TTDL-ZABTER-16-MA-033
TTDL-ZABTER-16-MA-033
༄༅།།རྨོངས་པའི་བླུན་ཆོས་འདག་གོས་བྱ་སྤུ་ཅན་ཞེས་བྱ་བ་བཞུགས་སོ།། ༄༅།།སྐད་ཅིག་དེ་ཉིད་ལ་སེམས་ཀྱི་གཉིད་འཐུག་པོ་ལས་སད་ནས་ཆོས་དབྱིངས་མཐའ་དང་བྲལ་བའི་ཞིང་ཁམས་འོག་མིན་གྱི་གནས་ན།རང་རིག་ཆོས་སྐུའི་སྟོན་པ་མི་གཡོ་ཁྱབ་བདག་ཆེན་པོ།།རང་རྩལ་རང་བྱུང་ཡེ་ཤེས་རྒྱ་མཚོ་འཁོར་གྱི་རོལ་པ།རང་མདངས་བཀོད་པ་ལྷུན་གྲུབ་རྫོགས་པ་ཆེན་པོའི་ཀློང་ཆེན་ཨེ་མ་ཧོ།།རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་ལམ་ལ་ཡིད་ཀྱིས་མོས་ཤིང་གདུང་ནས་ལམ་གཉིས་ཀྱི་འདུས་མདོར་སླེབས་འདུག་པ་ཤེས་ཀྱང་ལྟ་བའི་མིག་ལྡོངས་པའི་དབང་གིས་གར་འགྲོ་ངེས་པ་མེད་པའི་དམུས་ལོང་ལ་ལམ་གྱི་རྒྱུས་དྲིས་པའི་ལན་དུ་འོལ་ཚོད་རྒས་པོས་ཐང་ཚད་ཅིག་བཤད་ན།མཁས་པ་ཤེས་རབ་ཆེས་ཆེར་དྲག་པ་ཆོས་དང་གང་ཟག་ལ་སྐུར་པ་འདེབས་ཤིང་གཤེ་མཁས་པ་ཆོས་སྤོང་དང་རྩ་ལྟུང་གི་ལས་ཀྱི་རྣམ་པར་སྨིན་པས་འཁོར་བའི་རྒྱ་མཚོའི་གཏིང་རུམ་དུ་མཆོང་སྟབས་ཀྱིས་འཇུག་པའི་རྩལ་ལྡན་རྣམས་ཀྱི་སྤྱན་ལ་རྒྱལ་བའི་བཀའ་ཡང་མི་མཛེས་ན་གཞན་ལྟ་ཅི་སྨོས་ཏེ།དེ་ལས་གཞན་པའི་ཤེས་རབ་ཀྱི་སྤྱན་དང་ལྡན་ཅིང་ཚུལ་བཞིན་སྤྱོད་པ་རྣམས་ཀྱི་སྤྱན་ལམ་དུ་ནོངས་པར་གྱུར་ན་ཚེ་རབས་ཐམས་ཅད་དུ་བསགས་པའི་ཉམས་ཆག་སྡིག་ལྟུང་དང་བཅས་ཏེ་མཐོལ་ཞིང་བཤགས་སོ།།དག་ཅིང་ཚངས་པ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་སྩལ་དུ་གསོལ།བདག་གིས་མིའི་འདྲེན་སྟོན་བཤེས་གཉེན་དམ་པ་དག་གི་ཞབས་ལ་ཟིན་ཏེ་གསུང་གི་བདུད་རྩི་འཐུང་བའི་ཡིད་ཆེས་ཀྱི་ཁུང་དུ་གྱུར་པ་ནི་མེད་མོད་དེ།།རེས་འགའ་བླུན་པོས་རང་བཟོ་བྱས་པའི་བླུན་སྒོམ་ལ་བསླབ།རེས་འགའ་རྨི་ལམ་དུ་གཞན་གྱིས་ངོ་སྤྲོད་བཏབ་པའི་འཁྲུལ་སྣང་བ་བརྟེན་ནས་རྟོག་དཔྱོད་བྱས་ཏེ་སྡུག་བཙིར་རེ་བྱས་ཀྱང་ལམ་འདྲེན་གྱི་བླ་མར་མ་འཕྲད་པའི་དབང་གིས་རང་མཐོང་དང་ང་རྒྱལ་ཁེངས་སེམས་ལ་ཡར་བསྐྱེད་རེ་ནས།ངའི་ཉམས་མྱོང་ཡང་དེ།རྟོགས་པ་ཡང་དེ་ལ་རློམ་ནས་གདིང་འཆའ་བ་ལས།ངེས་པར་ཡང་དག་པའི་ལྟ་སྒོམ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཡོན་ཏན་སྤུ་རྩེ་ཙམ་ཡང་མེད་པས་ཕྱི་པས་བསམ་གཏན་བསྒོམ་ནས་ཉལ་ཞེས་གྲགས་པ་དང་ཚུལ་མཐུན་པ་ཡིན་ལགས་པ་ནི་བདག་གི་རང་མཚང་རྩ་བ་ནས་བརྟོལ་ཏེ་སྦ་གསང་མེད་པར་ཞུས་པ་ཡིན་པས་ཐུགས་བརྩེས་དགོངས་འཚལ།འོན་ཀྱང་བླ་མ་དམ་པའི་བཀའ་མི་གཅོག་ཙམ་དུ་རང་གི་སྙིང་ཁྲག་ཁ་ནས་བཏོན་ཏེ་ཕུལ་ན་དེ་ལས་ཅི་བྱ་སྙམ་ནས་འབྲི་བར་བྱའོ།།ངས་བསམ་པ་རང་འདོད་ཀྱི་ཀུན་ནས་བསླངས་པའི་ཚུལ་འཆོས་ཀྱི་ཐག་པ་ལྕགས་ཀྱུའི་སྣ་ཅན་རང་ལ་འགུག་པ་དེ་མ་ཡིན་པར་ཕྱི་མ་དོན་དུ་གཉེར་པའི་ཚེ་རབས་གཏན་གྱི་སོ་ནམ་ངེས་པར་ཟོལ་ཟོག་མེད་པ་ཞིག་བསྒྲུབ་སྙམ་ན།ད་ལྟ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་འདུག་པ་འདི་ད་རེས་དོན་ཡོད་པ་ཞིག་མ་བྱས་ན་ཕྱི་ནས་ཡང་ཡང་རྙེད་པར་དཀའ་ཞིང་།འདི་ལྟར་རང་དབང་རང་ལ་ཐོབ་པའི་དུས་འཛོམ་ཡང་རྨི་ལམ་གྱི་གནས་སྐབས་ཙམ་ཡིན་ཏེ་འདི་དོན་མེད་ཆུད་ཟོས་ལ་བཏང་ན་རང་དབང་བྲལ་བའི་དུས་སུ་ཅི་བྱ་སྙམ་དུ་བསམ་མནོ་ཞིབ་ཏུ་བཏང་ནས་རང་ཚོད་བཟུང་བ་དང་གཅིག།འདི་ལྟར་ལུས་དང་གནས་དང་གྲོགས་དང་བཤེས་གཉེན་དང་དུས་དང་གདམས་ངག་ཕུན་སུམ་ཚོགས་པ་འབྱོར་པ་དུ་མ་དང་ལྡན་འདུག་པའི་སྐབས་འདིར་སང་བྱེད་གནང་བྱེད་ཀྱི་ཕྱི་བཤོལ་ལ་མི་བཞག་པར་ལུས་ལ་མེ་སྟག་གམ་མིག་ལ་རྡུལ་ཕོག་པ་ལྟར་བློ་སྣ་བསྟུང་སྟེ་མྱུར་དུ་ཉམས་ལེན་ལ་མ་འབད་ན་འགྲོ་བ་གཞན་གྱི་སྐྱེ་འཆི་ལ་བློས་གཞིག་པས་རང་གི་ཚེའི་རིང་ཐུང་དང་ནམ་འཆི་ལ་ཚད་མི་ཐེབ་ཅིང་ཆ་མི་འདུག་པའི་ཚུལ་ཡང་ནས་ཡང་དུ་བསམ་ཞིང་བསྒོམ་སྟེ་བློ་དང་འདྲིས་ངེས་པ་འདི་དང་གཉིས།ད་ལྟ་འཁྲུལ་པ་རྒྱ་འབྱམས་སྒྱུ་མ་སྤྲུལ་བསྒྱུར་གྱི་ཐང་ལ་ཚོད་འཛིན་གྱི་སྲབ་མཐུར་མེད་པའི་ལེ་ལོའི་རྟ་རྒོད་ལོང་བ་ལ་ཞོན་ཏེ་བག་མེད་ལྕགས་ཚན་གྱིས་ཡང་ཡང་བྲབ་པའི་མདོ་མེད་སྨྱོན་པ་དག་གིས་ཚེ་རབས་གཏན་གྱི་སོ་ནམ་བྱ་བའི་དུས་དྲན་ནས་ཚེ་འདི་ཕན་ཆད་འཁོར་བ་དང་ངན་སོང་གི་འཁོར་ལོ་རྣོ་བའི་རྩིབས་དང་ལྡན་པ་དལ་སྐབས་སྐད་ཅིག་ཀྱང་མེད་པའི་དབལ་རྩེར་བསྐྱོན་ཏེ་ལས་རླུང་དྲག་པོས་གང་དུའང་འཕྱུགས་པའི་ས་མེད་པར་བསྡམས་ཤིང་གཅིག་ནས་གཅིག་ཏུ་འཕེན་དེར་ཐུག་པའི་དུས་སུ་རང་དབང་ནི་མེད།དེ་ལྟར་སྡུག་བསྔལ་གྱི་མེ་འོབས་ཆེན་པོའི་ནང་ནས་སྐྱོབ་མཁན་ཞིག་ཡོད་དམ་སྙམ་དུ་མིའི་ངོ་སྲུང་དང་ཚེ་འདིའི་སྡོད་ཆས་སྒྲུབ་པ་ལ་ཕྱི་བཤོལ་འདེབས་པ་དང་གསུམ་པོ་འདི་ནི་དམ་པའི་ཆོས་ཀྱི་ཞིང་ས།ཐར་པ་སྒྲུབ་པའི་བསྐུལ་མ།འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱི་ཁྲི་མུན་དུ་ལྟུང་བའི་ལམ་ལས་བཟློག་པར་བྱེད་པའི་ས་མཁན་དང་དཔུང་དང་གཉེན་བཤེས་ཁོ་ནའོ།།འདི་མེད་པ་རྣམས་ཀྱི་ངེས་འབྱུང་དང་བརྩོན་འགྲུས་ནི་དབྱར་ཁའི་བ་མོ་ལྟ་བུའོ།།ཀྱེ་ཧོ།།ལས་དང་སྐལ་བར་ལྡན་པའི་སྐྱེ་བུ་རྣམས།།ལས་སྨོན་རྟེན་འབྲེལ་ཕུན་ཚོགས་རྒྱུ་འབྲས་ནི།།ཚོགས་ཤིང་དུས་སུ་སྨིན་པས་དལ་འབྱོར་ཐོབ།།སྔོན་བཏབ་འབྲས་བུ་འདི་ཀས་ཟད་མོད་ཀྱི།།ཕྱི་མ་བདེ་སྡུག་ཅི་འགྱུར་རང་ལ་རག།འདི་སྣང་ཡུལ་གྲོགས་མདང་གི་རྨི་ལམ་འདྲ།།ཚེ་འདི་ནམ་མཁའི་གློག་བས་མྱུར་བར་འཛད།།དོན་མེད་ལས་ཀ་འདི་ལ་ཟིན་དུས་མེད།།གཏན་དུ་སྡོད་གྲབ་བྱེད་ལ་དགོད་རེ་བྲོ།།འཁོར་བ་མཐོ་དམན་གང་དུ་སྐྱེས་གྱུར་ཀྱང་།།སྡུག་བསྔལ་ཞགས་ཁུག་ཆེན་པོས་དམ་དུ་འཁྱུད།།རང་དབང་རང་ལ་འབྱོར་པ་ཉིན་སྐར་ཙམ།།ཐར་པ་བསྒྲུབ་དང་འགྲུབ་པ་ག་ལ་སྲིད།།དེ་ལྟར་ཡིན་ལུགས་ཤེས་པས་བློ་སྦྱོངས་དང་།།གདམས་ངག་ཀུན་གྱི་རྩ་བ་དེ་ལས་མེད།།སྤྲང་རྒན་བདག་གིས་སྤྲང་སྒྱེ་སྤྲུགས་ནས་བསྟན།།ཞེས་གསུངས་པ་འདི་གཞིར་བཞག་ནས་བླ་མ་ལ་མོས་གུས་རྒྱུན་ཆད་མེད་པའི་སྒོ་ནས་གསོལ་བ་འདེབས་ཤིང་ཕྱི་ལྟར་སྤྱི་བོའི་གཙུག་ཏུ་བསྒོམ་པ།ནང་ལྟར་རང་ལུས་བླ་མར་གསལ་བ།གསང་བ་རང་གི་རླུང་སེམས་རྣམ་པར་ཤེས་པ་དང་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་གཉིས་མེད་དུ་བསྲེ་འཕོ་ཡང་ཡང་བྱ་བ་དང་གཅིག།མཆེད་གྲོགས་ལ་དཔའ་བོ་མཁའ་འགྲོའི་རང་བཞིན་དུ་གསལ་འདེབས་ཀྱི་མོས་གུས་བརྩེ་གདུང་དང་ལྡན་ཞིང་བླ་མ་མཆེད་ལྕམ་ཐམས་ཅད་ཀྱི་ཡོན་ཏན་མཐོང་བ་ལས་སྐྱོན་དུ་མི་ལྟ་བ་དང་གཉིས།འདི་ལྟར་འཁོར་བ་མཐའ་མེད་ཀྱི་གནས་ན་བཟོད་མེད་སྡུག་བསྔལ་གྱིས་མནར་ཞིང་བཅིངས་པའི་སེམས་ཅན་ཐམས་ཅད་བདག་གི་ཕ་དང་མ་རུ་མ་གྱུར་པ་ནི་གཅིག་ཀྱང་མེད།གྱུར་པའི་དུས་ན་ད་ལྟའི་ཕ་མ་ལྟར་ཞིམ་ཟས་དང་འཇམ་པའི་གོས་སོགས་ཀྱིས་བསྐྱང་ཞིང་ཕན་དཔག་ཏུ་མེད་པ་བཏགས།འཇིགས་དང་སྡུག་བསྔལ་དཔག་ཏུ་མེད་པ་ལས་བསྐྱབས་པའི་དྲིན་ཆེན་ཤ་སྟག་ཏུ་འདུག།འདི་རྣམས་ཐམས་ཅད་ཀྱི་འདོད་རྒྱུ་བདེ་བ་འདོད་ཀྱང་སྤྱོད་རྒྱུ་སྡུག་བསྔལ་གྱི་རྒྱུ་དང་ས་བོན་འདེབས་པའི་བླུན་རྨོངས་འདི་རྣམས་སྙིང་རེ་རྗེ་ཞེས་རྒྱུན་དུ་བློ་དང་འདྲིས་ངེས་མིག་ནས་མཆི་མ་འདྲིལ་བའི་སྙིང་རྗེ་དྲག་པོས་རང་རྒྱུད་བཏུལ་ཞིང་།དེ་ཙམ་དུ་མི་བཞག་པར་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བདག་གིས་འགོད་པར་བྱའོ་སྙམ་པའི་སེམས་དང་ལྡན་པས་རང་ཉིད་དམ་ཆོས་ཟབ་མོ་བསྒྲུབ་པ་ལ་འབད་ཅིང་།ཆོས་ཅི་བྱས་ཉེ་རིང་ཕྱོགས་རིས་མེད་པར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་བྱ་བ་དང་གསུམ་པོ་འདི་ཆོས་ཐམས་ཅད་ཀྱི་ངོ་བོ་ཆོས་ཐམས་ཅད་ཀྱི་རྩ་བ།ཆོས་ཐམས་ཅད་ཀྱི་འབྱུང་གནས།ཆོས་ཐམས་ཅད་ཀྱི་མིག་དང་ཡན་ལག་གོ།འདི་མེད་ན་ཆོས་ཅི་བྱས་ཐམས་ཅད་མགོ་དང་ཡན་ལག་མེད་པའི་བེམ་པོ་ལྟ་བུའོ།།ཨ་ཧོ།ཡང་དག་ལམ་ལ་འཇུག་འདོད་སྐྱེས་མཆོག་རྣམས།།ངེས་པར་དམ་པའི་ཆོས་ཞིག་བསྒྲུབ་འདོད་ན།།སངས་རྒྱས་ཀུན་འདུས་ངོ་བོ་བླ་མ་དེ།།སྒྲུབ་མཆོད་གསོལ་འདེབས་དབང་དང་དངོས་གྲུབ་བླང་།།བཟའ་བཏུང་གོས་རྒྱན་ལོངས་སྤྱོད་འགྲོ་འདུག་ཀུན།།ཚོགས་མཆོད་ཕྱག་འཚལ་བསྐོར་བར་ལམ་དུ་ཁྱེར།།དམ་ཚིག་གཅིག་པའི་ལམ་གྲོགས་མཆེད་ལྕམ་རྣམས།།དཔའ་བོ་མཁའ་འགྲོའི་རོལ་པར་རྟག་ཏུ་བལྟ།།སྙིང་ནས་བརྩེ་གདུང་བཀུར་སྟི་བྱེད་པ་དང་།།བཟང་ངན་ཉེ་རིང་མེད་པར་སྙོམས་པ་གལ།།འགྲོ་ཀུན་ཕ་མ་དྲིན་ཆེན་ཤ་སྟག་ལ།།སྡུག་བསྔལ་འདམ་དུ་བྱིང་བ་སྙིང་རྗེའི་ཡུལ།།རྟག་ཏུ་སེམས་ཀྱིས་མི་འདོར་བདེར་འགོད་ཀྱི།།དཔའ་སེམས་སྙིང་ཆེར་བསྐྱེད་དེ་དམ་བཅའ་ཟུངས།།བདག་གི་བློ་ཕུག་གཏད་སོ་འདི་ཡིན་གྱི།།བདག་འདྲ་བླུན་རྨོངས་རྣམས་ལ་ཕན་ནམ་སྙམ།།མཁས་ཁྱད་ཡིག་རིས་མཛེས་ཆོས་བདག་ལ་མེད།།ཅེས་གསུམ་པོ་འདི་དང་མི་འབྲལ་བ་ཉམས་ལེན་གྱི་ཞིང་ས་ལྟ་བུ་དང་མཁར་གྱི་རྨང་རྡོ་ལྟ་བུར་ཤེས་པར་བྱའོ།།དེ་ནས་གོས་མཛེས་ཤིང་ཡིད་དུ་འོང་བ་ཞིག་བགོས་ཏེ་ཁྲོམ་ཆེན་པོའི་ནང་དུ་འགྲོའོ་སྙམ་ཙ་ན་གོས་དེ་མ་རྙེད་པའི་མཐར་རང་གི་ལུས་ལ་འདག་པ་བྱུགས་པའི་ངོས་ལ་ཤིང་དང་རྩྭ་དང་མེ་ཏོག་དང་བྱ་སྤུ་སྣ་ཚོགས་བཙུག་ནས་དེ་གོས་དང་རྒྱན་ཆའི་མཆོག་ཏུ་བཟུང་བ་ལྟ་བུའི་བླུན་སྒོམ་འདག་གོས་བྱ་སྤུ་ཅན་ཞེས་བྱ་བ་བཤད་ཀྱི་ཉོན་ཅིག།གཟིགས་ཤིག།གད་མོ་འདི་ལ་གྱིས་ཤིག།ད་དེང་སང་གི་སྒོམ་ཆེན་འགའ་རེས་ནི་བཟང་རྟོག་ལ་རྩིས་བཏང་།ངན་རྟོག་དེ་འགོག་དགོས་ཞེས་ཟེར་བ་ལ།ངས་བསམ་ན་ཁྱི་རྐུན་ཕྱི་ལ་ཤོར་རྗེས་སྒོ་དང་དཀར་ཁུང་བསྡམ་ནས་ནང་དུ་ལོང་བརྙབ་བྱེད་པ་དང་འདྲ་མཚུངས་རེད་སྙམ་པ་རེ་བྱུང་།ཁ་ཅིག་གིས་ན་རེ་རྣམ་རྟོག་སྔ་མ་ཝ་ལྟ་བུར་སོང་བའི་རྗེས་སུ་ཕྱི་མ་ཤ་ཁྱི་ལྟ་བུར་བཏང་སྟེ་གཉེན་པོ་དགོས་ཞེས་ཟེར་བ་འདི་ནི་ལས་དང་པོ་པས་ཉམས་སུ་བླང་བྱར་ལེགས་ཀྱང་།ཚེ་གཅིག་འདི་ལ་འདའ་ཞིང་མཆོག་འཛིན་བྱེད་པ་རྣམས་ནི་འཁྲུལ་པ་ལ་ཉིང་འཁྲུལ་བསྣན་ནས་རང་མགོ་རང་གིས་བསྐོར་བ་འདྲ་ཨེ་ཡིན་སྙམ།ཁ་གཅིག་གིས་ས་ཁོད་སྙོམས་ཤིང་ཡངས་པའི་ངོས་ལ་ཕྱུགས་རྫི་རྒན་པོས་བེའུ་ལུག་བཞག་ནས་རྒྱང་སོ་བྱེད་པ་ལྟ་བུར་རྣམ་རྟོག་ལ་ཕར་བལྟ་བ་དེ་ཡང་ལས་དང་པོ་པས་ཉམས་སུ་བླང་བྱར་འདོད་མོད་དེ།།འདི་ཁོ་ན་ལ་ལམ་བྱས་ནས་ཉམས་སྣང་བདེ་གསལ་མི་རྟོག་པ་ཙམ་ལ་གདིང་འཆའ་ཞིང་རང་མཐོང་གི་མཁར་རྫོང་མཐོ་ལ་བཙན་པའི་ཡང་ཐོག་ཏུ་ཕྱིན་ནས་གཞན་ལ་སྨ་འབེབས་ཀྱི་ལྟ་སྟངས་ཆེན་པོས་གཟིར་ཞིང་སླར་ཡང་རྟ་མཆོག་གི་ཁྲི་ལ་འགྱིང་སྟེ་མི་ཚེ་འདི་ལ་འདའ་བ་དག་ལ་བདག་གི་བློས་གཞིག་ན་སྔོན་ཡང་གཉིས་འཛིན་གྱི་དབང་གིས་འཁོར་བར་འཁོར་རོ་རོ་འཁོར་བའི་རྒྱུ་བྱས་འདུག་པའི་སྟེང་།ད་དུང་ཡང་འདི་ལ་ནན་ཏན་བྱས་ནས་བསྒོམ་དྲག་ན་འཁོར་བའི་གཏིང་རྡོ་ཆེན་པོར་འགྱུར་བ་སྨོས་ཀྱང་ཅི་དགོས་བསམ་པ་ཡང་བྱུང་།ཁ་ཅིག་གིས་ནི་རྣམ་རྟོག་གློག་ཞགས་འཁྱུག་པ་ལྟ་བུ།རིག་པའི་ཡེ་ཤེས་འོད་གསལ་བ་ལྟ་བུ་ཞེས་ཤར་རིག་གཉིས་མེད་འདི་ཀ་ཡང་དག་པའི་ལམ་ཡིན་ཟེར།ཁ་ཅིག་ནི་རྣམ་རྟོག་ཤར་མ་ཐག་ཏུ་ཤར་མཁན་རིག་མཁན་གཉིས་མེད་དུ་རང་ངོས་འཛིན་པ་འདི་ཡིན་ཞེས་ཟེར་བ་ཡང་དོན་མཚུངས་ཏེ།མཁའ་ལྡིང་ཚང་ནས་འཕུར་བ་ལྟ་བུ་ཞིག་ཡིན་ན་ཞག་གཅིག་ལ་བྱིས་རོ་ཉི་ཁྲི་ཆིག་སྟོང་འཁོར་བ་དེ་ཡང་མང་དྲག་སྙམ།འདི་དག་ལ་ལམ་བྱས་ནས་དེ་ཐོག་ཏུ་ལུས་ན་ལོང་བ་བཤེས་མེད་ཐང་སྟོང་དུ་མགོ་འཁོར་བ་ལྟ་བུའོ།།དེ་ལམ་གྱི་གནས་སྐབས་སུ་མེད་ཐབས་ཀྱང་མེད་དེ།དཔེར་ན་མི་གཅིག་ལ་ལོ་ནའི་བྱེ་བྲག་གིས་བྱིས་པ་གཞོན་ནུ་རྒན་པོ་ཞེས་མིང་གི་གནས་གསུམ་དུ་བྱུང་བ་ལྟར་གོམས་འདྲིས་ཀྱི་བྱེ་བྲག་ཏུ་ཤེས་པར་བྱའོ།།བདག་ལ་དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་ཉམས་སྣང་དང་རྨི་ལམ་དུ་བརྡ་དང་ཚིག་གིས་ངོ་སྤྲོད་མཛད་ཅིང་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་བརླབས་པའི་འཁྲུལ་སྣང་བརྟན་པོའི་རང་ལམ་ཞིག་བདོག་སྟེ།།མདོར་བསྡུས་ན་ལས་དང་པོ་པ་ཡིད་དཔྱོད་དང་གོམས་འདྲིས་ཀྱི་སྒོ་ནས་ཡང་དག་པའི་ལམ་ལ་འཛུད་པ་ཡིན་པས།དང་པོ་གནས་དབེན་པར་ཕྱིན་ཏེ་བདེ་བའི་སྟན་ལ་འདུག་ཅིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད།བླ་མ་ལ་མོས་གུས་དྲག་པོས་གསོལ་བ་འདེབས་ཤིང་དབང་བཞི་བླངས་རྗེས་ལུས་ངག་ཡིད་གསུམ་གྱི་གཙོ་བོ་སེམས་སུ་ངོས་ཟིན་པར་བྱས་ཏེ་ཁུང་ཕུད།དེ་ནས་སེམས་ཞེས་བྱ་བ་འདི་ཉིད་དང་པོ་བྱུང་ས།བར་དུ་གནས་ས།ཐ་མ་འགྲོ་ས་གསུམ་པོ་ལ་ནན་དུ་བརྟག་ཅིང་དཔྱད་པས་བྱུང་གནས་འགྲོ་གསུམ་གྱིས་སྟོང་པའི་མཚང་བརྡོལ་བར་བྱའོ།།ཡང་སེམས་ཞེས་བྱ་བའི་མི་དྲན་དགུ་དྲན་གྱི་མཁན་པོ་འདིའི་དབྱིབས་དང་ཁ་དོག་གཟུགས་དང་སྐྱེ་མཆེད་མགོ་དང་མཇུག་མ་ཡོད་པ་དངོས་པོ་དང་མེད་པ་ཅང་མེད་ཀྱི་ཕྱོགས་གང་ལྟ་བུ་ཞིག་འཇུག་བརྟག་པས།དེ་དག་གང་དུའང་མ་གྲུབ་པར་ཐག་ཆོད་པའི་གདིང་རྙེད་ནས་ལམ་དུ་འཇུག་པ་ལ།ཤིང་བུ་དང་རྡེའུ་སོགས་ལ་སེམས་རྩེ་གཅིག་ཏུ་གཏད་ནས་དྲན་རྟོག་དམ་དུ་འགོག་པར་བྱས་ན།དེའི་དུས་སུ་རྣམ་རྟོག་ཤིན་ཏུ་མང་ཞིང་དཔེར་ན་ཆུ་རྒྱུན་གྱི་འོལ་ཁ་བཀག་པ་ལྟ་བུར་ལུས་ངག་ཡིད་གསུམ་མི་བདེ་ལྷང་ངེར་འགྲོ་སྟེ།དེ་ནས་ལྷོད་ཀྱིས་ཀློད་དེ་རྣམ་རྟོག་ལ་རྒྱང་སོ་བཙུག་སྟེ་བལྟས་པས་གང་ཤར་ཐམས་ཅད་གསལ་ལྷང་ངེར་མཐོང་སྟེ།མཐོང་མཁན་ལ་དྲན་པའམ་རིག་པ།མཐོང་རྒྱུ་ལ་འགྱུ་བ།དེའི་ངང་དུ་གནས་པ་ལ་གནས་པ་ཞེས་ངོ་སྤྲད་དེ་བསྒོམ་པར་བྱའོ།།འདི་ལ་ནན་དུ་བསྒོམ་ན་ཞི་གནས་བདེ་གསལ་མི་རྟོག་པའི་ཉམས་བརྟན་པོ་རྒྱུད་ལ་སྐྱེ་སྟེ།སླར་གནས་འགྱུ་རིག་གསུམ་གཅིག་ཏུ་འདྲེས་ནས་འགྱུ་དྲན་ཐམས་ཅད་རང་ཤེས་རང་གསལ་དུ་ཡོད་པའི་དུས་སུ་རིག་པ་དང་།རྣམ་རྟོག་རང་ཁར་རྒྱ་འབྱམས་སུ་སོང་བ་ལ་མ་རིག་སེམས་ཞེས་ངོ་སྤྲོད་དེ་བསྒོམ་པས་དབང་པོའི་བྱེ་བྲག་གིས་ཉམས་བདེ་བ།གསལ་བ།སྟོང་བ།གནས་རྩུབ་ལ་སོགས་པ་མ་ངེས་པར་འབྱུང་བ་ནི་དཔེར་ན་ཟླ་བའི་གཤིས་ལ་འཕེལ་འགྲིབ་ཡེ་ནས་གྲུབ་པ་ལྟར་སེམས་ཀྱི་གཤིས་ལ་ཡང་བདེ་སྡུག་ངེས་མེད་དུ་གྲུབ་པས་རེ་དོགས་སྤང་ལེན་དགག་སྒྲུབ་མེད་པར་གསལ་རིག་དེ་ཀའི་རང་ཚུགས་མ་ཤོར་བ་གནད་ཡིན་ཏེ།ཉམས་སྣང་རང་ཡལ་ཚུགས་ཐུབ་མེད་པར་ཞིག་པ་སྒྱུ་མ་རྨི་ལམ་ལྟ་བུ་ཡིན་པས་ངོ་ཤེས་པར་བྱའོ།།བདེ་གསལ་སྟོང་རྩུབ་རྨི་ཉམས་མངོན་ཤེས་ཕྲ་མོ་སོགས་ལ་མཆོག་འཛིན་དགག་སྒྲུབ་རེ་དོགས་ཆགས་ཞེན་བྱས་ན་གོལ་སྒྲིབ་ཀྱི་ལམ་ཡིན་པས་ངོས་ཟིན་པར་བྱའོ།།ད་ངས་སྒོམ་ཞེས་བྱ་བ་སངས་རྒྱས་ཀྱི་ལམ་བཟང་པོ་ཞིག་ཡོད་ཅེས་རྒན་པ་རྣམས་ཀྱི་ངག་ནས་ཐོས་པས།བདག་གི་བསམ་མནོ་ཞིབ་ཏུ་བཏང་ནས་མིག་གིས་མཐོང་རྒྱུའམ།ལག་ཏུ་ལེན་རྒྱུའམ།རྣ་བས་ཐོས་རྒྱུ་ཞིག་ཡོད་འདྲ་སྟེ།བན་རྒན་དེ་དག་གིས་རྙེད་ན་ངས་ཀྱང་རང་སྐལ་ཞིག་ལོས་རྙེད་བསམ་ནས་ལུང་ཁུག་དབེན་པ་ཞིག་ཏུ་ཕྱིན་ནས་བྲག་དམར་པོ་གཅིག་ལ་རྒྱབ་གཏད་དེ་མིག་གིས་མདུན་དུ་འབྲུ་ཚུགས་སུ་ཉིན་གསུམ་ལ་བལྟས་ནས་བསྡད་པས་ཉིན་ཕྱི་མའི་དགོང་མོ་གཉིད་ལོག་པའི་རྨི་ལམ་ན་བྱིས་པ་དཀར་པོ་ཞིག་གིས་ཁྱོད་ཅིའི་ཕྱིར་སྡོད་པ་ཡིན་ཟེར་བའི་ལན་དུ།ངས་སྒོམ་འདྲ་ཨེ་མཐོང་བསམ་ནས་སྡོད་པ་ཡིན་སྨྲས་པས།བྱིས་པ་དེས་མིག་ཟིམ་ཟིམ་བྱས་ནས་གླུ་འདི་ལེན་གྱི།ཧེ་ཧེ།ཡང་དག་ལམ་ལ་འཇུག་འདོད་དམུས་ལོང་ཉོན།།ལུས་ནི་ཤོག་སྦུབ་རླུང་གིས་བསྐྱོད་དང་མཚུངས།།ངག་ནི་སྦུ་གུར་རླུང་རྒྱུའི་སྒྲ་སྐད་བཞིན།།སེམས་འདི་འཁོར་འདས་གཉིས་ཀྱི་བྱེད་པོ་ཡིན།།འདི་གསུམ་ནང་ནས་གཙོ་བོ་ངོས་ཟུངས་ཤིག།སྒོམ་ཞེས་མཐོང་ཐོས་བསྒུག་པ་རྒྱང་ངེ་རིང་།ཞེས་ཟེར་བས་གཉིད་སད།དེ་ནས་བསམ་མནོ་བཏང་བས་གཙོ་བོ་སེམས་སུ་ཐག་ཆོད་ཀྱང་ཅི་བྱ་བརྟོལ་མེད་པས་ཞག་འགའ་ཞིག་འདས་པའི་མཚན་མོའི་རྨི་ལམ་ཞིག་ཏུ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཡིན་ཟེར་བའི་རྣལ་འབྱོར་པ་ཞིག་གིས་ངའི་མགོ་ལ་བུམ་པ་བཞག་ནས་བུའི་ལུས་སྒྲིབ་སྦྱངས་ནས་བུམ་དབང་གིས་ལུས་སྤྲུལ་པའི་སྐུ་རུ་སྨིན་པ་ཡིན་ནོ།།ངའི་རྒྱལ་ཚབས་སུ་བསྔགས་སོ།།ད་ཁྱོད་ཀྱིས་སེམས་འདི་དང་པོ་བྱུང་བའི་ཁུངས།བར་དུ་གནས་པའི་ས།ཐ་མ་འགྲོ་བའི་ཡུལ་གསུམ་ལ་བརྟག་དཔྱད་ནན་ཏུ་ཐོང་དང་སྒོམ་དེ་ཀའོ།།ཞེས་གསུངས་ཤིང་བདག་ལ་ཐིམ་པའི་སྣང་བ་བྱུང་ངོ་།།ཡང་ནུབ་གཅིག་རྨི་ལམ་ན་ཨོ་རྒྱན་གསུང་གི་རྡོ་རྗེ་ཡིན་ཟེར་བའི་རྣལ་འབྱོར་པ་དམར་པོ་ཞིག་གིས་བུ་ཁྱོད་ཀྱི་སེམས་ཕུར་ཚུགས་སུ་ང་ལ་གཏོད་ཅིག།རྣམ་རྟོག་ཐམས་ཅད་བཙན་ཐབས་སུ་ཆོད་ཅིག་ཅེས་ཟེར།བདག་གིས་དེ་ལྟར་བྱས་པས་རྣམ་པར་རྟོག་པ་བར་མཚམས་མེད་པར་འཕྲོ་བས་ཁོག་པ་མི་འབྱུང་འདུག་ཞུས་པས།འཕྲོ་བ་རིག་གམ་གསུང་།རིག་འདུག་ཞུས་པས།འོ་དེ་ལྟར་རྣམ་པར་རྟོག་པ་ལ་འགྱུ་བ།བདེ་གོ་མཁན་ལ་རིག་པ།གོ་ཐོག་ཏུ་གནས་པ་ལ་གནས་པ་ཞེས་ཟེར་བ་ཡིན།འདི་གསུམ་དག་ནམ་ཡང་མི་འབྲལ་བར་གྱིས་ཤིག།ཅེས་གསུངས་ཤིང་ཐོད་པའི་བདུད་རྩི་བླུད་ནས་གསང་དབང་གིས་ངག་གསུང་རྡོ་རྗེར་སྨིན་པ་ཡིན་གསུངས་ནས་བདག་ལ་ཐིམ་པའི་སྣང་བ་བྱུང་།དེ་ནས་ལོ་གསུམ་ཙམ་འདས་པའི་རྗེས་སུ་རྨི་ལམ་དུ་བུད་མེད་གཞོན་ནུ་མ་ཞིག་གིས་མེ་ལོང་དྭངས་གསལ་ཞིག་གི་སྟེང་དུ་ཡུངས་དཀར་འབྲུ་བཅུ་གསུམ་བཞག་ནས་བུ་ཁྱོད་ཀྱིས་མེ་ལོང་འདི་སྙིང་ལ་འཆོངས།ཡུངས་འབྲུ་འདི་མ་འོངས་པའི་དུས་ན་འཁོར་སློབ་རིག་པ་འཛིན་པ་འབྱུང་བའི་སྔ་ལྟས་དང་རྟེན་འབྲེལ་ཡོད་ཟེར་ཏེ་བདག་གི་སྙིང་གར་བཞག་ནས་གླུ་འདི་ལེན་གྱི།ཨེ་མ།འོད་གསལ་རྡོ་རྗེ་སྙིང་པོའི་བུ།།རང་སེམས་འཁོར་འདས་ཀུན་གྱི་གཞི།།དང་པོ་བྱུང་བའི་ཁུངས་ནས་སྟོང་།།བར་དུ་གནས་པའི་ས་ནས་སྟོང་།།ཐ་མ་འགྲོ་བའི་ཡུལ་ནས་སྟོང་།།སྟོང་པ་ཉིད་ཀྱི་ངོ་བོ་མཐོང་།།གཟུགས་དབྱིབས་ཁ་དོག་སྐྱེ་མཆེད་མེད།།གཅིག་དང་དུ་མ་འཕྲོ་འདུ་བྲལ།།ཡོད་དང་མེད་པའི་ཕྱོགས་ལ་འདས།།དགག་སྒྲུབ་ཐ་སྙད་ཚིག་གིས་སྟོང་།།སྟོང་པ་ཆེན་པོར་ལྷུན་གྱིས་གྲུབ།།རྒྱུ་རྐྱེན་ལས་འདས་ཨ་དཪྴ།།སྣ་ཚོགས་གཟུགས་བརྙན་འཆར་དུ་རུང་།།ཁ་ཏོག་དཀར་ནག་གང་ཤར་ཡང་།།ངོ་བོའི་གཤིས་ལ་འགྱུར་བ་མེད།།སེམས་དང་རིག་པའི་དཔེ་རུ་གདའ།།སེམས་རིག་གཞི་གཉིས་མ་ལྟ་ཞིག།རིག་པ་སེམས་སུ་མ་འཁྲུལ་ཅིག།སེམས་ནི་རིག་པས་བཏང་ལ་བྱ།།ཉིན་མོར་མཚན་མོ་མི་འབྱུང་དང་།།མཚན་མོར་ཉིན་མོ་ཡང་མི་འབྱུང་།།ནམ་མཁའ་གཉིས་ཀར་འགྱུར་མིན་གྱི།།དེ་བཞིན་སེམས་རིག་དབྱེ་བར་བྱ།།རྣམ་རྟོག་གཅིག་ལ་གཅིག་བལྟ་བ།།ཞི་གནས་སྒྲུབ་པའི་ལམ་ཡིན་ཀྱང་།།ཡང་དག་ལམ་ལ་འཇུག་པ་མིན།།གསལ་རིག་རང་ཤེས་སྐྱོང་བ་ཡང་།།རྣམ་རྟོག་རང་གྲོལ་བྱ་བ་ལས།།དགོངས་པ་དངོས་སུ་ལོན་མ་ཡིན།།གཞི་ཡི་རིག་པ་ངོས་ཟུངས་ཤིག།ཤེས་རབ་རིག་པའི་ཁྱེའུ་ཆུང་ལ།།མཁའ་འགྲོའི་གསང་མཛོད་ཕ་ཕོག་ཡོད།།ཅེས་ཟེར་ཞིང་མེ་ལོང་དང་བཅས་པ་བདག་གི་སྙིང་གར་ཐིམ་པས་ལུས་ངག་ཡིད་གསུམ་དགའ་བདེས་ཁྱབ་པ་བྱུང་།དེ་དག་ནི་བདག་རང་གི་རྒྱུ་མཚན་ལགས།སླར་ཡང་གསལ་རིག་ལ་ནན་ཏན་བྱས་ནས་བསྒོམ་པས།རེས་ཤར་མཁན་རིག་མཁན་གཉིས་མེད་དུ་ཕྱིར་ལ་འཕྲོ་ཞིང་སླར་འདུ་བ་འདྲ་ཡང་བྱུང་།རེས་འགའ་ཤར་མཁན་རིག་མཁན་གཉིས་མེད་ཡུལ་ལ་ཤར་གྱིས་སོང་ནས་རང་ཡལ་དུ་འགྲོ་བ་ཡང་བྱུང་།རེས་འགའ་ཤར་རིག་གཉིས་མེད་རང་བྱུང་རང་ཐིམ་ལུས་ཀྱི་ནང་ནས་ཕྱིར་མི་འཕྲོ་བ་ཡང་གོ་སྟེ།འདི་དག་ནི་གཞི་ཡུལ་དུ་བཟུང་བས་ལན་པ་ཡིན་པར་ཤེས་སོ།།ཡང་སྔར་གྱི་འཛིན་སྟངས་ཐམས་ཅད་རང་ཞིག་ཏུ་སོང་ནས་གཞི་ཀ་དག་ལྷུན་འབྱམས་ཆེན་པོའི་ངང་དུ་ལྷོད་དེ་ཤིག་གེར་བཞག་པས་རྩལ་གང་ཤར་ཐམས་ཅད་རང་ཀློང་དུ་ངང་གིས་རང་གྲོལ་དུ་འགྲོ་སྟེ་དེ་ཡང་བཅོས་བསྒྱུར་དང་།གཉེན་པོ་སྒོམ་སྒྲུབ།དྲན་འཛིན་ངོས་བཟུང་དང་བྲལ་བའི་ངོ་བོ་རྩལ་དང་བཅས་པ་ལ་ལམ་གྱི་རིག་པ་ཞེས་བྱའོ།།འདིའི་དུས་སུ་ཡིད་ལ་བྱར་མེད་པས་ཆོས་ཉིད།རེ་དོགས་དགག་སྒྲུབ་དབྱིངས་སུ་ཞིག་པས་རང་བྱུང་གི་ཡེ་ཤེས།མ་བཙལ་ལྷུན་གྱིས་གྲུབ་པའི་ངོ་བོ།མཐའ་དང་ཕྱོགས་རིས་འགྲོ་འོང་ཐམས་ཅད་དང་བྲལ་བའི་ཆོས་སྐུ་ཆེན་པོ་ཡིན་པའི་ཚུལ་ཤེས་པར་བྱའོ།།དཔེར་ན་རིག་པའི་ཡེ་ཤེས་ནམ་མཁའ་གཡའ་དག་པའི་མཁའ་ལ་ཉི་མ་ཤར་བ་ལྟ་བུར་མ་བཅོས་རང་བྱུང་རང་བཞིའི་ངོ་བོར་སད་ཅིང་རྩལ་སྣང་ཐམས་ཅད་བཅོས་བསྒྱུར་མེད་པར་རང་གིས་རང་གྲོལ་བ་ནི་ཉི་མ་དང་འོད་ཟེར་གཉིས་སུ་མེད་པའི་དཔེས་མཚོན་པ་ཡིན་ཏེ།སེམས་ཀྱི་ངོ་བོ་ཀུན་གཞི་མཚན་མོ་ལྟ་བུའི་མུན་ཁམས་དང་རྣམ་པར་རྟོག་པ་གཟུང་འཛིན་གཉིས་སུ་ཤར་ཏེ་བདེ་སྡུག་ཉེ་བར་ལེན་པ་རྨི་ལམ་བདེན་པར་འཛིན་པ་ལྟ་བུའོ།།ནམ་མཁའི་ངོ་བོ་ཉིན་མཚན་གཉིས་སུ་འགྱུར་བ་མ་ཡིན་ཀྱང་རང་བཞིན་ཉི་མས་བསྒྱུར་བ་ལྟ་བུར།སེམས་ཀྱང་ངོ་བོའི་སྟེང་ནས་འགྱུར་བ་མེད་ཀྱང་ཡེ་ཤེས་དང་མ་རིག་པ་གཉིས་ཀྱི་བྱེ་བྲག་ལས་རིག་པ་དང་སེམས་གཉིས་སུ་དབྱེ་བའོ།།གཞི་ནི་འཁོར་འདས་ཐམས་ཅད་ཀྱི་འཆར་གཞིར་རུང་བ་དཔེར་ན་མེ་ལོང་ལ་གཟུགས་བརྙན་ཐམས་ཅད་འཆར་དུ་རུང་བ་ལྟ་བུའོ།།འཁོར་བ་དང་མྱང་འདས་ཐམས་ཅད་གཞིའི་རང་རྩལ་རང་ངོར་ཡེ་ནས་རྫོགས་པ་ལས་འཕྲལ་རྫོགས་འཕྲལ་ཡལ་དུ་འགྲོ་བ་དེ་ནི་འགལ་བ་ཅན་དུ་ཟད་སྙམ།ལ་ལས་རྣམ་པར་རྟོག་པ་ལ་རིག་པ་སྐད་ཅིག་མ་ཟེར་ཞིང་འདི་ལ་འཁོར་འདས་གཉིས་ཀ་རྫོགས་འདུག་ཟེར།ལ་ལས་རྣམ་རྟོག་རང་ཤེས་རང་གསལ་ཙམ་ལ་རིག་པ་ཟང་ཀ་མ་ཞེས་བཏགས།ལ་ལས་གསལ་རིག་གློག་འཁྱུགས་པ་ལྟ་བུ་ལ་རྫོགས་པ་ཆེན་པོ་འདི་ཡིན་ཟེར་བ་དེ་ཡང་ངས་བསམ་ན་རྣམ་པར་རྟོག་པ་གང་ཤར་ཡང་དེ་དང་དེ་རྫོགས་པ་ལས་འཁོར་འདས་ཐམས་ཅད་རྫོགས་ཤིང་ཡལ་བ་ནི་མི་རིགས་ཏེ།རྣམ་རྟོག་ཐམས་ཅད་གྲོལ་བྱ་ཡིན་པའི་ཕྱིར་རོ།།དེ་ལྟར་མ་ཡིན་ན་རྣམ་རྟོག་འཕྲལ་བྱུང་འཕྲལ་ཡལ་དུ་གདའ་བས་འཁོར་འདས་ལ་སྐྱེ་འཆི་མང་དྲག་པའི་ཆོད་ཆུང་མོད་སྙམ།ངོ་བོ་རང་རྟོག་ཏུ་ཀློད་པའི་རྩལ་སྣང་རང་གྲོལ་གདོད་མའི་ལྷུམས་སུ་ཐིམ་པའི་མཚོན་དཔེ་ནི་རྒྱ་མཚོའི་རྦ་རླབས་ལ་བསྐྱོད་བསྡུ་མེད་པར་རྒྱ་མཚོར་ངང་གིས་ཞི་བ་ལྟར་རིག་པར་བྱའོ།།བདག་གིས་དེ་ལྟར་ཉམས་སུ་བླངས་ཀྱང་རྐྱེན་ཅུང་ཟད་དང་འཕྲད་དུས་གནས་ལུགས་ཀྱི་རང་ཚུགས་ཤོར་ནས་ཐ་མལ་དུ་འགྲོ་འདུག་སྟེ།དཔེར་ན་འབྲོག་དགོན་པའི་གནས་ཞིག་ཏུ་རང་ཉིད་གྲོགས་མེད་གཅེར་བུར་ལུས་ཡོད་པའི་དུས་ཀྱི་ཚེ་གཅན་གཟན་མི་རྒོད་སྣ་ཚོགས་ཀྱིས་འཇིགས་པའི་ང་རོ་སྒྲོགས་ཤིང་བྱུང་ན་དེར་འཇིགས་སྐྲག་ཐ་མལ་པ་དང་ཁྱད་པར་མེད་ན་བར་དོར་ཡང་དེ་ལྟར་སྒོམ་གྱིས་གྲོལ་བའི་ཐབས་མེད་མོད་ཀྱི།ད་རྐྱེན་ཐུབ་པའི་གདམས་ངག་ཞིག་ངའི་བླ་མ་མཚོ་སྐྱེས་རྡོ་རྗེས་བདག་ལ་ད་ལྟ་ཉིད་དུ་སྩལ་དུ་གསོལ།ཞེས་དད་མོས་དྲག་པོས་གསོལ་འདེབས་མོས་གུས་དང་ལྡན་པས་གཉིད་དུ་སོང་བའི་རྨི་ལམ་ན་ཨོ་རྒྱན་རྡོ་རྗེ་གྲོ་ལོད་ཀྱིས་མེ་དཔུང་འོད་དང་འདྲེས་པའི་ཀློང་ནས་ཞལ་གཟིགས་ཏེ་འདི་སྐད་ཧཱུྃ་གླུའི་སྒྲ་ལ་རྟ་དྲངས་ནས་གསུངས་ཀྱི།ཧཱུྃ་ཧཱུྃ་སྐྱེས་མཆོག་རིག་པའི་རྡོ་རྗེ།།ཧཱུྃ་ཧཱུྃ་ཁམས་གསུམ་འཁོར་བའི་རྒྱུན་ཐག།ཧཱུྃ་ཧཱུྃ་གཟུང་འཛིན་གཉིས་སུ་ཨེ་གོ།ཧཱུྃ་ཧཱུྃ་ཡུལ་དང་ཡུལ་ཅན་གཉིས་ཀ།ཧཱུྃ་ཧཱུྃ་རྣམ་རྟོག་གཉིས་སུ་ཨེ་གོ།ཧཱུྃ་ཧཱུྃ་འདི་ཕྱིའི་བདེ་དང་སྡུག་བསྔལ།།ཧཱུྃ་ཧཱུྃ་འཁྲུལ་བའི་ཉམས་སུ་ཨེ་གོ།ཧཱུྃ་ཧཱུྃ་ཉིན་སྣང་མཚན་སྣང་སྣོད་བཅུད།།ཧཱུྃ་ཧཱུྃ་གསལ་འགྲིབ་ཉམས་སུ་ཨེ་གོ།ཧཱུྃ་ཧཱུྃ་ཚེ་འདིའི་བདེ་སྡུག་ཡུལ་གྲོགས།།ཧཱུྃ་ཧཱུྃ་རྨི་ལམ་ཉམས་དང་འཁྲུལ་སྣང་།།ཧཱུྃ་ཧཱུྃ་བདེན་མེད་མཉམ་པར་ཨེ་གོ།ཧཱུྃ་ཧཱུྃ་སྣོད་བཅུད་རྒྱ་ཁྱོན་ཆེ་ཡང་།།ཧཱུྃ་ཧཱུྃ་ནམ་མཁའི་ཀློང་ལས་མ་འདས།།ཧཱུྃ་ཧཱུྃ་ནམ་མཁའ་མཐའ་དབུས་བྲལ་ཡང་།།ཧཱུྃ་ཧཱུྃ་རིག་པའི་ཀློང་ལས་མ་འདས།།ཧཱུྃ་ཧཱུྃ་ཞིང་དང་སངས་རྒྱས་བཟང་པོ།།ཧཱུྃ་ཧཱུྃ་གནས་ལུགས་རང་གཞིའི་ཞལ་རས།།ཧཱུྃ་ཧཱུྃ་སངས་རྒྱས་རང་རྒྱུད་མ་གོལ།།ཧཱུྃ་ཧཱུྃ་ཡར་བདུད་གོལ་ས་ངས་གཅོད།།ཧཱུྃ་ཧཱུྃ་དགྲ་འདྲེ་འཁོར་ངན་གནས་ཡུལ།།ཧཱུྃ་ཧཱུྃ་རྣམ་རྟོག་གཉིས་འཛིན་འཁྲུལ་ཉམས།།ཧཱུྃ་ཧཱུྃ་བདེན་འཛིན་གཞན་དུ་མ་ལྟ།།ཧཱུྃ་ཧཱུྃ་མར་བདུད་གོལ་ས་ངས་འཇོམས།།ཧཱུྃ་ཧཱུྃ་ཉིན་དང་རྨི་ལམ་སྣང་ཆ།།ཧཱུྃ་ཧཱུྃ་མིང་དང་དངོས་པོར་བདེན་ཞེན།།ཧཱུྃ་ཧཱུྃ་བདག་ངོར་སྟོང་ཉིད་ཤེས་ཀྱང་།།ཧཱུྃ་ཧཱུྃ་རྣམ་རྟོག་རང་ཆར་ཨེ་གོ།ཧཱུྃ་ཧཱུྃ་གཞི་དབྱིངས་གདོད་མའི་ཀློང་དུ།།ཧཱུྃ་ཧཱུྃ་འཁོར་འདས་འུབ་ཆུབ་གོ་ཡང་།།ཧཱུྃ་ཧཱུྃ་གཉིས་མེད་རོལ་པར་ཨེ་གོ།ཧཱུྃ་ཧཱུྃ་ཕྱམ་བརྡལ་ངོ་བོར་ལྷུག་པའི།།ཧཱུྃ་ཧཱུྃ་རྩལ་སྣང་ཀློང་དུ་ངང་གྲོལ།།ཧཱུྃ་ཧཱུྃ་སྒོམ་སྒྲུབ་མེད་དོ་ཨེ་གོ།ཧཱུྃ་ཧཱུྃ་ངར་འཛིན་འཆིང་བ་ནང་དུ།།ཧཱུྃ་ཧཱུྃ་ཡུལ་འཛིན་ཞེན་པ་ཕྱི་རུ།།ཧཱུྃ་ཧཱུྃ་བར་གྱི་སྒོམ་པ་བེམ་སྟོང་།།ཧཱུྃ་ཧཱུྃ་ཕྱི་ནང་རྐྱེན་གྱི་འཇུག་སྒོས།།ཧཱུྃ་ཧཱུྃ་འཁོར་འདས་རྫོགས་པ་ཆེན་པོའི།།ཧཱུྃ་ཧཱུྃ་ཞལ་རས་བསྒྲིབ་པ་ཨེ་གོ།ཧཱུྃ་ཧཱུྃ་དང་པོ་དཔྱད་པས་གོ་འོང་།།ཧཱུྃ་ཧཱུྃ་བར་དུ་སྒོམ་པས་མྱོང་སྲིད།།ཧཱུྃ་ཧཱུྃ་ཐ་མ་བཞག་པས་རྟོགས་འོང་།།ཧཱུྃ་ཧཱུྃ་རྟོགས་ནས་མཉམ་གྲོལ་གཉིས་མེད།།ཧཱུྃ་ཧཱུྃ་ཡུལ་དང་ཡུལ་ཅན་མཉམ་པ།།ཧཱུྃ་ཧཱུྃ་ཀློང་ཆེན་ཨ་མའི་མཁར་སངས།།ཧཱུྃ་ཧཱུྃ་ང་དང་ང་ཡི་སྤྲུལ་པ།།ཧཱུྃ་ཧཱུྃ་ཡེ་ནས་འབྲལ་བ་མེད་དོ།།ཧཱུྃ་ཧཱུྃ་ངོ་བོ་རང་རྩལ་སྒྱུ་འཕྲུལ།།ཧཱུྃ་ཧཱུྃ་སྒྱུ་མའི་འཁྲུལ་འཁོར་ཞིག་བཞིན།།ཧཱུྃ་ཧཱུྃ་དབྱིངས་སུ་གཉིས་མེད་ཕཊ་ཕཊ།།ཅེས་ཟེར་ཞིང་བདག་དང་གཉིས་སུ་མེད་པར་གྱུར་པས་བདག་གི་སྣང་བ་ཆེན་པོས་འཁོར་འདས་ཐམས་ཅད་ཁྱབ་པའི་ཉམས་མྱོང་ཞིག་ཤར་རོ།།དུས་དེ་ནས་བཟུང་སྟེ་བརྡ་དེ་ལ་བརྟེན་ནས་སྣང་བའི་རྫུན་ཕུག་རྡིབ་པའི་མན་ངག་འདི་རིག་པ་ཡིན་གྱི།ཟུར་ཙམ་ཞིག་སྨོས་ན།།མིང་གི་ཁུང་བཙལ་བ།དངོས་པོའི་རྟག་འཛིན་བཤིགས་པ།།འཁོར་འདས་འུབ་ཆུབ་ཏུ་ཤེས་ཤིང་རྟོགས་ནས་རང་རྒྱུད་དུ་ཡེ་གྲོལ་གྱི་རྫུན་ཕུག་བརྡིབ་པའོ།།དང་པོ་ནི།ང་ཞེས་མིང་དུ་སྒྲོགས་ཤིང་ངའོ་སྙམ་པའི་འཛིན་པ་དམ་བྲིང་ངེ་བ་དེ་ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དང་ཤ་ཁྲག་རུས་པ་ཕྱི་ནང་ཐམས་ཅད་དུ་བརྟག་ཅིང་དཔྱད་པས་གདགས་གཞི་ཡུལ་མེད་དུ་སྟོང་།།དེ་ནས་མགོ་དང་རྐང་ལག་ལྷུ་ཚིགས་ལ་སོགས་པའི་མིང་གི་བྱེ་བྲག་ཐམས་ཅད་སོ་སོར་ཡང་བཙལ་བས་མཚང་བརྡོལ་བར་བྱའོ།།ཡང་ཕྱིའི་ཡུལ་མིང་ཐ་སྙད་དུ་གྲུབ་པའི་རིགས་ཐམས་ཅད་ལ་བརྟག་ཚུལ་དཔེར་ན་ཁང་པ་ཞེས་པའི་མིང་དེ་ཡང་ཕྱི་ནང་སྟེང་འོག་ས་རྡོ་ཤིང་ལ་སོགས་པ་ནས་བཙལ་བས་རང་ཡལ་ལོ།།ས་ཡང་རྫ་མ་ལ་སོགས་པར་འགྱུར་བ་དང་།།རྡོའི་སྟེང་འོག་ཤིང་གི་མགོ་མཇུག་ལ་སོགས་པའི་མིང་རང་ས་ནས་རང་ཡལ་བ་དང་།བསྒྱུར་བཅོས་ཀྱིས་འགྱུར་བ་རང་ཐག།ཐབ་ཀ།ཀ་གདུང་།ཆུ་ལ་ཇ།མེ་ལ་མར་མེ།རླུང་ལ་སྦུད་པ་ལ་སོགས་པར་འགྱུར་བ་ཆད་པ་ཡལ་བ་དེ་དག་ནི་གདགས་གཞི་མ་ངེས་པའི་མཚང་རང་ཐོག་ཏུ་བརྡོལ་བའོ།།གཉིས་པ་ནི།དངོས་པོར་གྲུབ་བོ་ཅོག་དངོས་པོའི་སྟེང་ནས་བདེན་གྲུབ་ཏུ་རྟག་ངེས་པ་ཅན་ཞིག་ཏུ་འདུག་ན་དེ་ལ་མཚན་ཉིད་བདུན་ཚང་དགོས་པས།བདུན་པོ་ནི།མི་ཆོད་པ།མི་ཤིགས་པ།བདེན་པ།སྲ་བ།བརྟན་པ།ཕྱོགས་ཐམས་ཅད་དུ་མི་ཐོགས་པ།གང་གིས་ཀྱང་མི་ཕམ་པ་དང་ལྡན་པའོ།།སྲ་སྲ་ལྕི་ལྕི་འཐས་འཐས་ཡོད་ཡོད་རྟག་རྟག་ཏུ་སྣང་ངོ་ན་འདྲ་ཡང་ཁང་ཁྱིམ་ས་རྡོ་མེ་ཆུ་ཐམས་ཅད་བཤིག་བཏུལ་བསད་གཏོར་བྱས་ན་འཕྲལ་འཕྲལ་དུ་རྨི་ལམ་དང་སྒྱུ་མ་ལྟ་བུར་ཡལ་བ་ནི་རང་བཞིན་མེད་པའི་སྟོང་པ་ཉིད་དུ་ངེས་པར་གཏིང་དཔོག་པར་བྱའོ།།ལར་འབྱུང་བ་ལྔ་ལས་གྲུབ་པའི་གཟུགས་དང་ཁ་དོག་དབྱིབས་སྣང་སྣོད་བཅུད་ཐམས་ཅད་རང་སྟོང་ནམ་མཁའི་ཀློང་དུ་སྤྲིན་དང་ན་བུན་ཡལ་བ་ལྟ་བུའོ།།དེ་དག་རང་ངོ་ནས་ཡེ་སྟོང་ཡིན་པར་ཤེས་ཀྱང་གཟུང་འཛིན་རྣམ་པར་རྟོག་པའི་ཡུལ་དང་ཡུལ་ཅན་དུ་མ་ཤེས་ན་ཕན་གནོད་མེད་པ་སྤྲང་པོས་གཞན་གྱི་དཀོར་མཛོད་མཐོང་བ་ལྟ་བུར་མཁོས་མེད་ལ་ཆོད་ཆུང་བའོ།།གསུམ་པ་ནི།འཁོར་འདས་རང་སེམས་ལས་མི་གཞན་པའི་ཚུལ་འདི་གོ་མྱོང་རྟོགས་གསུམ་དང་ལྡན་པ་ཞིག་ཡོད་ན་གནད་ཟབ་ལ་ཆོད་ཆེ་བ་ཡིན་མོད།།དེར་དང་པོ་སེམས་ཀྱི་ངོ་བོ་རང་ཐོག་ཏུ་ལྷོད་དེ་ཤིག་གེར་བཞག་ནས་མཐའ་དབུས་མགོ་མཇུག་ཐམས་ཅད་ལ་བརྟག་པས་གང་དུའང་མ་གྲུབ་ན་ཆེ་ཆུང་དང་ཕྱོགས་ཅི་ཙམ་ཁྱབ་ཅེས་བློས་ནན་དུ་གཞིག་ནས་བརྟག་ན་ཁམས་གསུམ་སྣོད་བཅུད་ཐམས་ཅད་ཁྱབ་བརྡལ་ནམ་མཁའི་ཀློང་དུ་འུབ་ཆུབ་པར་མཐོང་ངོ་།དེ་ལྟར་མི་ཤེས་ཤིང་ཐག་མི་ཆོད་ན་འཁོར་བའི་གནས་རིགས་ཐམས་ཅད་འཁྲུལ་བའི་ཉམས་ལས་བདེན་པར་གྲུབ་པ་སྤུའི་རྩེ་མོ་ཙམ་ཡང་མེད་ངེས་ཏེ།ཆུ་གཅིག་པུ་ལ་ཡང་དམྱལ་བ་པས་མེ་མདག།ཡི་དྭགས་ཀྱིས་རྣག་ཁྲག།དུད་འགྲོས་བཏུང་བ།མིས་ཆུ།ལྷས་བདུད་རྩི་སོགས་རང་རང་གི་སྣང་ཉམས་སུ་ཤར་བ་ལས་བདེན་གྲུབ་ནི་མ་ཡིན།ད་ལྟ་སེམས་ཅན་ལ་མཚོན་སོགས་རྐྱེན་ཆུང་ངུས་ཀྱང་ཚེ་འཕོ་ན།དམྱལ་བའི་ཚ་གྲང་།ཡི་དྭགས་ཀྱི་བཀྲེས་སྐོམ་དེ་ལྟ་བུས་འཆི་འཕོ་བ་མེད་པ་དེ་ཡང་འཁྲུལ་པའི་སྣང་ཉམས་ཙམ་ལས་བདེན་གྲུབ་མེད་པའི་མཚང་རང་ཐོག་ཏུ་བརྡོལ་པ་ལ་ལྟོས།།དམྱལ་པའི་ལྕགས་སྲེག་གི་ས་གཞི་དང་ལྕགས་མཁར་མེ་དང་བུད་ཤིང་དེ་དག་ཀྱང་རྒྱུ་རྐྱེན་མགར་གྱི་བྱེད་པོ་སོགས་ལ་བློས་གཞིག་ན་འཁྲུལ་སྣང་ཙམ་ལས་བདེན་མེད་དུ་ལོས་ཤེས།ལར་དམྱལ་དཔོན་ལས་མཁན་དེ་དག་གི་སྡིག་པ་དང་།ལས་ཀྱི་རྣམ་པར་སྨིན་པའང་གང་དུ་འགྲོ།དེ་དག་ལ་རྣམ་སྨིན་མི་འབྱུང་ན་གཞན་གྱིས་དེ་ལྟར་མྱོང་དགོས་པའི་རྒྱུ་མཚན་ཅི་ཡོད།།དེ་དང་དེར་གཞིག་ན་ཡུན་རིང་ཐུང་ཙམ་ལས་རང་ངོས་ན་རྨི་ལམ་གྱི་སྣང་ཆ་དང་འདྲ་བར་ངེས་སོ།།སེམས་ཅན་རང་རང་གི་གཟུང་འཛིན་ང་དང་ངའི་ཡུལ་དང་ཡུལ་ཅན་འདི་ཁམས་གསུམ་འཁྲུལ་བའི་འཁོར་ལོའི་གཞན་དབང་ཅན་དུ་ངེས་ཏེ་ལུས་དང་གྲིབ་མ་ལྟ་བུ་རྣམ་པར་རྟོག་པའི་རང་ཡུལ་དུ་ས་བཟུང་སྟེ་དེར་སྣ་ཚོགས་ཉེ་བར་ལེན་པའི་བག་ཆགས་ཀྱི་ཚུལ་བརྟན་པ་ཡིན་ལ།མཚན་མོའི་རྨི་ལམ་ན་ཡང་ས་ཆུ་མེ་རླུང་ནམ་མཁའི་ཡུལ་དང་ཁང་ཁྱིམ་གཉེན་གྲོགས་མཛའ་བཤེས་སེམས་ཅན་སྣ་ཚོགས་པ་ཐམས་ཅད་དང་།འཇིགས་སྐྲག་བདེ་སྡུག་གང་ཡང་ཉིན་མོ་ལྟ་བུར་བདེན་པར་འཛིན་ཅིང་ཉེ་བར་ལེན་གྱིན་མི་འདུག་གམ།སྔར་གྱི་ལོ་ཟླ་ཞག་དུས་ཡུལ་གྲོགས་མཛའ་བཤེས་ནོར་རྫས་ཁང་ཁྱིམ་ཐམས་ཅད་ལ་རིམ་པ་བཞིན་དུ་བློས་གཞིག་ན་ཕྲ་རགས་རྨི་ལམ་དང་ཁྱད་པར་མེད་པ་ལོ་གཅིག་ལ་ཡང་ཉིན་སྣང་སུམ་བརྒྱ་དང་དྲུག་ཅུ།མཚན་སྣང་སུམ་བརྒྱ་དང་དྲུག་ཅུ།དེ་ལ་ཉམས་ཕྲ་རགས་ཙམ་ལས་ཁྱད་པར་རྒྱ་ཁབ་ཀྱི་རྩེ་མོ་ཙམ་མེད་དེ།ཉིན་སྣང་གི་ཡུལ་དང་ཡུལ་ཅན་དེ་རྣམས་མཚན་མོ་གང་དུ་བཞག།མཚན་སྣང་གི་ཡུལ་དང་ཡུལ་ཅན་དེ་ཉིན་མོ་གང་དུ་མི་མངོན་པར་སྦས་ཡོད་ལྟོས་དང་ཆ་མཉམ་དུ་འདུག་གི།རང་སེམས་ལས་གཞན་ན་མེད།རྨི་ལམ་གྱི་སེམས་ཅན་སྐྱེ་འཆི་དང་།ཉིན་སྣང་གི་སེམས་ཅན་སྐྱེ་འཆི་གཉིས་ལ་ཁྱད་པར་འཁྲུལ་པའི་སྣང་ཉམས་ཡིན་པ་ལ་ལྟོས་ཤིག།དེ་ལྟར་སྣང་སྲིད་སེམས་ཀྱི་ཆོ་འཕྲུལ་དུ་ཤེས་ཀྱང་སྒྱུ་མ་དང་སྒྱུ་མའི་མཁན་པོ།རྨི་ལམ་དང་རྨི་ལམ་གྱི་མཁན་པོ་ལྟ་བུར་འཁྲུལ་མཁན་དང་།འཁྲུལ་སྣང་ཕྱི་རུ་བཟུང་ནས་གཟུང་འཛིན་གཉིས་སུ་འཛིན་པའི་འཆིང་བ་དམ་པོས་འཁྱུད་པ་དེ་ཡང་མ་ཡིན་པར།སེམས་ཀྱི་ངོ་བོ་བརྡལ་ཁྱབ་དབུས་མཐའ་དང་བྲལ་བའི་ཀློང་དུ་ངར་འཛིན་གྱི་རྣམ་པར་རྟོག་པའི་བདག་དང་།དེའི་ཆ་ལས་ཕྱི་ནང་སྣོད་བཅུད་དུ་གྲུབ་པ་ཐམས་ཅད་ངོ་བོའི་ཀློང་ལས་མི་འདའ་བ་མེ་ལོང་གི་གཟུགས་བརྙན་མེ་ལོང་གི་བྱད་ལས་མ་འདས་པ་ལྟ་བུར་ཤེས་པར་བྱའོ།།ལར་ཁམས་གསུམ་གང་ནས་འཕོས་ཤིང་གང་དུ་སྐྱེས་ཀྱང་ཡུལ་སྔ་མ་ཤུལ་དུ་བོར་ནས་ཕྱི་མར་ཕྱིན་པ་མ་ཡིན་ཏེ།ཉིན་སྣང་དང་རྨི་སྣང་ལྟ་བུར་འཁྲུལ་སྣང་གི་ཉམས་དེ་གཅིག་ནས་གཅིག་ཏུ་འགྱུར་བ་ཡིན་པས་འཁོར་བ་འཁྲུལ་ཉམས་སུ་ངེས་པར་ལ་བཟླ་བར་བྱའོ།།དེས་ན་འཁོར་འདས་རང་སྣང་དུ་རྫོགས་ཏེ་ངོ་བོའི་ཀློང་དུ་འུབ་ཆུབ་པའོ།།ངོ་བོ་ནི་གཞིའོ།།གཞི་མ་རིག་པའི་ཆ་ལ་ཀུན་གཞི་དང་།དག་པའི་ཆ་ལ་ཆོས་སྐུ་ཞེས་བྱ་སྟེ།ཡེ་གཞི་ནམ་མཁའ་ལྟ་བུར་ཅིར་ཡང་འཆར་དུ་རུང་བ་དེ་ཉིད་མ་རིག་པའི་མུན་ཁམས་སུ་དུབ་པས་ཀུན་གཞི་དང་།གཟུང་འཛིན་རྣམ་པར་རྟོག་པའི་སྣང་ཆ་ཁམས་གསུམ་གྱི་བཀོད་པ་འཁྲུལ་པ་ཉམས་ཀྱི་སྣང་བའོ།།ངོ་བོ་ནི་དཔེར་ན་ནམ་མཁའི་ངོ་བོ་ཉིན་མཚན་གང་གིས་མ་བསྒྱུར།།གང་དུ་མི་འགྱུར།གསལ་འགྲིབ་གང་ཡང་འཆར་རུང་དུ་ཡོད་པ་དེ་བཞིན་དུ་བཟང་ངན་མེད་པའི་ཀུན་ཏུ་བཟང་པོ་ཞེས་བྱའོ།།རང་བཞིན་སེམས་སུ་འཁྲུལ་ཡང་ལྷུམས་མདངས་སུ་ཡེ་ཤེས་ལྔ་དང་སྐུ་ལྔ་ཞིང་ལྔའི་གཞི་རང་བྱུང་དུ་གྲུབ་པས་ལྷན་སྐྱེས་ཀྱི་ཡེ་ཤེས་ཆེན་པོ་སྟེ།མྱང་ངན་ལས་འདས་པའི་ལྷ་དང་ཞིང་ཁམས་རྣམས་ཀྱང་རང་གཞི་དེ་ཉིད་ལ་ལྷུན་གྱིས་རྫོགས་པ་ལས།ཡུལ་ནས་ཡུལ་དུ་བགྲོད་པའམ་སྐྱེ་བའི་ལྷ་དང་ཞིང་ཁམས་རང་རྒྱུད་པ་དེ་གཟུང་འཛིན་གྱི་སྣང་ཉམས་ལས་མི་འདའ་བས་དེར་གོལ་བ་དག་གིས་ཡེ་ཤེས་པ་བསྒྲུབ་ཀྱང་འཇིག་རྟེན་པ་ལས་འཕགས་པའི་གཞི་རྩ་མེད་མོད།།དེ་ལྟར་སྣང་བའི་རྩ་གདར་ཁ་ཙམ་མ་ཡིན་པར་གཏིང་དཔོག་པ་ཞིག་ཆོད་ནས་ཕྱིས་བདེན་ཞེན་ངང་གིས་ཆོད་པ་དགོས།ལམ་གྱི་དུས་སུ་ནི་ཡིན་ལུགས་ཙམ་བློས་གཞིག་སྤུ་རྩེ་ཙམ་ཡང་མི་བྱ་ཞིང་རྟོག་དཔྱོད་སྒོམ་སྒྲུབ་བཅོས་བསྒྱུར་གང་ཡང་མེད་པར་ངོ་བོའི་རང་ཐོག་ཏུ་ལྷོད་དེ་ཤིག་གེར་ཆམ་གྱིས་བཞག་པས་རྩལ་སྣང་རང་གྲོལ་དུ་ངང་གིས་འགྲོ་བ་ལ་འཁོར་འདས་རྫོགས་པ་ཆེན་པོའི་ཞལ་རས་ཡེ་ཤེས་ཀྱིས་གསལ་བ་ཞེས་བྱའོ།།བཅོས་བསྒྱུར་རེ་དོགས་ཐེ་ཚོམ་དགག་སྒྲུབ་འཛིན་རྩོལ་རྟོག་དཔྱོད་ཐམས་ཅད་བློས་བཏགས་པ་ཡིན་ཏེ་བློ་དོན་དམ་མིན།།དོན་དམ་ནི་བློ་ལས་འདས་པ་ཡིན་པས་གནད་ཤེས་པར་བྱའོ།།ཆམ་གྱིས་འཇོག་པའི་དུས་སུ་འཛོལ་ཤོར་ནས་སྟོང་ཆའི་སྟེང་དུ་ཡོད་ཀྱང་རྣམ་པར་རྟོག་པ་ལྐོག་ཏུ་གྱུར་ནས་རིག་པའི་རྩལ་ལས་འདས་པ་སེམས་དང་རིག་པ་གཉིས་ཀྱི་མཚམས་སུ་རྣམ་པར་རྟོག་པ་ལུང་མ་བསྟན་དུ་ངས་སྨྲ་བ་ཡིན།།འཁོར་འདས་རྫོགས་པ་ཆེན་པོའི་ཡིན་ལུགས་ལས་མི་འདའ་བ་འདི་ཤིན་ཏུ་གནད་དམ་པའོ།།འདིས་ལྷ་དང་འདྲེ་གདོན་འཁོར་བ་མྱང་འདས་ཐམས་ཅད་བཟང་ངན་མེད་པར་རང་ཐོག་ཏུ་གྲོལ་བ་ཡིན།ཆོས་ཉིད་ཟད་པའི་དུས་སུ་འདི་ལྟར་སྣང་བ་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་ཞིག་པའམ།གནམ་སྟོང་གི་ཟླ་བ་དབྱིངས་སུ་ནུབ་པ་ལྟ་བུར་ནང་གསལ་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཤེལ་འོད་ནང་དུ་ནུབ་པ་ལྟ་བུ་སྟེ།དེ་ཡང་རང་ངོ་ན་གཞན་དོན་གྱི་བྱ་རྩོལ་མེད་དེ་ཀློང་མདངས་ལས་གདངས་རང་བཞིན་མ་འགགས་པའི་སྐུ་ལྔ་ཞིང་ལྔ་དེ་ལས་རྩལ་ཐུགས་རྗེའི་སྤྲུལ་སྐུ་གདུལ་བྱ་རང་སྣང་གི་སྟོན་པ་རང་བྱུང་བའོ།།ཁོ་བོ་ནི་ཐོས་བསམ་གྱི་མཛོད་དུ་མ་ཞུགས་ཤིང་བཤེས་གཉེན་དམ་པ་གཅིག་ཙམ་གྱི་འབངས་སུ་མ་གྱུར་པའི་དབང་གིས་ཚིག་གི་སྦྱོར་བ་མི་ཤེས་པ་ལ་ཐུགས་ཁྲེལ་མི་གནང་བར་ཞུ།༈ཧེ་ཧེ།ཕྱོགས་ལྷུང་དང་བྲལ་བ་ཀ་དག་གི་དབྱིངས་སུ།།ལྷུན་གྲུབ་ཀྱི་རོལ་པ་འོད་གསལ་གྱི་གཞལ་ཡས།།བདེ་བ་དང་སྟོང་པ་གཉིས་མེད་ཀྱི་ངང་ནས།།ལྷན་སྐྱེས་ཀྱི་རིག་སྐུ་པད་འབྱུང་དང་དགའ་རབ།།བློས་བཞག་ནི་མ་ཡིན་གནས་ལུགས་ཀྱི་རང་ཞལ།།རྩོལ་མེད་ཀྱི་ངང་ནས་རང་བབས་སུ་མཇལ་ཏེ།།ཆོས་ཉིད་ཀྱི་ཀློང་མཛོད་ཕ་ཕོག་ཏུ་ཐོབ་ཡོད།།གདམས་ངག་ནི་ཁྲོམ་གྱི་མཚར་གླུ་རུ་མི་འཆོལ།།གཞན་གསོད་ཀྱི་ཆེད་དུ་རང་ཕུང་ཡང་མི་འཇུག།མི་ཚེ་ནི་དགོང་ཁའི་ཉི་ཞུར་དང་མཚུངས་པས།།གཉིས་ཕུང་གི་བྱ་སྤྱོད་ཟོལ་ཟོག་ཀྱང་བྱས་མེད།།རྣམ་གྲངས་དང་རྩིས་གདབ་མཁས་མཁས་ཀྱི་བྱ་འབྱམས།།ང་རྒྱལ་དང་ཁེངས་སེམས་ལོག་ལྟ་ཡི་སྒོ་འཕར།།རང་རྒྱུད་ཀྱི་ཐོག་ཏུ་གྲོལ་ཐོབ་འདྲ་གདའ་འམ།།ཆོས་ཀུན་གྱི་རྩ་བ་རང་རྒྱུད་ལ་ཐུག་པས།།རང་སྨིན་གྱི་རྗེས་སུ་གཞན་ཕན་ཀྱང་ལོས་འབྱུང་།།ངེད་ཅག་ནི་བླུན་པོའི་རང་རྒྱུད་ལ་བརྟག་ནས།།གཞན་བཅོས་ཀྱི་ལྷན་པ་ཆུ་ཐིག་ལ་མི་རེ།།རང་རྒྱུད་ཀྱི་དུག་ལྔ་ཆགས་སྡང་ལ་བལྟས་ན།།གཞན་སྐྱོབས་ཀྱི་འཚོ་སྨན་སྦྱར་དུག་ལ་མི་རེ།།ཧེ་ཧེ།རང་བྱུང་གི་རིག་པ་བཅོས་མེད་དུ་བཞག་ན།།འཁོར་འདས་ཀྱི་བྱེད་པོ་གཅིག་ཐོག་ཏུ་གྲོལ་བས།།གདམས་ངག་གི་རྩ་བ་གཞན་དུ་ཡང་མི་འཚོལ།།འབྲས་བུ་ལ་ཐོབ་ལེན་རེ་ཐག་ཀྱང་ཆད་ཐལ།།འདི་ཕྱི་དང་ཉིན་མཚན་རྒྱུ་མཚན་ལ་བརྟག་ན།།གཟུང་འཛིན་གཉིས་རྣམ་རྟོག་འཁྲུལ་ཉམས་སུ་འདུག་པས།།རང་རྒྱུད་དུ་གོལ་ཞེན་བག་ཆགས་ཀྱི་མཚང་བརྡོལ།།ཐོས་བསམ་གྱི་ཕུ་ཐག་གཏིང་དཔོག་ཞིག་ཆོད་ཐལ།།རྣམ་རྟོག་གི་བསུ་སྐྱེལ་བསྒོམ་འཆོས་ལ་ཐེ་ཚོམ།།གནས་ལུགས་ཀྱི་ཞལ་རས་རྫོགས་ཆེན་གྱི་ཉི་མ།།གཟུང་འཛིན་གྱི་གོལ་སྒྲིབ་ཆུ་འཛིན་གྱིས་བསྒྲིབ་པའི།།བར་མ་དོའི་སྒོམ་ཆེན་ཉམ་ཐག་དང་མི་འདྲ།།རྣམ་རྟོག་གི་འཕེལ་འགྲིབ་མང་ཚན་ལ་བལྟས་ན།།འདི་དག་ལ་རྫོགས་ཆེན་རེ་བ་ཚོ་དགོད་འཆོར།།ཧེ་ཧེ།ཡེ་གཞི་ཉིད་ཀ་དག་མཐའ་བྲལ་གྱི་ངོ་བོ།།སངས་རྒྱས་ནི་འདི་ལས་རང་རྒྱུད་པར་མ་བལྟ།།ཕྱི་ནང་དང་སྣོད་བཅུད་འཁྲུལ་ཉམས་ཀྱི་རྫུན་རིས།།ཐམས་ཅད་ནི་ངོ་བོའི་རང་ཀློང་དུ་རྫོགས་གདའ།།ངེད་ཅག་གི་རྫོགས་ཆེན་བྱ་བ་ནི་འདིའོ།།ཁྱབ་བརྡལ་གྱི་ཀློང་ཡངས་འུབ་ཆུབ་ཀྱི་རོལ་པར།།བདེ་སྟོང་གི་ཕྱམ་བརྡལ་འཕོ་མེད་ཀྱི་ཞིང་དུ།།འོད་གསལ་གྱི་ཉི་མ་ནུབ་མེད་དུ་ཤར་ཡོད།།འཇིགས་མེད་ཀྱི་བཙན་ས་ལྷུན་གྲུབ་ཀྱི་ཁང་མཛེས།།གཡོ་མེད་ཀྱི་གདན་ཁྲི་ཐབས་ཤེས་དང་འབྲལ་མེད།།ཉོན་མོངས་པའི་རོ་སྟེང་ཆོས་ཉིད་ཀྱི་རིག་སྐུར།།མཁོས་མེད་ཀྱི་རྒན་པོས་རང་ས་ཞིག་ཟིན་ཡོད།།བཤད་པས་ནི་མི་གོ་བསྟན་པས་ཀྱང་མི་རྟོགས།།ངེད་རང་གི་སྟོན་པ་མཚོ་སྐྱེས་ཀྱི་རྡོ་རྗེས།།དགོངས་བརྒྱུད་ཀྱི་ཕ་ཕོག་གཅེས་ནོར་དུ་གནང་བྱུང་།།ས་ལམ་ལ་རྣམ་བཞག་རྩིས་གདབ་ཀྱང་མེད་དོ།།ངོ་བོ་ནི་ལམ་བྱེད་ང་རང་གི་ཕ་ཆོས།།སྒོམ་བཟླས་དང་བསྙེན་སྒྲུབ་ཨ་འཐས་ཀྱིས་མ་བཅིང་།།མ་བསྒོམ་དང་མི་བསྙེན་མ་སྒྲུབ་པའི་ཚུལ་ཡོད།།གཉེན་པོ་དང་བཅོས་བསྒྱུར་བློས་བཏགས་སུ་མེད་པའི།།བློ་འདས་ཀྱི་རང་ཚུགས་མཐའ་བྲལ་དུ་འབྱམས་ཀླས།།བལྟ་བྱ་དང་སྐྱོང་བྱ་ཡིད་དཔྱོད་ཀྱིས་མ་སྦག།བཟོ་མེད་དུ་གཏད་མེད་བྱུང་རྒྱལ་ལ་ཡན་གཏོང་།བཟང་ངན་དང་རེ་དོགས་སྤང་བླང་ལས་འདས་པའི།།བྱ་བྲལ་གྱི་རྣལ་འབྱོར་བྱར་མེད་དུ་ཧར་སངས།།ཡེ་གནས་ཀྱི་ཡེ་ཤེས་རང་བྱུང་གི་ཀློང་དུ།།ལྷོད་གྲོལ་གྱི་ངང་དུ་བཅོས་མེད་དུ་བསྒྱུར་བས།།གཟུང་འཛིན་གྱི་མདུད་རྒྱ་ཐད་ཀར་དུ་ཞིག་སོང་།།འཁོར་བ་དང་མྱང་འདས་ཆོས་སྐུ་རུ་སངས་ནས།།འཁོར་འདས་ཀྱི་འཛིན་ཐག་སྙིང་ག་ནས་ཆོད་སོང་།།མ་རིག་པའི་མུན་ཁམས་རིག་སྟོང་དུ་དེངས་ནས།།ཆགས་ཞེན་གྱི་འཛིན་ཕུར་རྩ་བ་ནས་བུད་སོང་།།ཡུལ་མེད་ཀྱི་ངོ་བོ་ཟང་ཐལ་གྱི་ལྷུམས་སུ།།རེ་དོགས་དང་བདེ་སྡུག་ཉེར་ལེན་དེ་བཤིག་གཏོང་།།བདག་མེད་ཀྱི་ཤེས་རབ་སྟོང་ཉིད་ཀྱི་དབྱིངས་སུ།།བདག་འཛིན་གྱི་འཆིང་བ་ཡུལ་མེད་དུ་བཤིག་གཏོང་།།ཀུན་བཟང་གི་དགོངས་ཀློང་རྩོལ་མེད་དུ་བརྡོལ་འོང་།།ལྷུན་གྲུབ་ཀྱི་རིག་འཛིན་གོ་འཕང་ལ་མཆོང་འགྲོ།།མཐོང་ཐོས་དང་དྲན་རེག་མཁའ་མཉམ་གྱི་སེམས་ཅན།།རང་བྱུང་གི་རིག་སྐུ་རང་ངོ་རུ་མཇལ་ནས།།ཀུན་བཟང་གི་ཀློང་དུ་ངེས་པ་རུ་ཤོག་ཅིག།ཅེས་རྨོངས་པའི་བླུན་ཆོས་འདག་གོས་བྱ་སྤུ་ཅན་ཞེས་བྱ་བ་འདི་ནི།རྡོ་གྲུབ་རིན་པོ་ཆེའི་རིགས་དབོན་བླ་མ་དམ་པ་བསོད་ནམས་དཔལ་ལྡན་གྱིས་ནན་དུ་བསྐུལ་བའི་ངོར་རྨོངས་བླུན་ས་ཀུ་ཙི་པ་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་སྨྲས་པའོ།། ༈སྭསྟི།རྩོལ་མེད་ཐེག་མཆོག་ཨ་ཏི་རྫོགས་པ་ཆེའི།།མན་ངག་སྙིང་པོ་ཀུན་བཟང་དགོངས་པའི་བཅུད།།ཆོས་སྐུའི་ཡེ་ཤེས་རྗེན་ཕྱུངས་ལག་གཏོད་དུ།།ལེགས་སྩལ་གདམས་པའི་མཐར་ཐུག་འདི་ཁོ་ན།༡།བློས་བྱས་བླུན་སྒོམ་བཟང་བརྫུའི་སྦུབས་བརྟོལ་ཕྱིར།།གཅིག་ཆོག་མན་ངག་གསེར་ཐུར་འདི་ཟུང་ལ།།སྣ་ཚོགས་ཉམས་ལེན་སྤྲོས་པ་འདིར་བཅད་དེ།།གདོད་མའི་གྲོལ་གཞིར་གཤེགས་ཤིག་སྐལ་བཟང་ཚོགས།༢།དེ་སླད་གདམས་ཟབ་ཆོས་ཀྱི་རིང་བསྲེལ་གང་།།ཐར་འདོད་གདུང་སེལ་བདུད་རྩིའི་བགོ་སྐལ་དུ།།འགྱེད་པའི་དགའ་སྟོན་གཏན་པ་མེད་པའི་སྒོ།།ལྷ་རིགས་འབྲས་ལྗོངས་ས་སྤྱོད་དབང་མོས་ཕྱེས།༣།བསོད་ནམས་དྲི་མ་མེད་མཐུས་འགྲོ་བ་ཀུན།།ཟབ་གསང་རྫོགས་པ་ཆེན་པོའི་སྣོད་གྱུར་ནས།།ཆོས་ཟད་ཀློང་དུ་འཁོར་བ་གཏིང་སྤྲུགས་ཏེ།།སྣང་སྲིད་ཀུན་བཟང་བདེ་ཆེན་རོ་མཉམ་ཤོག།༤ཅེས་པའང་རྣམ་དཀར་སྒྲུབ་པ་པོ་གང་གི་བཞེད་པ་སྐོང་ཕྱིར་སྤར་གྱི་ཕྱི་མོའི་ཞུས་དག་དང་འབྲེལ་བར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཆེད་དུ་བརྗོད་པ་སྟེ།ཀུན་བཟང་ཐུགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ནམ་མཁའ་ཇི་སྲིད་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག།སརྦ་དཱ་མངྒ་ལཾ།།