TTDL-ZABTER-18-TSHA-004
TTDL-ZABTER-18-TSHA-004
དཔལ་རྒྱལ་ལ་གདམས་པའི་གླུ་དབྱངས་ནོར་བུའི་དོ་ཤལ་བཞུགས་སོ། །ཀྱེ།དུས་གསུམ་སངས་རྒྱས་འདུས་པའི་དཔལ། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་སྐྱོངས། །སྨོན་ལམ་ལས་ཀྱིས་འབྲེལ་བ་ཡི། །སྐལ་བ་བཟང་པོའི་བན་ཆུང་ཁྱོད། །འཆི་བ་སྙིང་ནས་དྲན་མཛོད་ལ། །སྒོ་གསུམ་དམ་པའི་ཆོས་ལ་དྲིལ། །འཁོར་འདས་རང་སྣང་ངེས་པ་རུ། །ཐག་ཆོད་པ་ནི་ལྟ་བའི་ཀློང་། །ཤེས་རབ་ཡེ་ཤེས་མངོན་གྱུར་གྱི། །བློ་བཅོས་འཛིན་བྲལ་སྒོམ་པའི་ཀློང་། །ལྟ་དང་སྤྱོད་པ་རང་དབང་ལས། །གཞན་དབང་མི་གཏོང་སྤྱོད་པའི་གནད། །གནས་ལུགས་གཞི་ཡི་སྒྲོན་དྲུག་དེ། །ལམ་གྱི་སྒྲོན་མ་རྣམ་བཞིར་བསྡུ། །སྒོ་གསུམ་མ་བཅོས་བབ་ཀྱིས་ཞོག།སྐུ་གསུམ་བཞུགས་སྟངས་གཟིགས་སྟངས་ཀྱིས། །ཟབ་གསང་སྙིང་པོའི་ལྷུམས་འཇུག་གནད། །འོད་གསལ་ཆོས་ཉིད་ཆེན་པོའི་དབྱིངས། །མངོན་སུམ་ཉིད་དུ་གཟིགས་པ་ཡི། །སྐལ་བཟང་སྐྱེས་བུ་དམ་པ་ལ། །སྒོ་གསུམ་ནང་གི་རྟགས་གསུམ་ནི། །མི་འགུལ་མི་སྨྲ་མི་གཡོ་བ། །ཕྱི་རྟགས་དབྱིངས་ཐིག་ཁྲིག་གེར་གནས། །འདི་དག་མངོན་སུམ་སྣང་བའི་ཚད། །ཤེས་རབ་མཐོང་བྱེད་དབང་པོ་ལ། །ཡེ་ཤེས་གསལ་སྤྱན་ཚུད་པ་ཡི། །ཕྱི་རྟགས་དབྱིངས་ཐིག་མཉམ་རྗེས་གཉིས། །གང་གི་དུས་སུ་སྣང་ཙམ་ནས། །འབྱུང་བའི་སྣང་བ་མི་མངོན་པར། །འོད་ཐིག་འཇའ་སྤྲིན་སྣང་བར་འཕོས། །དེ་ཚེ་ལུས་ལ་སྒེག་ཆོས་དང་། །ངོ་ཚ་མེད་པའི་བྱིས་པ་ལྟར། །ངག་གི་གླུ་དང་མགུར་མ་དང་། །འཆོལ་བའི་ཚིག་ནི་འགགས་མེད་སྨྲ། །སེམས་ནི་སྨྱོན་པ་འུར་བ་ལྟར། །གཏད་མེད་ཉིད་དུ་རྒྱ་ཡན་འགྲོ། །རྩ་ཁམས་དག་པར་དྭངས་བའི་ཕྱིར། །རྩ་ལ་འཐེན་འདྲིལ་ན་ཚ་མང་། །རླུང་ཁམས་དབྱིངས་སུ་དྭངས་པའི་ལྟས། །དབུགས་ལ་མི་བདེའི་འཕེལ་འགྲིབ་འབྱུང་། །ཐིག་ལེ་རང་སར་འཕོ་བའི་རྟགས། །བརྒྱལ་དང་འར་མ་འུར་མར་འཆོལ། །འབྱུང་བ་དྭངས་མར་འཕོ་བའི་ལྟས། །རླུང་མཁྲིས་བད་ཀན་ལ་སོགས་པའི། །འདུ་བའི་ནད་རིགས་མ་ངེས་སློང་། །ཉོན་མོངས་འཁྲུལ་པ་དབྱིངས་འཇིག་ལྟས། །དུག་ལྔའི་རྟོག་པ་རགས་པར་འཕེལ། །སེར་སྣ་མངོན་ཞེན་ལྡོག་པའི་ལྟས། །བྱ་སྤྱོད་ལབ་ལ་བདེན་རྟག་མེད། །སྣང་བ་སྒྱུ་མར་ཤར་བའི་ལྟས། །གསལ་སྣང་མ་ངེས་ལྷ་འདྲེ་སྣང་། །བདུད་དང་བགེགས་ཀྱི་དབང་ཉམས་ལྟས། །ལྷར་རྫུ་ལོག་པའི་ལུང་ཡང་སྟོན། །གནས་ཡུལ་མཁའ་འགྲོའི་འཇིག་པའི་ལྟས། །དེས་ཀྱང་བསླུ་བར་ཆས་ཏེ་སྤྱོད། །སྣང་སེམས་རླུང་གིས་གསོད་པའི་ལྟས། །དགའ་སྡུག་རེ་དོགས་མ་ངེས་འཆར། །མ་དག་བསྐལ་པ་དབྱིངས་འཇིག་ལྟས། །མ་ངེས་སྣང་སེམས་ཆལ་མ་ཆོལ། །རྩ་དང་ཁམས་ཀྱི་བྱེ་བྲག་ལས། །ཐ་དད་ཉམས་སྣང་མ་ངེས་ཏེ། །མཐའ་གཅིག་ཏུ་ཡང་འཛིན་པ་མིན། །འདི་དུས་སྣང་བ་དབྱིངས་སུ་འཕོས། །སྲིད་པ་ཐིག་ལེའི་རོལ་པར་འཕོས། །དེ་ནི་ཉམས་སྣང་གོང་འཕེལ་ཚད། །རིག་པ་ཚད་ལ་ཕེབས་པའི་ཚེ། །ཕྱི་རྟགས་ཕྱེད་སྐུ་སྐུ་རྐྱང་ནས། །ཡབ་ཡུམ་འཁྲིལ་སྦྱོར་ཚོམ་བུར་སྣང་། །ནང་རྟགས་ལུས་ནི་སྒྱུ་མར་དངོས། །རི་བྲག་ཀུན་ལ་ཟང་ཐལ་རྒྱུ། །ངག་ལ་བདེན་གྲུབ་གཞན་སྣང་བསྒྱུར། །སེམས་སྣང་དྭངས་ནས་འཁྲུལ་དོན་བྱེད། །སྐྱེ་འཇུག་འབྱུང་བར་དབང་བསྒྱུར་ཏེ། །གྲུབ་པ་བརྒྱད་ཀྱི་རྩེ་འཇོ་རོལ། །འདི་དུས་སྣང་བ་ཐིག་ལེ་དང་། །སྲིད་པ་ཕྱག་རྒྱ་ཆེན་པོར་སྨིན། །རིག་པ་ཚད་དུ་ཕེབས་པའི་ཚད། །སླར་ཡང་ཡེ་ཤེས་བཞི་སྦྱོར་གྱི། །དབང་ནོད་སྣང་སེམས་རིམ་གྱིས་ཟད། །མཐར་ནི་སེམས་དང་སྣང་བ་ཀུན། །དབྱིངས་སུ་དྭངས་ནས་ངང་དུ་འབྱམས། །ལུས་ནི་མི་རོ་རྟོག་མེད་བཞིན། །འཇིགས་མེད་རྡོ་རྗེའི་གདིང་ཆེན་ཐོབ། །ངག་གི་བྲག་ཆ་བཞིན་དུ་གནས། །དེར་འཛིན་མེད་པར་རྗེས་སུ་ཟློ། །སེམས་ནི་གདོད་མའི་གཞི་ལ་དྭངས། །ཆོས་ཉིད་བརྡལ་ཁྱབ་ཆེན་པོའི་ཀློང་། །སླར་ཡང་གཞོན་ནུ་བུམ་པའི་སྐུར། །ཁྱད་ཆོས་དྲུག་གིས་འཕགས་པར་བྱེད། །ཀུན་ཏུ་བཟང་པོ་ཨ་ལ་ལ། །དཔལ་ཆེན་མཁྱེན་བརྩེའི་ལྷ་ཡི་སྲས། །དཔལ་ལྡན་ཏིང་འཛིན་བཞད་པའི་ཞལ། །དཔལ་དབྱངས་གཟིགས་པའི་ཤེས་རབ་ཅན། །དཔལ་གྱི་རྒྱ་མཚོར་ཐིམ་གྱུར་ནས། །དཔལ་དང་ཡོན་ཏན་དབང་ཐོབ་སྟེ། །དཔལ་ཆེན་མངོན་དུ་འགྱུར་བར་ཤོག།ཅེས་སྐྱེ་ཕྲེང་གསུམ་དུ་ལས་སྨོན་གྱིས་འབྲེལ་བའི་བུ་ཆུང་དཔལ་རྒྱལ་གྱིས་བསྐུལ་ངོར་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ། །། །