TTDL-ZABTER-18-TSHA-002

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-002

རྗེ་དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག།མགོན་རིགས་བརྒྱའི་ཁྱབ་བདག་མཚོ་སྐྱེས་རྗེ། །གནས་མི་འབྲལ་ཆོས་ཀྱི་འཁོར་ལོ་རུ། །དུས་གསུམ་དུ་རྟག་བཞུགས་རྗེས་སུ་ཟུངས། །མཁོས་ཆུང་གི་མདོ་ཐག་རྒན་པོའི་གཏམ། །ད་ཁྱོད་ལ་ངེས་པར་དགོས་གལ་ན། །ངས་འཆོལ་གཏམ་ལབ་མོ་གྱེར་ཀྱང་གྱེར། །དོན་དལ་འབྱོར་མི་ལུས་ད་རེས་ཐོབ། །དེའི་ཡོན་ཏན་མ་བརྗེད་དྲན་པས་ཟུང་། །འདི་ཐར་ལམ་བགྲོད་པའི་ཤིང་རྟ་ཡིན། །ཡུལ་སྲིད་མཚོ་བརྒལ་བའི་གྲུ་གཟིངས་ཡིན། །དུས་གཏན་གྱི་བསོད་ནམས་བསགས་རྟེན་ཡིན། །མཆོག་ཐུན་མོང་དངོས་གྲུབ་བསྐུལ་མ་ཡིན། །ཡར་བདེ་ཆེན་མྱུར་ལམ་སྐྱེལ་མ་ཡིན། །འདི་ཐོབ་པ་སྔོན་གྱི་དགེ་འབྲས་ལགས། །དེ་འཁོར་འདས་གཉིས་ཀྱི་ས་མཚམས་ཡིན། །དེ་གང་བགྲོད་གང་ཟག་ཁྱོད་ལ་རག།ཚེའི་སྟོད་ཆ་དོན་མེད་ལས་ལ་ཟད། །ད་ཚེ་མཇུག་དགོང་ཁའི་ཉི་ཞུར་ཙམ། །ལས་བདེ་སྡུག་གང་བྱེད་རང་ལ་རག།རང་འཆི་བའི་ནང་པར་བབས་པའི་ཚེ། །སྟོང་གསུམ་པོའི་ནོར་གྱིས་འཚེང་བ་མིན། །བློ་མི་བདེ་དུང་ངེ་ཕྱི་མར་འགྲོ། །གཉེན་མ་ལག་གང་གིས་སྐྱོབ་པ་མིན། །དེ་མ་བརྗེད་མྱུར་དུ་ཆོས་ལ་འབུང་། །མི་གཅིག་གི་ལྟོ་གོས་མི་འགྲུབ་སེམས། །ཡུལ་གཞན་ལ་ཁྱི་བཞིན་ཉུལ་ཉུལ་ཀྱང་། །དེར་ཆོག་ཤེས་རན་ཙམ་སྐྱེ་དུས་མེད། །མཐར་བདུད་ཀྱི་དབང་དུ་འགྱུར་ཉེན་ཆེ། །ནོར་བསགས་ཀྱང་གཞན་གྱིས་ཧབ་ཐོབ་བྱེད། །ཚེ་འདི་ནི་རྨི་ལམ་གནས་སྐབས་འདྲ། །དེ་ཙམ་ལས་གཏན་དུ་སྡོད་མ་སེམས། །དེང་བསྐལ་པ་སྙིགས་པའི་མར་གཤམ་འདིར། །ཚེའི་ཚད་ལ་ངེས་པ་མེད་ལུགས་དང་། །ཕ་མཚན་ལྡན་བླ་མ་དཀོན་ལུགས་དང། །ཆོས་ལྟ་སྒོམ་ཐོབ་པ་ཉུང་ལུགས་དང་། །དོན་ཡང་དག་འགྲུབ་པ་མེད་ལུགས་ལ། །ཚུལ་དཔག་སྟེ་མྱུར་དུ་ཆོས་ལ་འབུང་། །མི་གཅིག་གི་ཚེ་གཅིག་ལས་མི་ཐུབ། །ལས་བྱ་བྱེད་མང་པོ་འགྲུབ་ཁོམ་མེད། །སྤྱོད་མདོ་མེད་ཚེ་གཅིག་དཀོར་ནག་དང་། །ལས་ཟད་མེད་ཚོང་ཁའི་བན་རྒོད་ཚོའི། །རྗེས་མ་འབྲང་རང་ཚོད་རང་གིས་ཟུངས། །ཁྲེལ་མེད་པའི་སྡོམ་ཉམས་སྔགས་བརྫུ་དང་། །མགོ་འཁོར་བའི་ཨ་ཁུ་དབང་ཅན་དང་། །སྡུག་ཉོ་བའི་གཏོ་རྒན་གྲོང་ཆོག་པའི། །རྗེས་མ་འབྲང་རང་ཚོད་རང་གིས་ཟུངས། །ཆེ་གྲགས་འདོད་འདྲེ་བརྡུང་གཅོད་པ་དང་། །རང་བརླག་པའི་དམྱལ་མཁན་བླ་ཆེན་གཟུགས། །ཆེ་འདོད་ཕྱིར་གྲུབ་མཐར་ཆགས་སྡང་བའི། །རྗེས་མ་འབྲང་རང་ཚོད་རང་གིས་ཟུངས། །དཔེ་ཧྲུལ་པོ་བསྡུས་པའི་བསམ་མེད་དང་། །རང་མགོ་འཁོར་གཞན་བཅོས་སློབ་དཔོན་དང་། །མཁས་རློམ་པའི་ཅོལ་ཆུང་སྙིང་མེད་ཀྱི། །རྗེས་མ་འབྲང་རང་ཚོད་རང་གིས་ཟུངས། །གནས་མཐུན་རྐྱེན་འཛོམ་པའི་སྐྱེད་ཚལ་དུ། །ལུས་མ་བཅོས་མི་རོ་ལྟ་བུར་བཞག།ངག་མ་བཅོས་ལྐུག་པ་བཞིན་དུ་བཞག།སེམས་མ་བཅོས་སྤྲོས་མཐའ་བྲལ་བར་ཞོག།དེ་མཉམ་བཞག་ཀུན་གྱི་ཡང་རྩེ་ཡིན། །ལས་སྤྱོད་ལམ་གང་དང་གང་གི་ཚེ། །ཡེ་བརྡལ་ཁྱབ་ཤེས་རབ་ཆེན་པོ་རུ། །ངང་རང་གནས་ཡེ་ཤེས་རང་དབང་བ། །དོན་རྗེས་ཐོབ་ཀུན་གྱི་དམ་པ་ཡིན། །ཉམས་བདེ་སྡུག་བཟང་ངན་གང་ཤར་ཡང་། །དེ་བཅོས་བསྒྱུར་མེད་པར་རང་སར་བཞག།ངོ་ཤེས་ནས་ཞེན་པ་མེད་པ་གནད། །འདི་གདམས་ངག་ཀུན་གྱི་ཡང་རྩེ་ཡིན། །བློ་རིང་པོའི་སྣ་ཁ་བསྟུང་བྱས་ནས། །དུས་མྱུར་དུ་འཆི་ཆོས་ཞིག་ལ་རེམ། །ཨཻ།འཁོར་འདས་ཆོས་ཀུན་ཆོས་ཉིད་ཀྱི་མཁའ་རུ། །ཡུལ་མེད་ཟང་ཐལ་ངོ་མ་ཞིག་རེད་དང་། །བདག་མེད་ཤེས་རབ་བླ་མ་རུ་བཞུགས་ཡོད། །ལྟ་བ་ཡི་རྒྱལ་པོ་རང་ས་ན་ཨེ་རིག།ཧེ་ཧེ།གདོད་མ་ཡི་གནས་ལུགས་རང་ངོ་རུ་འཕྲོད་ནས། །སྒོམ་སྒྲུབ་ཀྱང་མི་དགོས་རང་དབང་ལ་ཡན་གཏོང་། །ཡེ་གྲོལ་གྱི་སངས་རྒྱས་རང་ཐོག་ཏུ་ཕེབས་པའི། །བདེ་སྐྱིད་ཀྱི་གཏན་སྲིད་ངེས་པ་ཞིག་འདི་ན། །ཧོ་ཧོ།ངང་གནས་ཀྱི་ཡེ་ཤེས་ཆུ་རྒྱུན་བཞིན་བར་མེད། །དགག་སྒྲུབ་ཀྱང་མི་དགོས་བྱ་བྱེད་ཀུན་ཆམ་བཞག།བཟང་ངན་གྱི་སྤྱོད་པ་མ་བཅོས་པ་ངོ་མ། །ཡ་ཡ།ལྷུན་གྲུབ་ཀྱི་ཡེ་གདངས་ལོངས་སྤྱོད་ཀྱི་འཁོར་ལོར། །ཤེས་རབ་ཀྱི་མིག་ལ་ལྟད་མོ་རུ་མངོན་པའི། །གོང་འཕེལ་གྱི་རོལ་པ་ཚད་ཕེབས་སུ་སྨིན་ཅིང་། །ཆོས་ཟད་ཀྱི་རྣམ་འབྱོར་བདེ་སྐྱིད་ལ་ཡན་བརྡལ། །ཡེ་ཡེ།ཆོས་ཟད་ཀྱི་རྣལ་འབྱོར་བུམ་སྐུ་རུ་ལྡང་ནས། །ཡེ་རྫོགས་ཀྱི་ཡོན་ཏན་མངོན་གྱུར་དུ་གདིང་ཐོབ། །ཆོས་སྐུ་ཡི་རྒྱལ་པོ་ངོ་མ་རང་དེ་ཀ།འཇའ་ལུས་ཀྱི་དྭངས་མ་འཕོ་ཆེན་ཞིག་ལོས་ཡིན། །ཀྱེ་ཧོ།ཡེ་གྲོལ་གྱི་ངོ་བོ་རང་ཉིད་ལས་མེད་པའི། །རང་བྱུང་གི་ཡེ་ཤེས་རང་དབང་དུ་བསྒྱུར་ནས། །འཕྱུགས་མེད་ཀྱི་སྐྱིད་ཉམས་ངོ་མ་ཞིག་གྱིས་དང་། །རྣམ་མཁྱེན་གྱི་ལམ་ལ་གྲོལ་གྱུར་ནི་ངོ་མ། །ཁྱོད་རང་གིས་བསྐུལ་ངོ་ལྡོག་ཐབས་ནི་མ་ཡོད། །བླུན་པོ་ཡི་ཐ་ཤལ་བདུད་འཇོམས་ཀྱི་རྡོ་རྗེས། །སྨྱོ་འཆོལ་གྱི་ཚུལ་ལྡན་གླུ་ཆུང་ཡང་བླངས་ཡོད། །ཨ་འབུམ་གྱི་བན་ཆུང་མཆོག་གྲུབ་ལ་སྟེར་གཏོང་། །དགེའོ། །ལེགས་སོ། །ཛ་ཡནྟུ། །། །