང་བ་སའི་དྭངས་མ་དང་ནང་འབྱུང་འབྱུང་ཆེན།དེ་ལ་དངོས་འཛིན་བདེན་ཞེན་སྐྱེས་པས་ས་རུ་སྣང་བ་སྙིགས་མ་འབྱུང་ཕྲན་ཕྱི་འབྱུང་།སོར་རྟོག་ཡེ་ཤེས་མ་རིག་པས་བསྒྲིབ་སྟེ་ནང་མདངས་སུ་ནུབ་པས་ཕྱི་གདངས་འོད་དམར་པོའི་ཁ་དོག་ཏུ་སྣང་བ་མེའི་དྭངས་མ་དང་ནང་འབྱུང་འབྱུང་ཆེན།དེ་ལ་དངོས་འཛིན་བདེན་ཞེན་སྐྱེས་པས་མེ་རུ་སྣང་བ་སྙིགས་མ་འབྱུང་ཕྲན་ཕྱི་འབྱུང་།བྱ་གྲུབ་ཡེ་ཤེས་མ་རིག་པས་བསྒྲིབ་སྟེ་ནང་མདངས་སུ་ནུབ་པས་ཕྱི་མདངས་འོད་ལྗང་གུའི་ཁ་དོག་ཏུ་སྣང་བ་རླུང་གི་དྭངས་མ་དང་ནང་འབྱུང་འབྱུང་ཆེན།དེ་ལ་དངོས་འཛིན་བདེན་ཞེན་སྐྱེས་པས་རླུང་དུ་སྣང་བ་སྙིགས་མ་འབྱུང་ཕྲན་ཕྱི་འབྱུང་ཞེས་བྱའོ།།འོད་གདངས་དེ་དག་ནང་ན་གནས་པའི་རྐྱེན་ལས་ཁ་དོག་སྣ་ཚོགས་དང་འབྱུང་བ་ལྔའི་སྣང་བ་རྒྱུན་མི་ཆད་པར་སྣང་བ་ཡིན་ནོ།།འཁྲུལ་པའི་གཞི་ལྔ་དེ་དག་གི་རྩལ་དུ་ཤར་བ་ནི་འདི་ལྟ་སྟེ།གཞི་མ་རིག་པས་བསྒྲིབ་པ་ལས་ཀུན་གཞི་མཚན་ཉིད་པ་བེམ་སྟོང་ནམ་མཁའ་ལྟ་བུ་ཅི་ཡང་མི་སེམས་ཤིང་མི་སྣང་བ་སྟེ།དཔེར་ན་གཉིད་འཐུག་པོ་དང་བརྒྱལ་བའི་གནས་སྐབས་ལྟ་བུའོ།།དེའི་ངང་དུ་འབྱམས་ཀླས་པ་ནི་གཏི་མུག་གི་ངོ་བོ་སྟེ་མ་རིག་པའི་ཡོ་ལངས་ཆེན་པོའོ།།དེ་ལས་བསྐལ་བ་ལས་ཀྱི་རླུང་འགུལ་བ་ནི་ཕྲག་དོག་གི་ངོ་བོ་ཡིན།དེའི་བྱེད་ལས་ཀྱིས་སྟོང་པ་ལས་གསལ་ཆ་ཐོན་པ་ཀུན་གཞིའི་རྣམ་ཤེས་ཏེ་ཞེ་སྡང་གི་ངོ་བོར་གནས་པ་ཡིན།དེ་ལས་བདག་སྣང་ཙམ་ལ་ངར་འཛིན་སྐྱེས་པ་ཉོན་ཡིད་དེ་ང་རྒྱལ་གྱི་ངོ་བོར་གནས།དེ་ལས་ཡིད་ལངས་ཏེ་གཞི་བེམ་སྟོང་ལ་སྣང་བ་མཆེད་རུང་གི་ནུས་པ་བཞག་ཅིང་གསལ་ཆ་བཏོན་པ་འདོད་ཆགས་ཀྱི་ངོ་བོར་གནས་པ་ཡིན།དེ་དག་ཐམས་ཅད་ནང་མདངས་ལས་ངོ་བོ་ལྔ་ཕྱི་རྩལ་དུ་ཤར་བ་ཡིན།དུག་ལྔའི་ངོ་བོ་མེ་ལྟ་བུ་ལས་ཉོན་མོངས་པའི་རྟོག་ཚོགས་མེ་སྟག་མཆེད་པ་ལྟ་བུའོ།།དེ་ལྟར་ཀུན་གཞི་དང་ཡིད་མཉམ་པར་བརྡལ་བའི་སྟོང་གསལ་གྱི་ཆ་ལ་སྣང་བ་མཆེད་པའི་ཡུལ་གོ་མ་འགགས་པར་ཡོད་པ་ལས།ལས་རླུང་གཡོ་བའི་རྐྱེན་དང་རྒྱུ་གཞི་འཆར་རུང་གི་ནུས་པ་ཅན་གཉིས་ཀ་རྒྱུ་རྐྱེན་དུས་འཛོམ་པ་ལས་གཞི་ལ་བརྟེན་ཅིང་གཞི་རང་ལས་མི་གཞན་པར་འབྲེལ་བའི་ཚུལ་གྱིས་གཟུགས་སུ་སྣང་བ་སྣ་ཚོགས་མཆེད་པ་སྟེ།གཟུགས་སྣང་མཆེད་པའི་ཡུལ་གང་ཡིན་པ་དེ་ལ་མིག་གི་རྣམ་པར་ཤེས་པ་ཞེས་ཐ་སྙད་ཙམ་དུ་བརྗོད་པའོ།།དེས་ན་སྣང་ཡུལ་རྒྱ་མཚོ་ལྟ་བུ་ལ་ཡུལ་དང་།གཟུགས་སྣང་གཟའ་སྐར་ལྟ་བུ་ལ་གཟུང་བ་ཞེས་བྱའོ།།དེ་ལས་འཛིན་པ་ཡིད་ཀྱི་རྣམ་ཤེས་ཕྲ་མོས་གཟུགས་དེ་ལ་མིང་བཏགས་དོན་བཟུང་དངོས་པོར་བལྟས་ཏེ་བདེ་སྡུག་བར་མ་གསུམ་ཉེ་བར་ལེན་པའི་རྣམ་པར་རྟོག་པ་ཤར་བ་ལ་ནི་མིག་གི་འཛིན་པ་སེམས་ཞེས་བྱའོ།།དེ་བཞིན་དུ་སྒྲ་མཆེད་པའི་ཡུལ་གོ་མ་འགགས་པ་ལ་ཡུལ་དང་།སྒྲ་རུ་སྣང་བ་མཆེད་པ་ལ་གཟུང་བ་དང་།ཉེར་ལེན་ཡིད་ཤེས་ལ་འཛིན་པ་སེམས་ཞེས་བྱ་སྟེ།གོང་ལྟར་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ལོ།།དེ་བཞིན་དུ་དྲི་རུ་སྣང་བ་མཆེད་པ་ལ་སྣའི་རྣམ་པར་ཤེས་པ་དང་།རོ་རུ་སྣང་བ་མཆེད་པ་ལ་ལྕེའི་རྣམ་པར་ཤེས་པ་དང་།རེག་བྱའི་སྣང་བ་མཆེད་པ་ལ་ལུས་ཀྱི་རྣམ་པར་ཤེས་པ་རྣམས་མིང་ཐ་སྙད་ཙམ་དུ་བརྗོད་པ་ལས་བུག་སྒོ་ཐ་དད་པར་སྣང་བ་མ་ཡིན་པར་རྨི་ལམ་དང་བར་སྲིད་ཀྱི་སྐབས་སྟོན་ཏོ།།འགའ་ཞིག་གིས་སྣང་བ་སེམས་སུ་འདོད་ཅིང་ཕྱི་རོལ་གྱི་སྣང་བ་ཐམས་ཅད་རྣམ་རྟོག་དང་རང་སེམས་དངོས་ཡིན་ནམ་སྙམ་དུ་སེམས་ཀྱང་དེ་ལྟར་མ་ཡིན་ཏེ།སྣང་བ་རྣམས་སྣང་ཙམ་ཉིད་ནས་གནས་འགྱུར་ཏེ་སྐད་ཅིག་སྔ་ཕྱིའི་རིམ་པས་འགགས་ནས་འགྲོ་བ་ལ།སེམས་ནི་དེ་དང་དེའི་ངོ་བོར་འཕོས་ཏེ་རང་ཉིད་སེམས་མེད་དུ་མ་སོང་བ་དེས་སྟོན་ཏོ།།དེ་ལྟར་ཚོགས་བརྒྱད་ཀྱི་སྣང་བ་ལུགས་སུ་འབྱུང་བས་འཁོར་བ་ཡོངས་སུ་མཆེད།ཡང་ཀུན་གཞིའི་རྣམ་ཤེས་ཀྱི་བར་ལུགས་སུ་ལྡོག་པས་སྲིད་པའི་རྩེ་རུ་དུབ་པ་ཡིན་ནོ།།དེ་ལྟར་སྣང་སྲིད་འཁོར་འདས་ཐམས་ཅད་གཞི་རང་ལས་མི་གཞན་པར་གཞི་ཉིད་དུ་རོ་གཅིག་པ་དཔེར་ན་རྒྱ་མཚོར་གཟའ་དང་རྒྱུ་སྐར་གྱི་གཟུགས་བརྙན་སྣ་ཚོགས་སྣང་ཡང་དོན་ལ་ཆུ་ཉིད་དུ་རོ་གཅིག་པ་ལྟ་བུར་ཤེས་པར་གྱིས་ཤིག།སྣང་བ་ཐམས་ཅད་རང་སྣང་དུ་སྟོན་པ་རྡོ་རྗེ་འཆང་གི་མན་ངག་གོ།ཞེས་གསུངས་ཤིང་མི་སྣང་བར་ཡལ་ལོ།།ཡང་དུས་རེ་ཞིག་གི་ཚེ་རིག་འཛིན་ཆེན་པོ་ཧཱུྃ་ཆེན་ཀཱ་རའི་ཞལ་མཇལ་བའི་ཚེ།བདག་གིས་སྣང་བའི་བཀོད་པ་འདི་ཇི་ལྟ་བུ་ལགས་ཞེས་ཞུས་པས།བཀའ་སྩལ་པ།ཀྱཻ་སྐྱེས་བུ་ཆེན་པོ་སྒོ་ལྔའི་རྣམ་ཤེས་ནམ་མཁའ་ལྟ་བུ་ཅིར་ཡང་མཆེད་དུ་རུང་བ་དང་།རྣམ་པར་རྟོག་པ་སྒྱུ་མའི་རྫས་སྔགས་ལྟ་བུ་གཉིས་དུས་འཛོམ་པ་ལས་སྣང་བའི་བཀོད་པ་སྒྱུ་འཕྲུལ་ལྟ་བུར་འབྱུང་བ་ཡིན་ལ།ཉེར་ལེན་གྱི་ཤེས་པ་ནི་ལྟད་མོ་མཁན་ལྟ་བུའོ།།དེས་ན་མཆོད་རྫས་དང་སྦྱིན་པའི་རྫས་ཐམས་ཅད་སྒྱུ་མའི་རྫས་ལྟ་བུ་དང་།སྦྱང་སྔགས་ཀྱིས་སྟོང་ཉིད་དུ་སྦྱངས་ནས་སྤེལ་སྔགས་ཀྱིས་མཆོད་སྦྱིན་གྱི་ཡུལ་གང་ཡིན་པ་དེའི་དབང་པོ་དྲུག་གི་ཡུལ་དུ་འདོད་ཡོན་གྱི་སྣང་བ་དཔག་ཏུ་མེད་པར་མཆེད་པར་བྱས་ཏེ།མཉེས་པར་བྱེད་པ་སྒྱུ་མ་ལྟ་བུའི་རྣལ་འབྱོར་གྱི་སྒོ་དང་།ཡང་སྒྱུ་མ་ལྟ་བུའི་རྣལ་འབྱོར་གྱིས་སྤྲུལ་པ་ལྟ་བུའི་སེམས་ཅན་ལ་དྲི་ཟའི་གྲོང་ཁྱེར་ལྟ་བུའི་སྣང་ཡུལ་བཀོད་དེ་རྨི་ལམ་ལྟ་བུའི་དམིགས་བསྒྱུར་གྱིས་བསྒྲལ་འདྲེན་སོགས་བྱེད་པས་སྒྱུ་མའི་རྣལ་འབྱོར་ཆེན་པོར་དབང་བསྒྱུར་བའོ།།མཚོ་ལ་གཟའ་སྐར་ཇི་ལྟར་མང་ཡང་ཆུ་ཉིད་ཀྱིས་ཆིངས་པ་དང་།སྣོད་བཅུད་ཇི་ལྟར་མང་ཡང་ནམ་མཁའ་གཅིག་གིས་ཆིངས་པ་དང་།འཁོར་འདས་ཀྱི་སྣང་བ་ཇི་ལྟར་རྒྱ་ཆེ་ལ་གྲངས་མང་ཡང་སེམས་ཉིད་གཅིག་གིས་ཆིངས་པའི་ཚུལ་ལ་ལྟོས་ཤིག།སེམས་ཉིད་བདེ་གཤེགས་སྙིང་པོ་ཞེས་བྱ་བ་ནི་ཕྱལ་བ་སྐྱོན་གྱིས་མ་གོས་པ།དཔེར་ན་སངས་རྒྱས་ནམ་མཁའ་གང་བ་ཞིག་ཡོད་སྲིད་ནའང་དེའི་ཡེ་ཤེས་ཡོན་ཏན་གྱིས་ཕན་བཏགས་པའི་ཡུལ་མེད་པས་ཕྱལ་བ་དང་།སེམས་ཅན་རང་རྒྱུད་པ་ནམ་མཁའི་མཐའ་དང་མཉམ་པ་ཙམ་ཡོད་སྲིད་ནའང་གནོད་པ་བྱེད་པའི་ཡུལ་མེད་པས་ཕྱལ་བའོ།།གཞིའི་ཆོས་སྐུ་བདེ་བར་གཤེགས་པའི་སྙིང་པོ་དེ་སྐྱེ་བའི་གནས་ཡུལ་བདག་པོ་ཐམས་ཅད་དང་བྲལ་བས་སྐྱེ་བའི་མཐའ་དང་བྲལ་བ།འགག་པའི་དུས་དང་བདག་པོ་ལས་འདས་པས་འགག་པའི་མཐའ་དང་བྲལ་བ།ཡོད་པ་དངོས་པོའི་ཕྱོགས་སུ་མ་ལྷུང་བར་རྒྱལ་བའི་སྤྱན་གྱིས་ཀྱང་མི་གཟིགས་པའི་ཕྱིར་རྟག་པའི་མཐའ་དང་བྲལ་བ།མེད་པ་ཅང་མེད་དུ་མ་སོང་བར་འཁོར་འདས་ཀྱི་སྤྱི་གཞིར་གྱུར་པས་ཆད་པའི་མཐའ་དང་བྲལ་བ།འགྲོ་བའི་གནས་ཡུལ་བདག་པོ་ཐམས་ཅད་ལས་འདས་པས་འགྲོ་བའི་མཐའ་དང་བྲལ་བ།འོང་བའི་གནས་ཡུལ་བདག་པོ་མ་གྲུབ་པའི་ཕྱིར་འོང་བའི་མཐའ་དང་བྲལ་བ།གཞི་བདེ་གཤེགས་སྙིང་པོའི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱ་མཚོའི་ནང་གི་གཟའ་སྐར་ལྟར་མ་འདྲེས་སོ་སོར་ཤར་བའི་ཕྱིར་དོན་གཅིག་པའི་མཐའ་དང་བྲལ་བ།འཁོར་འདས་ཀྱི་རྣམ་པ་ཇི་ལྟར་ཤར་ཡང་རྒྱ་མཚོའི་གཟའ་སྐར་རྒྱ་མཚོ་ལས་མི་གཞན་པ་ལྟར་གཞི་བདེ་གཤེགས་སྙིང་པོ་ཉིད་དུ་རོ་གཅིག་པའི་ཕྱིར་ཐ་དད་པའི་མཐའ་དང་བྲལ་བ་སྟེ།སྤྲོས་པའི་མཐའ་བརྒྱད་པོ་གང་དུའང་མ་ལྷུང་བའི་ཕྱིར་ཕྱལ་བ་སྐྱོན་གྱིས་མ་གོས་པའོ།།ཡང་སྟེང་འོག་ཕྱོགས་མཚམས་བར་དང་དུས་ལས་འདུས་པས་སྟོང་པ་དང་།ཡོངས་ལ་ཁྱབ་ཅིང་ཡོངས་སུ་བརྡལ་བས་སྟོང་པ་དང་།ཕྱི་སྣང་བ་ཐམས་ཅད་དངོས་མཚན་བདེན་གྲུབ་ཏུ་མ་མཆིས་པས་ཕྱི་སྟོང་པ་དང་།ནང་རང་སེམས་གཞི་རྩ་ཐམས་ཅད་ལས་འདས་པས་ནང་སྟོང་པ་ཉིད་དང་།བར་གཟུང་འཛིན་གཉིས་སུ་མི་ཕྱེད་པས་བརྡལ་ཁྱབ་ཆེན་པོ་དོར་བ་མེད་པའི་སྟོང་པ་ཉིད་དེ་རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་།གཞིའི་ཆོས་སྐུ་བདེ་གཤེགས་སྙིང་པོ་ཚིག་ཏུ་བརྗོད་བྱའི་མཚན་མ་དང་བྲལ་བ།དཔེའི་མཚུངས་ཟླ་ལས་འདས་པ།དོན་གྱིས་སྟོན་བྱའི་དངོས་པོས་སྟོང་པ་སྟེ་རྣམ་པར་ཐར་བའི་སྒོ་མཚན་མ་མེད་པ་དང་།ཆོས་ཉིད་བདེ་གཤེགས་སྙིང་པོ་དུས་གསུམ་དུ་བདེ་བར་གཤེགས་པ་དེ་ལ་ལུས་དང་ངག་གི་དགེ་སྦྱོར་ཙམ་གྱིས་འབྲས་བུ་ཡུལ་ཞིང་ཁམས་གཞན་དུ་འགྲོ་ཞིང་གྲོལ་བར་སེམས་ན་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་འགྲོ་འོང་གི་ཡུལ་དང་བདག་པོར་སེམས་པ་ནི་ཤིན་ཏུ་མགོ་འཁོར་ཞིང་བློ་རྨོངས་པར་གྱུར་ཏོ།།ལམ་གང་ཡིན་ན་རང་ཐོག་ཏུ་རང་ས་བཟུང་བ་ཉིད་དང་།རྟོགས་པ་གང་ལགས་ན་རང་ངོ་གནས་ལུགས་ཚུལ་བཞིན་ཤེས་པ་ཉིད་དང་།གྲོལ་བ་གང་ལགས་ན་རང་ངོར་སངས་རྒྱས་པ་ཉིད་ལས།གྲོལ་ས་དང་གྲོལ་ཡུལ་གཞན་དུ་འཛིན་ཅིང་འབད་རྩོལ་བྱེད་པ་ནི་ཤིན་ཏུ་འཁྲུལ་བ་ཡིན་པས།དོན་དམ་པར་འབྲས་བུ་ལ་ཡིད་སྨོན་ཙམ་ཡང་འཆའ་བའི་གནས་མེད་པས་ན་རྣམ་པར་ཐར་བའི་སྒོ་སྨོན་པ་མེད་པའོ།།ཀྱཻ་ཁྱེའུ་ཆུང་རིག་པའི་དབང་པོ་ཁྱོད་ཀྱིས་འདི་ལྟར་བཤད་པ་དང་ཐོས་པ་ཙམ་གྱིས་གྲོལ་བར་མི་འགྱུར་ཏེ།བཤད་ཟིན་པ་དེ་དག་གི་ངང་ཚུལ་ལ་བརྟག་ཅིང་དཔྱོད་ལ་མྱོང་བ་གཏིང་ནས་ཐོན་ཅིང་ཤེས་རིག་རྒྱུད་བརྟན་པ་ཞིག་མཛོད་ལ་སྣོད་དང་ལྡན་པའི་སྐལ་ལྡན་རྣམས་ལ་སྟོན་ཅིག།རྩེ་གཅིག་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་ལ་ངའི་དགོངས་རྒྱུད་འཕོས་ཏེ་རིང་པོར་མི་ཐོགས་པར་གྲོལ་བ་འཐོབ་པར་གདོན་མི་ཟའོ།།ཞེས་གསུངས་ཤིང་མི་སྣང་བར་ཡལ་ལོ།།ཡང་འོད་གསལ་ཉམས་ཀྱི་སྣང་ངོར་འཇམ་དཔལ་སྨྲ་བའི་སེངྒེའི་ཞལ་མཇལ་བའི་ཚེ་བདག་གིས་འདི་སྐད་ཞུས།ཀྱཻ་སྟོན་པ་འཇིག་རྟེན་མགོན་པོ་ལགས།སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་རང་སྣང་ལས་མི་གཞན་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཐག་ཆོད་ཀྱང་།སངས་རྒྱས་ཐམས་ཅད་ཀྱི་མིང་དང་ཞིང་ཁམས་ཐ་དད་དུ་ཡོད་པ་རྣམས་ཡུལ་རང་རྒྱུད་པར་གྲུབ་དང་མ་གྲུབ་པའི་ཚུལ་བདག་ལ་བསྟན་དུ་གསོལ།ཅེས་ཞུས་པས་སྟོན་པ་ཉིད་ཀྱིས་བཀའ་སྩལ་པ།ཀྱཻ་སྐྱེས་བུ་ཆེན་པོ་ཁྱོད་ཉོན་ཅིག།གཞིའི་ཆོས་སྐུ་བདེ་གཤེགས་སྙིང་པོའི་ནང་མདངས་ལྷུན་གྲུབ་རིན་པོ་ཆེའི་ཡོན་ཏན་ལ་གཞི་བྱས་ཏེ་སངས་རྒྱས་ཀྱི་ཞིང་དང་ལྷ་ཡབ་ཡུམ་གཞལ་ཡས་ཁང་དང་བཅས་པར་བསྟན་པ་རྣམས་གཞི་རང་ལ་རང་ཆས་སུ་རྫོགས་པ་ནི་ཤེས་རབ་དང་།ཡུལ་གཞན་དུ་གྲུབ་པར་བསྟན་པ་ནི་ཐབས་སོ།།གཞི་རང་ལ་ཡོན་ཏན་རྫོགས་པ་ནི་དོན་དམ་པ།གཞན་དུ་ཡུལ་སྣོད་བཅུད་ཅན་ཡོད་པར་འཆད་པ་ཀུན་རྫོབ་བོ།།ཡང་གཞི་རང་གི་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ནི་ངེས་དོན་དང་།ཡུལ་གཞན་དུ་སངས་རྒྱས་ཀྱི་ཞིང་དང་ལྷ་ཕོ་མོའི་མིང་སོགས་དངོས་པོ་མཚན་མ་ཅན་དུ་འཆད་པ་ཐམས་ཅད་དྲང་དོན་ཡིན་ནོ།།འཁོར་བའི་སྒོར་བསྟུན་ནས་དོན་དམ་ཀུན་རྫོབ་ཏུ་བསྟན་པ་ནི་འདི་ལྟ་སྟེ།རྒྱལ་བ་ཐམས་ཅད་སྐུ་ལྔའི་ཆིངས་ཀྱིས་བཅིང་ཚུལ་ནི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཞི་དབྱིངས་སྟོང་ཉིད་ཆེན་པོར་མ་བཅོས་རང་ཆས་སུ་ཡོད་པའི་ཆོས་ཉིད་ཆེན་པོ་ལ་ཆོས།ཁམས་དང་དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ལས་ལམ་གྱི་འཇུག་སྒོ་དང་།ཉམས་ཀྱི་མྱོང་བ་དང་།འབྲས་བུའི་ཐོབ་བྱ་བསམ་གྱིས་མི་ཁྱབ་པ་རང་ཆས་སུ་ཡོད་པ་ལ་སྐུ་ཞེས་བྱའོ།།ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་བ་ལོངས་སྤྱོད་དུ་རང་ཆས་སུ་རྫོགས་པ་ལ་ལོངས་སྐུ།ངང་ལས་སྤྲུལ་པ་འགྱེད་སྙམ་གྱི་བློ་ཡིད་མ་གཡོས་ཤིང་།གཞི་རང་ལས་མི་གཞན་པའི་ཚུལ་དུ་སྟོན་པ་སྤྲུལ་སྐུ་དང་།བཟོ་སྤྲུལ་སྐུ་དང་།སྐྱེ་བ་སྤྲུལ་སྐུ།བེམ་པོ་སྤྲུལ་སྐུ་རྣམས་ངར་འཛིན་གྱི་ཤེས་པ་ཆུ་སྣོད་ལྟ་བུ་དང་བདེ་གཤེགས་སྙིང་པོའི་དབྱིངས་ཀྱི་ཡོན་ཏན་ནམ་མཁའི་གཟའ་སྐར་ལྟ་བུ་དུས་འཛོམ་པའི་ཚེ་རྟེན་འབྲེལ་སྤྲུལ་པ་རྣམ་བཞིར་སྣང་བ་ཡིན་ནོ།།དོན་ལ་སྣོད་བཅུད་སྐུ་གསུམ་གྱི་རོལ་པ་ལས་མ་འདས་པ་སྟེ།ངོ་བོ་སྟོང་པའི་ཆ་ལ་ཆོས་སྐུ།རང་བཞིན་ལྷུན་གྲུབ་ཀྱི་ཆ་ལ་ལོངས་སྐུ་སོ་སོར་སྣང་བའི་ཆ་ལ་སྤྲུལ་སྐུ་ཞེས་བྱའོ།།ཡང་གཞི་ཉིད་འཁོར་འདས་ཐམས་ཅད་ཀྱི་ངོ་བོར་གྱུར་ཅིང་ངོ་བོ་ཉིད་དུ་ཐམས་ཅད་རོ་གཅིག་པས་ངོ་བོ་ཉིད་ཅེས་བྱའོ།།ཡེ་ཤེས་ཡོན་ཏན་ཐམས་ཅད་བསགས་ནས་སྤུངས་པ་ལྟ་བུ་ལ་སྐུ་ཞེས་བྱའོ།།དུས་གསུམ་འཕོ་བ་མེད་ཅིང་ངོ་བོ་གཞན་དུ་མི་འགྱུར་བས་མི་འགྱུར།གཞན་གང་གིས་རྨ་མི་འབྱུང་པས་མི་ཆོད་པ།རང་དང་གཞན་གྱིས་མི་ཤིགས་པ།འཁོར་འདས་ཀྱི་སྤྱི་གཞིར་གནས་པས་བདེན་པ།བཟང་ངན་གྱི་བསླད་མི་འཇུག་པས་སྲ་བ།གཡོ་འགུལ་དང་བྲལ་བས་བརྟན་པ།ཤེས་སྒྲིབ་ཕྲ་བ་ཡན་ཆད་འབིག་ནུས་པས་ཐམས་ཅད་དུ་ཐོགས་པ་མེད་པ།ཡུལ་རྐྱེན་གང་གིས་མི་ཐུབ་པས་ཐམས་ཅད་དུ་མ་ཕམ་པའོ།།དེ་ལྟར་དོན་དམ་མི་ཤིགས་པའི་རྡོ་རྗེའི་གནས་ལུགས་ལས་དང་སྐལ་བར་ལྡན་པའི་སྐྱེས་བུ་མ་གཏོགས་སེམས་ཅན་གང་རུང་གིས་རྟོགས་མི་སྲིད་པ།རྟོགས་ནས་ཉམས་སུ་བླངས་པས་གདིང་མི་ཐོབ་མི་སྲིད་པ།གདིང་ཐོབ་ཚེ་མི་གྲོལ་མི་སྲིད་པ།གྲོལ་ཚད་འཚང་མི་རྒྱ་མི་སྲིད་པས་ན་དམ་བཅའ་བཞི་དང་ལྡན་པའོ།།སྐུ་ལྔ་པོ་དེ་དག་གཞི་རང་ལ་རང་ཆས་སུ་ཡོད་པ་དོན་དམ་པ་ཡིན་ཏེ།དེ་ལས་ཐ་དད་པར་འཆད་པ་ནི་ཀུན་རྫོབ་ཐབས་ཀྱི་ལམ་ཞེས་བྱའོ།།འགྲོ་བ་རྣམས་རིགས་ལ་མངོན་པར་ཞེན་པ་དེ་དང་བསྟུན་ཏེ་ལྷ་ལ་རིགས་བརྗོད་པའི་གཞི་ནི།གཞི་ཉིད་བག་ཆགས་ཀྱི་དྲི་མ་དབྱིངས་སུ་སངས་པས་སངས།ཡེ་ཤེས་དང་ཡོན་ཏན་གྱི་ངང་རྒྱས་པས་རྒྱས་ཞེས་བྱའོ།།མི་ཤིགས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པས་རྡོ་རྗེ།སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་འབྱུང་ཁུངས་སུ་གྱུར་པས་རིན་པོ་ཆེ།སྐྱོན་དང་དྲི་མས་མ་གོས་པས་པདྨ།ཕྲིན་ལས་ཡོངས་སུ་གྲུབ་པས་ལས་ཀྱི་རིགས་སོ།།རིགས་ཞེས་བྱ་བ་ནི་ཆིངས་དེས་བཅིངས་པའི་རང་རང་གི་ཁྱབ་པ་ལ་བརྗོད་པའོ།།མི་རྣམས་ཡུལ་ལ་མངོན་པར་ཞེན་པའི་ཡུལ་དང་བསྟུན་པའི་ཞིང་ཁམས་ལྔ་རུ་བསྟན་པ་ནི།གཞི་དབྱིངས་ཡོན་ཏན་ལྷུན་སྟུག་པའི་ཆ་ལ་སྟུག་པོ་བཀོད་པ།ཡུལ་རྐྱེན་བདག་པོས་མ་བསྐྱེད་པའི་དགའ་བ་ཆེན་པོ་ལྡན་པས་མངོན་པར་དགའ་བ།ཡེ་ཤེས་ཡོན་ཏན་གྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པས་དཔལ་ལྡན།བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་དང་ལྡན་པས་བདེ་བ་ཅན།དག་པ་དང་གྲོལ་བའི་ལས་ཐམས་ཅད་རབ་ཏུ་རྫོགས་པས་ལས་རབ་རྫོགས་པའོ།།ཞིང་ཞེས་བྱ་བ་དབྱིངས་ལ་བརྗོད་པ་དང་།ཁམས་ཞེས་བྱ་བ་ཁམས་དེ་ལས་མི་གཞན་པ་ལ་བྱའོ།།གཞིའི་ཡོན་ཏན་གཞལ་དུ་མེད་པས་གཞལ་ཡས།འཁོར་འདས་ཡོངས་སུ་གང་བས་ཁང་པའོ།།གཞི་དབྱིངས་ཁྱབ་བརྡལ་གྱི་རང་མདངས་ཁྱབ་བྱེད་ཀྱི་ཤེས་རབ་ཆེན་པོས་མངོན་དུ་གྱུར་པའི་ཚེ་བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་རྣམ་པར་སྣང་བར་མཛད་པ་དང་།མི་ཤིགས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་ཅིང་དུས་གསུམ་གཡོ་འགུལ་བྲལ་བས་མི་བསྐྱོད་རྡོ་རྗེ།ལམ་དང་འབྲས་བུའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་དང་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པས་རིན་ཆེན་འབྱུང་ལྡན།གཞི་སྣང་མཐའ་ཡས་པ་ལ་སྣང་བ་མཐའ་ཡས།ཡང་དག་པའི་དོན་ཐམས་ཅད་རང་བྱུང་དུ་ཡོད་པ་ལས་དོན་ཡོད་གྲུབ་པ་ཞེས་བྱའོ།།དོན་གྱི་རྡོ་རྗེ་སྟོང་པ་ཉིད་ཀྱི་མཁའ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་འགྲོ་འོང་གི་རྣམ་པར་སྣང་པས་རྡོ་རྗེ་མཁའ་འགྲོ།རིན་པོ་ཆེའི་མཛོད་ཁང་ལྟ་བུར་ཡེ་ཤེས་ཡོན་ཏན་ཐམས་ཅད་རང་བྱུང་བའི་ཆ་ལ་རིན་ཆེན་མཁའ་འགྲོ།ཆགས་པ་ཐམས་ཅད་དང་བྲལ་བའི་ཆ་ལ་པདྨ་མཁའ་འགྲོ།ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་ལས་ཐམས་ཅད་བྱ་བས་མ་བྱས་རྩོལ་བས་མ་བསྒྲུབ་པར་རང་བྱུང་བའི་ཆ་ལ་ལས་ཀྱི་མཁའ་འགྲོ།ཉོན་ཤེས་ཀྱི་དྲི་མ་དབྱིངས་སུ་སངས་ཤིང་ཡེ་ཤེས་ཡོན་ཏན་གྱི་ངང་རྒྱས་པས་སངས་རྒྱས།སྟོང་ཉིད་ཆེན་པོའི་མཁའ་ཀློང་དུ་འཁོར་འདས་ཀྱི་སྣང་བ་ཐམས་ཅད་འགྲོ་འོང་གི་རྣམ་པར་སྣང་བས་མཁའ་འགྲོ་ཞེས་བྱའོ།།དེ་ལྟར་གཞིའི་ཆོས་སྐུ་བདེ་གཤེགས་སྙིང་པོ་འཁོར་འདས་ཀུན་ཁྱབ་ཀྱི་བདག་ཉིད་ཆེན་པོའི་ངང་མངོན་དུ་བྱེད་པ་ཉིད་ནི་གཞིའི་རིག་པ་མཐའ་གྲོལ་ཆེན་པོ་ཡིན་ལ།དོན་དམ་པའི་སྒྲུབ་པ་ཐམས་ཅད་འདིར་འདུས་པ་ནི།གཞིའི་རིག་པ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་རང་དམ་བཅས་ནས་རང་དབང་བསྒྱུར་བ་ནི་གནས་ལུགས་དོན་གྱི་སྐྱབས་འགྲོ་བླ་ན་མེད་པ་ཡིན།ཚེ་རབས་ཐོག་མ་མེད་པའི་དུས་ནས་རང་ཉིད་བདེན་པར་བཟུང་ཞིང་ཡུལ་ལ་མངོན་པར་ཞེན་པས་བློ་རྒྱ་ཤིན་ཏུ་ཆུང་བ་ལ་ད་ནི་འཁོར་འདས་རིག་པ་གཅིག་གི་ཡོ་ལང་དུ་ཐག་བཅད་ནས་སེམས་ཀྱི་རྒྱ་བསྐྱེད་པ་ནི་སེམས་བསྐྱེད་ཐམས་ཅད་ཀྱི་དམ་པར་གྱུར་པའོ།།གཟུང་འཛིན་གྱི་སེམས་ནི་ཁམས་གསུམ་འཁོར་བར་འཁྱམས་པའི་སྲིད་པའི་འདྲེ་བོ་ཆེ་ཡིན་ལ།དེ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡུལ་མེད་སྟོང་པ་ཉིད་དུ་བསྐྲད་ཅིང་།བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་བྱེད་པ་བྱང་ཆུབ་སེམས་ཀྱི་སྲུང་འཁོར་གཞོམ་གཞིག་དང་བྲལ་བ་ཡིན།མ་རིག་པའི་མུན་ཁམས་སུ་རིག་པ་ཡེ་ཤེས་ཀྱི་བྱིན་ཆེན་དབབ་བྱིན་འབེབས་ཉིད་དང་།སྣང་བ་རིག་པའི་རྒྱན་དུ་ཤར་བའི་ངང་ཚུལ་རྟོགས་པས་རང་བྱུང་འདོད་ཡོན་གྱི་བཀོད་པ་མཆོད་པ་ཉིད་ཀྱང་ཡིན།ཀུན་གཞི་ཆོས་སྐུར་འཕོ་བ་གདོད་མ་གཞིའི་སངས་རྒྱས་ཏེ།དེའི་གནས་ལུགས་ཇི་ལྟ་བ་བཞིན་དུ་མཁྱེན་པའི་ཤེས་རབ་དང་།ཀུན་ཤེས་ཀུན་གསལ་གྱི་བདག་ཉིད་ཇི་སྙེད་པ་གཟིགས་པའི་ཤེས་རབ་མངོན་དུ་གྱུར་པ་ནི་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི་གསང་བ་འདུས་པ་ཉིད་ཡིན་ལ།དང་པོ་རྟོགས་པའི་ཆ་ལ་བཀའ་སྲུང་དྲེགས་ཚོགས།ས་བརྒྱད་ཡན་ཆད་དུ་དབང་བསྒྱུར་བ་ལ་བྱང་ཆུབ་སེམས་དཔའ།མངོན་སངས་རྒྱས་པའི་ཆ་ལ་སངས་རྒྱས་དང་སངས་རྒྱས་ཀྱི་ཞིང་ཁམས་བཀོད་པ་ཐབས་ཀྱི་ལམ་ཡིན་ནོ།།ཀུན་གཞི་མ་རིག་པ་དབང་ཕྱུག་ཆེན་པོ།།དེ་ལས་ལྡང་བའི་རྟོག་ཚོགས་ཐམས་ཅད་བཀའ་སྲུང་ཆོས་སྐྱོང་སྡེ་བརྒྱད་ལྷ་འདྲེར་བཤད་པ་ཐབས་ཀྱི་སྒོ་སྟེ།གདོད་མ་གཞིའི་ཆོས་སྐུ་མངོན་དུ་གྱུར་པ་ལས་རང་བྱུང་གི་ཡེ་ཤེས་ཆེན་པོ་རྩལ་དུ་ཤར་བ་རྣམས་དུམ་བུར་བཅད་དེ་ཐབས་ཀྱི་ལམ་དུ་བཅོས་པ་ཡིན་ནོ།།དོན་དམ་པའི་སངས་རྒྱས་མངོན་དུ་བྱེད་པ་སྒྲུབ་པ་ཡིན་ཏེ།སྒྲུབ་དང་དཀྱིལ་འཁོར་ཐམས་ཅད་འདིར་འདུས་ཤིང་རྫོགས་པའོ།།ཁམས་གསུམ་འཁོར་བའི་ཆོས་ཐམས་ཅད་ཆོས་ཉིད་ཆེན་པོ་གཅིག་གི་རོལ་པས་འཕོས་ཏེ་ངང་མངོན་དུ་བྱེད་པ་སྤྱན་འདྲེན།དུས་གསུམ་འཕོ་འགྱུར་དང་བྲལ་བར་རང་ཐོག་ཏུ་རང་ས་འཛིན་པ་བཞུགས་གསོལ།ལྟ་བའི་རྒྱལ་པོ་གདོད་མ་གཞིའི་ཆོས་སྐུའི་རང་ཞལ་མཇལ་བའི་ཚེ་ངོ་མཚར་ཆེན་པོ་ཐོབ་པ་ལྟ་བུ་མཇལ་བའི་ཕྱག།།ཆོས་ཅན་ཆོས་ཉིད་དུ་རོལ་པའི་མཆོད་པ་ཆེན་པོ།།འཁོར་འདས་རྫོགས་པ་ཆེན་པོའི་གནས་ལུགས་ཇི་བཞིན་མཐོང་ནས་ངོ་མཚར་ཞིང་ཡིད་ཆེས་པ་དོན་གྱི་བསྟོད་པ་ཉིད་དོ།།སྣ་ཚོགས་སྣང་བ་མ་འདྲེས་སོ་སོར་སྣང་བ་སྐུའི་བཀོད་པ།ལྷུན་གྱིས་རྫོགས་ཤིང་གྲུབ་པ་གསུང་གི་རོལ་པ།ཀ་དག་སྤྲོས་མཐའ་བྲལ་བའི་དབྱིངས་ཉིད་ཐུགས་ཀྱི་རོལ་པ་སྟེ།སྐུ་དང་ཡེ་ཤེས་ཀྱི་རོལ་པ་མ་བཙལ་ལྷུན་གྱིས་གྲུབ་པའི་ངང་ཚུལ་རྟོགས་པའི་ཡོན་ཏན་རྣམ་བཞིའི་ཕྲིན་ལས་ལ་དབང་བསྒྱུར་བ་རྣམས་རྫོགས་ཆེན་རིག་པའི་མཚན་ཉིད་ཡིན་ནོ།།དབང་བཞི་ཡང་དེ་བཞིན་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རང་ཉིད་ལ་གཅིག་ཆར་དུ་རྫོགས་པ་ཡིན་པར་ཤེས་པར་གྱིས་ཤིག།དེ་ལྟར་རྫོགས་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་རྟོགས་པ་ནི་རྫོགས་པ་ཆེན་པོར་ངེས་པའོ།།དེ་མ་ཤེས་པའི་དབང་གིས་སྔོན་ཡང་འཁོར་བར་འཁྱམས་པ་ཡིན།གདོད་ནས་རྫོགས་ཀྱང་མ་རིག་པས་བསྒྲིབས་ཏེ་ཆུ་རང་གྲོལ་དུ་ཡོད་པ་འཁྱག་པས་བསྡམ་པ་དང་།གསེར་དང་ནོར་བུ་ངོ་མ་ཤེས་པས་རྒུད་པ་མི་སེལ་བ་ལྟ་བུར་གྱུར་པའོ།།དོན་དམ་པར་གཞི་བདེ་གཤེགས་སྙིང་པོ་ཡེ་ཤེས་དང་ཡོན་ཏན་རྩལ་དུ་རྫོགས་པ་རྟེན་དང་བརྟེན་པའི་འཁོར་ལོ་སོ་སོར་བཤད་པ་རྣམས་ནི་གདུལ་བྱ་རྟག་འཛིན་ཅན་རྣམས་ཀུན་རྫོབ་རྩོལ་བཅས་ཀྱི་ལམ་ལ་བརྟེན་ནས་དོན་དམ་རྩོལ་མེད་ཀྱི་དབྱིངས་སུ་ཁ་དྲང་བའི་ཐབས་སུ་བསྟན་པ་ཡིན།དེས་ན་གསལ་དག་སྟོང་པ་གསུམ་གྱི་གནད་དང་ལྡན་པས་འབྲས་བུ་བླ་ན་མེད་པའི་དབྱིངས་སུ་ཁ་དྲང་བ་ཡིན་ནོ།།ཞེས་གསུངས་ཤིང་མི་སྣང་བར་ཡལ་ལོ།།སླར་ཡང་བར་སྐབས་ཤིག་ཏུ་དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་ཞལ་མཇལ་བའི་དུས་སུ་བདག་གིས།ཀྱཻ་ཁྱབ་བདག་གདོད་མའི་མགོན་པོ་ཞིང་ཁམས་དང་གཞལ་ཡས་ཁང་དང་ལྷར་བསྐྱེད་ཅིང་བསྒྲུབ་པ་རྣམས་ཅིའི་ཕྱིར་བསྟན་པ་ཡིན་ལགས།ཞེས་ཞུས་པས་བཀའ་སྩལ་པ།ནམ་མཁས་གར་ཁྱབ་ཀྱི་འཇིག་རྟེན་འདི་དག་ཕྱི་བདག་ལྟའི་རཱུ་དྲ་སྟེ།དེའི་གཉེན་པོར་སྤྲུལ་པའི་འོད་ལས་གྲུབ་པའི་ཞིང་ཁམས་སྦྱོང་བ་དང་།ནང་གནས་ཁང་ལོངས་སྤྱོད་ལུས་དང་བཅས་པར་འཛིན་པ་ནང་བདག་ལྟའི་རཱུ་དྲ་སྟེ།དེའི་གཉེན་པོར་གཞལ་ཡས་ཁང་དང་ལྷ་བསྒོམ་པ་དང་།དུས་དང་རྣམ་པ་ཀུན་ཏུ་ང་ཞེས་བདག་ཏུ་སྣང་པའི་ཤེས་པ་བག་ལ་ཉལ་བ་རྒྱ་དང་རྒྱུན་མ་ཆད་པ་ནི་གསང་བ་བདག་ལྟའི་རཱུ་དྲ་སྟེ་འཁོར་བའི་སྣང་སེམས་ཐམས་ཅད་ཀྱི་སྤུན་ཐག་གོ།དེའི་གཉེན་པོར་ལྷའི་ང་རྒྱལ་བརྟན་པོ་བཟུང་བ་ཡིན་ནོ།།འདིའི་གནད་མ་ཤེས་ན་ལ་ལས་ནི་བསྐྱེད་གསལ་ང་རྒྱལ་བཟུང་བ་དང་བཅས་པ་དོར་ནས་ངག་གི་བཟླས་པ་ཁོ་ན་ལ་འབད།ལ་ལས་ནི་ལྷ་དང་ཞིང་ཁམས་རང་རྒྱུད་པར་བཟུང་ནས་བསྒྲུབ་ཀྱང་འཚང་མི་རྒྱ་བས་ན་གནད་འདི་ཤེས་པར་གྱིས་ཤིག།ཅེས་གསུངས་ཤིང་མི་སྣང་བར་ཡལ་ལོ།།ཡང་རེ་ཞིག་གི་ཚེ་དབྱིངས་ཀྱི་རྗེ་མོ་ཨེ་ཀ་ཛ་ཊཱིའི་ཞལ་མཇལ་བའི་ཚེ་བདག་གིས།ཀྱཻ་འཁོར་འདས་ཀུན་གྱི་ཨ་ཕྱི་གཅིག་མ་ལགས།འཁོར་འདས་སྟོང་ཆེན་དབྱིངས་ཀྱི་རྗེ་མོའི་མཁའ་གསང་དུ་རོལ་པའི་ཐེག་པ་འདི་ལ་མིང་གང་ཞེས་བྱ།ཞེས་ཞུས་པས་བཀའ་སྩལ་པ།ཀྱཻ་ཨ་མའི་བུ་ཆུང་ཁྱོད་ལ་དགོངས་བརྒྱུད་ལུས་ཀྱི་ཚུལ་དུ་རྫོགས་པར་བྱས།བརྡ་བརྒྱུད་ནུ་ཞོའི་ཚུལ་དུ་བསྣུན་ནས་ནར་སོན་པར་བྱས།སྙན་བརྒྱུད་སྙིང་གཏམ་ལྟ་བུར་གདམས་ནས་བློ་དང་ལྡན་པར་བྱས་ཡོད།གདུལ་བྱ་ལས་སྨོན་གྱིས་འབྲེལ་བའི་སྐལ་ལྡན་རྣམས་ལ་སྟོན་དང་འབྲེལ་ཚད་དོན་དང་ལྡན་པ་ཡིན་ནོ།།ཐེག་པ་ཐམས་ཅད་ཀྱི་རྒྱལ་པོ་ངའི་མིང་ནི་སྒྲ་གྲགས་ཚད་ཐམས་ཅད་ངའི་མིང་ཡིན་ཅིང་ངེས་གསང་བླ་ན་མེད་པ་མཁའ་སྤྱོད་ཨ་མའི་མཁའ་རུ་འུབ་ཆུབ་པའི་རོལ་པ་འདི་ལ་མིང་གི་རྣམ་གྲངས་དུ་མ་ཡོད་ཀྱང་མིང་བདུན་དུ་ངས་སྨྲའོ།།ཆོས་འདི་གསང་ཆེན་གཉིས་དང་ལྡན་པས་གསང་།བདག་རྟོག་མཚན་མ་ཡིད་བྱེད་ཀྱི་འཇིགས་པ་ལས་སྐྱོབ་པར་བྱེད་པས་སྔགས།དོན་དམ་མི་ཤིགས་པའི་རྡོ་རྗེ།ལམ་ཐམས་ཅད་ཀྱི་ཡོན་ཏན་བཅུད་དུ་འདུས་པས་ཐེག་པའོ།།ཆོས་ཐམས་ཅད་ཀྱི་ཡིན་ལུགས་མཐར་ཐུག་ཏུ་གནས་པས་དོན།།རྟོགས་བྱ་རྣམས་ཀྱི་གཙོ་བོར་གྱུར་པས་དམ་པ།སྐྱོན་དང་དྲི་མ་ཐམས་ཅད་བྱང་བ་སྐུ་དང་ཡེ་ཤེས་ལམ་དང་འབྲས་བུའི་ཆོས་ཐམས་ཅད་ཁོང་དུ་འུབ་ཆུབ་པ།ཐམས་ཅད་དག་མཉམ་གྱི་རོལ་པ་སྣ་ཚོགས་པའི་འཆར་གཞི་རྡོ་རྗེ་གསུམ་གྱི་སྲོག་གཅིག་པུར་བཞུགས་པས་ཙིཏྟའམ་སྙིང་སྟེ་སེམས་སོ།།འཁོར་འདས་ལམ་གསུམ་རྫོགས་པ།ཐེག་པ་ཐམས་ཅད་དོན་གཅིག་ཏུ་དྲིལ་མདོ་གཅིག་ཏུ་བསྡུས་པས་ཐེག་པ་ཐམས་ཅད་ཀྱི་སྤྱི་གཞིར་གྱུར་པས་ཆེན་པོའོ།།རྟོག་པའི་གྲྭ་ཟུར་ཐམས་ཅད་ལས་འདས་པས་ཐིག་ལེ།འཁོར་འདས་འུབ་ཆུབ་ཀྱི་སེམས་སུ་རོ་གཅིག་པས་ཉག་གཅིག་གོ།རིག་པ་བདེ་གཤེགས་སྙིང་པོའི་ངང་དྭངས་གསལ་རྙོགས་མ་དང་བྲལ་བས་འོད་གསལ།མི་ཤིགས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པས་རྡོ་རྗེ།འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་བཅུད་དུ་གནས་པས་སྙིང་པོའོ།།འཁོར་འདས་ཀྱི་ཆོས་ཐམས་ཅད་བདེ་གཤེགས་སྙིང་པོའི་ངང་དུ་འུབ་ཀྱིས་འདུས་ཤིང་ཡོངས་སུ་ཆུབ་པས་འཁོར་འདས་འུབ་ཆུབ་བོ།།སྐྱེ་འཆི་བསྒྲེས་རྒུད་ཐམས་ཅད་དང་བྲལ་བས་གཞོན་ནུ།ལྷུན་གྲུབ་ཀྱི་ཕྱི་རྒྱ་མ་རལ་བས་བུམ་པ།ཡེ་ཤེས་ཡོན་ཏན་ཐམས་ཅད་བསགས་ནས་སྤུངས་པ་ལྟ་བུས་སྐུ་ཞེས་བྱའོ།།ཞེས་གསུངས་ཤིང་མི་སྣང་བར་ཡལ་ལོ།།དེ་ལྟར་སྤྱིར་བཤད་ནས་བྱེ་བྲག་རིམ་དགུའི་ཐེག་པའི་ལམ་གྱི་ཡོན་ཏན་ཐམས་ཅད་རྫོགས་ཚུལ་གྱི་མཚོན་ནས་བཤད་ན།ང་དང་བདག་ཏུ་འཛིན་པའི་གཞི་གང་ཟག་ཏུ་སྣང་བ་ཐམས་ཅད་རང་བཞིན་མེད་པར་མཐོང་བས་ཉན་ཐོས།ཕྱི་ནང་གི་དངོས་པོ་རྟེན་འབྲེལ་སྒྱུ་མའི་སྣང་བ་ཉག་གཅིག་ཏུ་རྟོགས་པ་རང་བྱང་ཆུབ།སྟོང་ཉིད་རྟོགས་པའི་རྩལ་སྙིང་རྗེའི་ངོ་བོར་ཤར་ནས་ཐབས་དང་ཤེས་རབ་ཀྱི་ཕྱོགས་ཐམས་ཅད་འབད་རྩོལ་མེད་པར་ངང་གིས་འདུ་བས་ན་བྱང་སེམས་ཏེ།ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་གྱི་ཡོན་ཏན་ཡར་ལྡན་དུ་རྫོགས་ཤིང་།བྱ་བའི་རྒྱུད་ཀྱི་དཀའ་ཐུབ་དང་གཙང་སྦྲས་ལྷ་མཉེས་པར་བྱ་བ་དང་།ཨུ་པ་ཡའི་རྒྱུད་ཀྱི་བཟླས་བརྗོད་དང་ཏིང་ངེ་འཛིན་གྱིས་དངོས་གྲུབ་སྒྲུབ་པ་དང་།རྣལ་འབྱོར་གྱི་རྒྱུད་དུ་མཚན་མ་མེད་པ་དབྱིངས་ཀྱི་བྱིན་རླབས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ལྟ་བའི་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་ཏེ།།དཀའ་ཐུབ་རིག་བྱེད་ཀྱི་ཐེག་པའི་ཡོན་ཏན་དང་བྱེད་ལས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་སྙིང་པོ་བརྗོད་དུ་མེད་པའི་རང་སེམས་ལྷན་ཅིག་སྐྱེས་པའི་དབྱིངས་གཅིག་པུ་འདིར་རྫོགས་ཤིང་།ཕ་རྒྱུད་མ་ཧཱ་ཡོ་གའི་ཆོས་ཐམས་ཅད་གཟོད་མ་ཉིད་ནས་དོན་དམ་དཀོར་བདུན་ནམ་ལྷག་པའི་བདེན་གཉིས་དབྱེར་མེད་ཀྱི་ཆོས་སྐུ་ཆེན་པོར་དག་པ་དང་།ལུང་ཨ་ནུ་ཡོ་གའི་ཡེ་ཇི་བཞིན་པ་དང་ཡེ་ཤེས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་གཉིས་ཟུང་དུ་འཇུག་པའི་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་སྣང་སྲིད་དག་མཉམ་ཆེན་པོར་རྫོགས་པའི་དོན་རྣམས་ཀྱང་།རང་བཞིན་རྫོགས་པ་ཆེན་པོ་འོད་གསལ་མཐའ་དབུས་ལས་འདས་པའི་དབྱིངས་གཅིག་ཏུ་གཞི་སྣང་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་རྒྱ་ཆད་ཕྱོགས་ལྷུང་བྲལ་རང་ཤར་བ་ཐམས་ཅད་གསེར་དང་དེའི་མདངས་བཞིན་དུ་སོ་སོ་མ་ཡིན་པའི་ཆོས་སྐུ་འཕོ་འགྱུར་མེད་པ་རིག་པ་མཐའ་གྲོལ་ཆེན་པོ་གཞི་དབྱིངས་བདེ་གཤེགས་སྙིང་པོའི་དོན་ཉིད་ལ་གཅིག་ཆར་དུ་འདུས་པ་སྟེ།སོ་སོར་བསྟན་པ་རྣམས་ནི་གདུལ་བྱ་རིམ་གྱིས་དཀྲི་བའི་ཆེད་དུ་བསྟན་པར་ཟད་དོ།།སླར་ཡང་རིག་འཛིན་གྱི་རྒྱལ་པོ་ཤྲཱི་སེང་ཧའི་ཞལ་མཇལ་བའི་ཚེ།ཀྱཻ་སྟོན་པ་ལགས།རྫོགས་པ་ཆེན་པོའི་ལམ་གང་ལགས་བདག་ལ་བསྟན་དུ་གསོལ།ཞུས་པས་བཀའ་སྩལ་པ།རྫོགས་པ་ཆེན་པོ་ནི་འཁོར་འདས་ཀྱི་སྤྱི་གཞི་ཆེན་པོ་འཁོར་འདས་ལམ་གསུམ་རྫོགས་པའི་དབྱིངས་ཆེན་པོ་ཡིན་ཏེ།དེའི་ངང་ཚུལ་ཡིན་ལུགས་ཤེས་པ་ནི་ལྟ་བ་ཡིན་ནོ།།གདོད་མའི་ཡེ་གཞི་ཆེན་པོར་རང་དབང་བསྒྱུར་ཏེ་རང་ཐོག་ཏུ་རང་སད་ཅིང་བརྡལ་བ་ནི་བསྒོམ་པ་དམིགས་གཏད་དང་བྲལ་བ་ཉིད་ཡིན་ནོ།།དེ་ནི་དཔེར་ན་ཆུ་ཐིག་རྒྱ་མཚོ་དང་འདྲེས་ཚེ་རྒྱ་མཚོ་བཅོས་སུ་མེད་པར་རྒྱ་མཚོར་འགྱུར་བའམ།།བུམ་ནང་གི་ནམ་མཁའ་ཕྱིའི་ནམ་མཁའ་དང་འདྲེས་ཚེ་ནམ་མཁའ་བཅོས་སུ་མེད་པར་ནམ་མཁར་འབྱམས་ཀླས་པ་ལྟ་བུའོ།།གཞི་དང་སེམས་ལ་ཕྱི་ནང་མེད་ཀྱང་བདག་འཛིན་གྱིས་ཕྱི་ནང་དུ་བཅད་པ་ཙམ་དུ་ཟད་དེ།ཆུ་རང་གྲོལ་དུ་ཡོད་པ་གྲང་ལྷག་གི་སྤུན་ཐག་གིས་འཁྱག་པར་བསྡམས་པ་ལྟར་གཞི་རང་གྲོལ་དུ་ཡོད་པ་ལ་བདག་འཛིན་གྱི་སྤུན་ཐག་གཅིག་པུས་འཁོར་བ་ཡོངས་སུ་གྲུབ་པའོ།།དེའི་ངང་ཚུལ་ཤེས་ཏེ་ལུས་ཀྱི་སྒོ་ནས་བཟང་ངན་བར་གསུམ་གྱི་བྱ་བ་བཏང་སྟེ་བྱར་མེད་དུ་དུར་ཁྲོད་ཀྱི་མི་རོ་ལྟར་སྡོད་པ་དང་།ངག་གི་བྱ་བ་གསུམ་པོ་ཡང་དེ་བཞིན་དུ་བཏང་སྟེ་ལྐུགས་པ་ལྟར་སྡོད་པ་དང་།སེམས་ཀྱི་བྱ་བ་གསུམ་པོ་ཡང་བཏང་ནས་སྟོན་ནམ་བསླད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ལྟ་བུ་མི་འཆོས་པར་བཞག་པ་ནི་མཉམ་པར་བཞག་པ་ཞེས་བྱའོ།།བྱ་བ་དགུ་ཕྲུགས་སུ་བཏང་བས་བྱ་བཏང་དང་བྱར་མེད་བློས་མ་བཅོས་པས་བློ་འདས་ཞེས་ཀྱང་བྱའོ།།གནད་དེ་ཉིད་ཀྱི་ངང་དུ་རང་གདིང་ཆེན་པོ་འཐོབ་པར་འགྱུར་རོ།།གཞན་ཡང་འགྲོ་འདུག་འགུལ་བསྐྱོད་བཟླས་བརྗོད་བསམ་སྤྱོད་ཐམས་ཅད་ཀྱི་དུས་ཀུན་ཏུ་ལྟ་བའི་སྟངས་མ་ཤོར་བར་སྣང་སྲིད་སྒྱུ་མ་ལྟ་བུ།སྒོམ་པའི་གདིང་མ་ཤོར་བར་ངང་མངོན་གྱུར་དུ་རིག་པ།སྤྱོད་པ་བག་མེད་དུ་མ་སོང་བར་སྤྱོད་ལམ་རྣམ་བཞི་ཚུལ་བཞིན་བསྟེན་པའོ།།གནད་དེ་ནི་ཤི་བའི་མཐར་མ་ཐུག་བར་དུ་བརྟེན་དགོས་པ་ཡིན།དེ་ནི་བསྒོམ་པ་རང་གྲོལ་བློ་འདས་སོ།།སྤྱོད་པའི་གནད་ཐམས་ཅད་སྟོང་པ་ཉིད་ཡིན་པས་ཇི་ལྟར་སྤྱོད་ཀྱང་ཉེས་པས་མི་གོས་སྙམ་དུ་ལྟ་བའི་ཕྱོགས་སུ་སྤྱོད་པ་མི་འཆོལ་བར་ལུས་ངག་གི་མི་དགེ་བ་དུག་བཞིན་སྤངས་ཏེ་ཞི་དུལ་བག་ཡོད་དང་ལྡན་པ་ཁྲིམས་བདག་རྒྱལ་པོའི་མདུན་སར་སླེབ་པ་ལྟ་བུ་ཞིག་དགོས།ཡང་ལུས་ངག་ཡིད་གསུམ་གྱི་དགེ་བ་གཞན་ཟབ་ཟབ་འདྲ་བའི་ཡུལ་དུ་ཞེན་ནས་ཡང་དག་པའི་ལྟ་སྒོམ་ཟིལ་གྱིས་མནན་ཏེ་འཁོར་བར་བསོད་ནམས་བསགས་པ་ཙམ་ལ་མི་ཚེ་འདས་ན་གསེར་གྱི་སྒྲོག་གིས་བཅིངས་པ་ལྟ་བུ་སྤྱོད་པའི་ཕྱོགས་སུ་ལྟ་བ་མི་འཆོལ་བར་དཔེར་ན་སྡེར་ཆགས་གང་གིས་ཀྱང་ཟིལ་གྱིས་མི་ནོན་པ་སེང་གེ་གངས་ལ་འགྱིང་བ་ལྟ་བུ་ཞིག་དགོས་པ་ཡིན་ནོ།།ཁྱད་པར་ལྟ་བ་སྟོང་ཉིད་རྟོགས་ཀྱང་སྙིང་རྗེ་གཞན་ནས་བསྒོམ་དགོས་ཟེར་བ་དག་ཡོད་པའི་རྗེས་སུ་འབྲངས་ན་ཆུ་རང་ལ་ཡོད་ཀྱང་རླན་གཞན་ནས་ཚོལ་དགོས་པར་སྐད་པ་དང་།མེ་རང་ལ་ཡོད་ཀྱང་ཚ་དྲོད་གཞན་ནས་ཚོལ་བ་དང་།རླུང་རང་ཉིད་ཡིན་ཀྱང་བསིལ་གཞན་ནས་འབྱུང་དགོས་ཟེར་བ་ལྟ་བུའི་ཕྱོགས་སུ་ངེས་ཏེ།འཁོར་འདས་སྟོང་ཉིད་ཆེན་པོ་ཉིད་དུ་ངེས་པར་ཐག་ཆོད་པ་ནི་འཁོར་འདས་དག་མཉམ་དུ་རོལ་པའི་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བླ་ན་མེད་པའོ།།ལྟ་སྒོམ་གྱི་གནད་དང་ངང་ཚུལ་ཇི་ལྟ་བ་བཞིན་དུ་ངོ་འཕྲོད་ནས་ཤེས་ནའང་དེས་ཆོག་པ་ཙམ་དུ་ཐག་བཅད་དེ་འཁོར་བའི་བྱ་བ་ལ་ཞེན་ནས་ཆགས་སྡང་གི་སྤྱོད་པ་སྣ་ཚོགས་པས་མི་ཚེ་སྡུག་ཟད་དུ་གཏོང་བ་དག་ནི་ལྟ་སྒོམ་ཐམས་ཅད་འཁྲུལ་པ་འཁོར་བའི་བྱ་བྱེད་ཀྱིས་ཟིལ་གྱིས་མནན་པ་ཡིན།ཉམས་ཀྱི་སྣང་བ་ནི་སེམས་དང་ཤེས་པ་སྔར་ལྟར་མ་ཡིན་པར་འདོད་ལྷར་འཕེན་པའི་བདེ་སྣང་འབོལ་ལེ་བ་དང་།གཟུགས་ཁམས་སུ་འཕེན་པའི་གསལ་ཉམས་གསལ་ཧྲིག་གེ་བ་དང་།གཟུགས་མེད་མུ་བཞིར་འཕེན་པའི་སྟོང་ཉམས་མི་རྟོག་པ་ཁ་ནང་ལྟ་ཐོམ་ཡོ་རེ་བ་དྲན་མེད་ཤེས་མེད་གཉིད་འཐུག་ལྟ་བུ་དང་།ལྟ་བ་སྟོང་ཉིད་ལ་རྒྱུས་མེད་ཅིང་སེམས་སྟོང་པ་དངོས་པོར་མ་གྲུབ་པ་ཙམ་ལ་བློ་ཐག་བཅད་དེ་སྟོང་པའི་ངང་དུ་རྩེ་གཅིག་ཏུ་འཇོག་པ་ནི་སྲིད་པའི་རྩེ་དང་།འདུ་ཤེས་མེད་པའི་ལྷར་འཕེན་པའི་ལྟ་བ་ཡིན་ནོ།།གཞན་ཡང་ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་ཐན་དང་ལྟས་ངན་ལ་སོགས་པ་དབང་པོའི་ཡུལ་ལ་ཆོ་འཕྲུལ་སྣ་ཚོགས་འབྱུང་བ་དང་།ནང་སློང་ལུས་ལ་ན་ཚ་ཟུག་རྔུ་སྣ་ཚོགས་པ་འབྱུང་བ་དང་།གསང་སློང་སེམས་ཀྱི་བདེ་སྡུག་མ་ངེས་པར་འབྱུང་བ་ཐམས་ཅད་ཉམས་རྫུན་པོ་ཆེའི་མཚང་དུ་རིག་ཅིང་ཐག་བཅད་ན་རང་ཡལ་དུ་འགྲོ་བ་ཡིན།བདེན་ཞེན་རེ་དོགས་ཀྱི་ངང་བརྟན་པར་གྱུར་ན་སྨྱོ་འབོག་བརྒྱལ་བ་ལ་སོགས་པས་འཆི་བ་སྲོག་ལ་འབབ་པའི་རྒྱུ་རྐྱེན་དུ་འགྱུར་བ་དང་།ལྷར་སྣང་འདྲེར་སྣང་བ་མངོན་པར་ཞེན་པའི་དབང་དུ་གྱུར་ན་བསྒོམ་ཆེན་ཐ་མལ་དུ་འཆོལ་བའི་རྒྱུར་འགྱུར་བ་ཡིན་ནོ།།ཞེས་གསུངས་ཤིང་མི་སྣང་བར་ཡལ་ལོ།།ཡང་རེ་ཞིག་གི་ཚེ་རང་སྣང་དོན་གྱི་འོག་མིན་དུར་ཁྲོད་མེ་རི་འབར་བའི་གནས་ནས་ཟུར་ཆུང་ཤེས་རབ་གྲགས་པ་དང་མཇལ་ཚེ།བདག་གིས།ཀྱཻ་བླ་མ་ལགས།གདམས་ངག་ཐུགས་ཀྱི་ཡང་བཅུད་ཚིག་ཉུང་ལ་དོན་འདུས་པ་ཞིག་བདག་ལ་གནང་བར་མཛད་དུ་གསོལ།ཅེས་ཞུས་པས་བཀའ་སྩལ་པ།ཀྱཻ་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་ཚོགས་སྨོན་ལས་འཕྲོ་དུས་འཛོམ་པའི་སྐྱེས་བུ་ཁྱོད་ཉོན་ཅིག།རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ལ་བགྲོད་པར་འདོད་ན།བླ་མ་ལ་མོས་གུས་ཐང་ལྷོད་མེད་པའི་སྒོ་ནས་སྤྱོད་ལམ་ཀུན་ཏུ་བསྙེན་པ་དང་།མཆེད་གྲོགས་ལ་བརྩེ་གདུང་དང་དག་སྣང་སྦྱོང་བ་རྒྱུན་མི་ཆད་པ་དང་།སེམས་ཅན་ལ་སྙིང་རྗེ་དྲག་པོའི་སྒོ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བ་དང་།འདུས་བྱས་ཐམས་ཅད་མི་རྟག་པའི་ངང་ཚུལ་ལ་རྟག་ཏུ་བསམ་ནས་འཁོར་བའི་བྱ་བ་བཏང་སྟེ་བྱར་མེད་ཀྱི་ངང་དུ་གནས་པར་བྱ་བ་རྣམས་ནི་དམ་པའི་ཆོས་ཐམས་ཅད་ཀྱི་ཡང་སྙིང་བླ་ན་མེད་པ་ཡིན་ནོ།།གདམས་ངག་ཆུད་ཟོས་སུ་མི་གཏོང་བ་བླ་མ་དམ་པའི་ཞབས་ཏོག།དམ་ཚིག་ལ་ངོ་ལྐོག་མེད་པ་ལྷ་དང་སྲུང་མའི་བླ་རྡོ།མི་ཚེ་ཆོས་ལ་དྲིལ་བ་འཆི་དུས་བློ་ལྷག་མེད་པའི་གནད་གསུམ་ཡིན་ནོ།།དམ་ཚིག་དང་སྡོམ་པ་སྲོག་ལྟར་བསྲུང་བ་སྒོམ་ཆེན་ཐ་མལ་དུ་མི་འཆོལ་བའི་གནད་དང་།འདོད་ཡོན་ལ་ཆོག་ཤེས་བསྟེན་པ་ཡུལ་ངན་དུ་མགོ་མི་འཁོར་བའི་གདམས་པ་དང་།འཁོར་བ་ལ་སྙིང་པོ་མེད་པར་ཤེས་པ་ཆགས་སྡང་གི་ཞེན་པ་གཅོད་པའི་གདམས་པ་ཡིན་ནོ།།འཇིག་རྟེན་གྱི་བྱ་བ་ལ་ཟིན་དུས་མེད་པ་སྤོས་རྒྱའི་རི་མོ་ལྟ་བུར་ཤེས་པར་བྱ་བ་ནི་མཐའ་སྡུད་པའི་མན་ངག་ཡིན་ནོ།།དང་པོ་བསླབ་པ་ལ་བརྟེན་ནས་ཤེས་པ་དང་།བར་དུ་བརྟག་ཅིང་དཔྱད་པས་རང་རྒྱུད་ལ་མྱོང་བ་ཐོན་ནས་རྟོགས་པ་དང་།དེ་ལྟར་ཤེས་པ་དང་རྟོགས་པ་ཙམ་གྱིས་གྲོལ་བ་མི་འཐོབ་པའི་ཚུལ།དཔེར་ན་ཟས་ཡོད་ཀྱང་མ་ཟོས་ན་མི་འགྲང་བ་ལྟ་བུ་ཡིན་པས།བྱ་བ་དགུ་ཕྲུགས་སུ་བཏང་ནས་བསྒོམ་པའི་སྟོབས་ཀྱིས་རང་ཐོག་ཏུ་བརྟན་པ་ཐོབ་པ་ནམ་ལངས་ཚེ་མུན་པ་མི་འབྱུང་བ་ལྟ་བུར་རིག་པའི་ཁོར་ཡུག་ཏུ་རྒྱ་མ་ཆད་པའི་དུས་ནི་རིག་པ་རང་ཐོག་ཏུ་རང་གདིང་ཐོབ་པ་ཡིན།ད་དུང་དེ་ཙམ་གྱིས་འཚང་རྒྱ་བར་མི་འགྱུར་པས་ཆོས་ཅན་གྱི་སྣང་བ་ཆོས་ཉིད་དུ་ཟད་ནས་འཁོར་བའི་སྣང་སེམས་ཀྱི་དྲི་ཙམ་ཡང་མེད་པར་ཆོས་དབྱིངས་ཀུན་ནས་ཟླུམ་པ་ཆེན་པོའི་ངག་དུ་འབྱམས་ཀླས་པ་ནི་གྲོལ་བའི་ས་རུ་ཕེབས་པ་ཡིན།སྣང་བ་དེ་ཡང་ཤེས་སྒྲིབ་ཕྲ་བའི་ཕྲ་བ་ཡུལ་མེད་དུ་སངས་ནས་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་ཆེན་པོར་དབང་བསྒྱུར་ནས་ཆོས་སྐུ་ནམ་མཁའ་ལྟ་བུ་སྐུ་གསུམ་མཉམ་བརྡལ་གྱི་རོལ་པར་སངས་རྒྱས་པ་ཡིན་ནོ།།རིགས་ཀྱི་བུ་གཞི་མ་རིག་པ་རྩལ་རྣམ་པར་རྟོག་པ་སྐྱེ་འགགས་ཅན་ནི་སེམས་ཀྱི་མཚན་ཉིད་ཡིན་ནོ།།གཞི་མངོན་དུ་གྱུར་པ་རྩལ་ཡེ་བབ་ཆེན་པོ་ནི་རིག་པའི་མཚན་ཉིད་ཡིན་ནོ།།གཞིའི་གནས་ལུགས་ཤེས་པ་ནི་གཞིའི་རིག་པ་ཡིན།ཆོས་ཉིད་མངོན་བྱེད་ཀྱི་ཤེས་པ་དྭངས་གསལ་རྙོགས་མ་དང་བྲལ་བ་ནི་ལམ་རིག་པ་སྟེ།།གཉིས་ཀ་དུས་འཛོམ་པ་ལ་ཁྱབ་བརྡལ་རིག་པ་རྫོགས་པ་ཆེན་པོ་ཡིན་ནོ།།རྣམ་པར་རྟོག་པའི་ཆོ་འཕྲུལ་མཆེད་པའི་སྣང་བ་ཐམས་ཅད་མངོན་དུ་བྱེད་པའི་ཤེས་པ་ལ་ཡིད་ཅེས་བྱ་བ་དང་།སྣང་བ་མཆེད་པའི་ཡུལ་དྲུག་མ་འགགས་པ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་ཚིག་ཏུ་བརྗོད་པའོ།།འཁོར་འདས་སྟོང་ཉིད་ཆེན་པོའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་གཞིའི་ཤེས་རབ།ཤེས་པ་ཟང་ཀ་རྒྱ་ཡན་གོ་མ་འགགས་པ་ཉིད་ངོ་འཕྲོད་པ་ལམ་གྱི་ཤེས་རབ།དེ་གཉིས་ཀ་དུས་འཛོམ་པ་ལ་ཁྱབ་བྱེད་ཀྱི་ཤེས་རབ་ཅེས་བྱའོ།།འདོད་ཡོན་གྱི་སྣང་བ་མཆེད་པའི་སྣང་ཡུལ་གོ་མ་འགགས་པ་ལ་རྣམ་པར་ཤེས་པ་དང་།སྣང་བ་ལ་དངོས་པོར་འཛིན་པའི་རྣམ་པར་རྟོག་པ་ལ་ལས་རླུང་ཞེས་བྱའོ།།ཡིད་ཀྱི་ཤེས་པ་ཕྲ་རགས་དུས་འཛོམ་པས་འཁོར་བ་ཡོངས་སུ་གྲུབ་པའོ།།ཆོས་ཉིད་བདེ་གཤེགས་སྙིང་པོའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས།ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མངོན་དུ་བྱེད་པའི་དུས་སུ་ཀུན་ཤེས་ཀུན་རིག་གི་གོ་མ་འགགས་པ་ལ་ཇི་སྙེད་ལ་གཟིགས་པའི་ཡེ་ཤེས།དེ་མཉམ་དུ་བརྡལ་བ་ལ་ཀ་དག་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ།།གཞི་མ་རིག་པའི་དབང་གིས་ལུང་མ་བསྟན་དུ་སོང་བ་དཔེར་ན་གཉིད་ཀྱི་ངང་དུ་རྨི་ལམ་སྣ་ཚོགས་སྣང་བ་ལྟར་ཀུན་གཞིའི་མཁའ་ལ་ལས་རླུང་སྣ་ཚོགས་གཡོས་པ་འཁོར་བ་ཀུན་གྱི་གཞི་དང་རྩ་བའོ།།ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་སྤྲོས་མཐའ་བྲལ་བ་འཁོར་འདས་དག་མཉམ་ཆེན་པོ་ཧར་སངས་པའི་ངང་དུ་རྒྱ་ཡན་པ་ཆོས་སྐུ་ཀུན་ཏུ་བཟང་པོའོ།།རིགས་ཀྱི་བུ་ཆུ་ཟླ་དང་ཆུའི་གཟུགས་བརྙན་ཐམས་ཅད་ཆུའི་རོལ་པ་ཆུ་ལས་མ་འདས་པ་དང་།སྣོད་བཅུད་བརྟན་གཡོ་ཐམས་ཅད་ནམ་མཁའི་རོལ་པ་ནམ་མཁའ་ཉིད་ལས་མ་འདས་པ་དང་།འཁོར་འདས་ཐམས་ཅད་ཆོས་ཉིད་གཅིག་གི་རོལ་པ་ཆོས་ཉིད་ལས་མ་འདས་པའོ།།དེ་ལྟར་གཞིའི་ཆོས་སྐུ་གཏིང་གསལ་ཆེན་པོ་མངོན་དུ་བྱས་པའི་དུས་དེར་ངོ་བོ་འཁོར་འདས་དག་མཉམ་གྱི་ཆོས་སྐུ།རང་བཞིན་ཡེ་ཤེས་ཡོན་ཏན་གྱི་ལོངས་སྐུ།ཐུགས་རྗེ་རང་གསལ་སྒྲིབ་གཡོགས་དང་བྲལ་བའི་སྤྲུལ་སྐུ།དེའི་རོལ་པ་དོན་དམ་པའོ།།གཞི་ཀ་དག་གི་ངོ་བོ་མ་རིག་པ་ལ་ཀུན་གཞི།དེའི་གདངས་ལས་སྣང་བ་རྩལ་སེམས་བྱུང་གི་རོལ་པ་ཀུན་རྫོབ་ཅེས་བྱ་ཡིན་ནོ།།འདི་ལྟར་རོལ་པ་དང་།ཆིངས་པ་དང་།ཁྱབ་པ་དང་།བརྡལ་བའི་ངང་ཚུལ་ཐམས་ཅད་ཤེས་པར་བྱས་ཏེ།ཆོས་ཉིད་རང་ཀར་འདུག་པ།ངང་བཞག་བློ་འདས་རྒྱ་ཡན་ཆོས་ཉིད་ཅི་ཡང་མ་ཡིན་པའི་བརྗོད་བྲལ་ཆེན་པོ་ཉིད་དུ་ལ་བཟླ་ཞིང་།རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་མ་འཐོབ་ཀྱི་བར་དུ་ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོས་ཉམས་སུ་བླང་བ་ནི་གནད་མཆོག་ཏུ་ཟུངས་ཤིག།ཅེས་གསུངས་ཤིང་ཆོས་ཉིད་ཀྱི་དབྱིངས་སུ་འབྱམས་ཀླས་སོ།།ཞེས་པ་འདི་ཡང་སྐྱེ་བ་དུ་མར་ལས་དང་སྨོན་ལམ་གྱིས་འབྲེལ་བའི་སྤྲུལ་སྐུ་པདྨ་ལུང་རྟོགས་རྒྱ་མཚོ་དང་མཁྱེན་རབ་རྒྱ་མཚོ་གཉིས་ཀྱིས་ནན་དུ་བསྐུལ་ངོར།ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་སྒྱུ་འཕྲུལ་རོལ་པའི་ཀློང་མཛོད་ལས་གཏན་ལ་ཕབ་པ།ཆོས་ཀྱི་བདག་པོ་སྐྱེས་མཆོག་དྲུག་ཅུ་རྩ་བརྒྱད་དུ་མཁའ་འགྲོས་ལུང་བསྟན་ནས་རྟེན་འབྲེལ་གྱི་དུས་ཚིགས་ཐོག་མ་ཡིན་ཅེས་ཨོ་རྒྱན་ཆེན་པོའི་བཀས་གནང་བ་ཕེབས་པའོ།།རང་གི་རིགས་སྲས་དམ་པ་མཁས་མཆོག་བསོད་ནམས་བསྟན་འཛིན་རྡོ་གྲུབ་རིན་པོ་ཆེ་གྱིས་ཞུས་དག་ནན་དུ་བགྱིས་པའོ།།དེ་ལྟར་ཀ་དག་རྫོགས་པ་ཆེན་པོ་ཁྲེགས་ཆོད་ཀྱི་གནས་ལུགས་ཆེན་པོར་སྟོན་པའི་ཁྲིད་རིམ་སྣང་སྦྱང་དུ་གྲགས་པ་འདི་ལ།སྔོན་ཆད་རྗེ་རང་ཉིད་ཀྱི་སྐུའི་སྲས་ཀྱི་ཐུ་བོ་རྡོ་གྲུབ་རིན་པོ་ཆེ་ནས་ཞུས་དག་ཅུང་ཟད་གནང་བར་སྔོན་ཡང་ད་དུང་མ་ཕྱི་ནོར་བ་རྒྱུན་འབྱམས་སོང་བས་ཡིག་སྐྱོན་ཤིན་ཏུ་མང་བར་བརྟེན།དཔལ་མིའི་དབང་པོ་ཐའི་ཇི་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་ཐུགས་བསྐྱེད་ཕྲིན་ལས་ཀྱི་ཆ་ལས་ཆོས་སྐུའི་རིང་བསྲེལ་ཆོས་སྦྱིན་མི་འཛད་པའི་གཏེར་དུ་བསྒྲུབས་པར་མཛད་དེ་ཡབ་གཞིས་བསམ་འགྲུབ་ཕོ་བྲང་གི་གནྡྷོ་ལར་བཞུགས་སུ་གསོལ་བའི་སྐབས་སྤར་གྱི་ཕྱི་མོར་ལེགས་པར་དཔྱད་པའི་སྒོ་ནས་ཞུས་ཏེ་གཙང་དག་ཏུ་གཏན་ལ་འབེབས་པ་པོ་ནི་ཁྲག་འཐུང་རིག་འཛིན་ཆེན་པོའི་སྐྱེ་བའི་སྒྱུ་གར་དུ་རློམ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ།འདིས་ཀྱང་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་ལ་བྱ་བ་རླབས་པོ་ཆེར་སྤྱོད་པས་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་ནང་དབྱིངས་གདོད་མའི་གཞི་ཐོག་ཏུ་མངོན་པར་གྲོལ་བའི་གྱུར་གྱུར་ཅིག།ཤུ་བྷཾ།།།།།