TTDL-ZABTER-18-TSHA-005

From Dudjom Wiki
Revision as of 09:17, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-005

ཨེ་ཨེ། །རང་སྣང་ལས་མི་གཞན་ཆོས་ཉིད་ཀྱི་དབྱིངས་སུ། །ཀློང་བརྡོལ་གྱི་ནམ་མཁའ་མཐའ་དབུས་ནི་མེད་བརྡལ། །ཕྱི་ནང་ནི་ཟང་ཐལ་རྒྱ་ཡན་ལ་ཆམ་ཞོག།འཁོར་འདས་ཀྱི་འཛིན་རྟོག་ལྷོད་གྲོལ་དུ་ཞིག་པས། །སྒྱུ་མ་ཡི་རྣལ་འབྱོར་གུ་ཡངས་ཀྱི་ཐང་དུ། །ཧར་སང་གི་ལ་ཁར་ངལ་གསོ་ཞིག་གྱིས་དང་། །ཆོས་དབྱིངས་ཀྱི་ནམ་མཁའ་སྤྲིན་བྲལ་གྱི་ཀློང་དུ། །འོད་གསལ་གྱི་ཉི་གཞོན་ནུབ་མེད་དུ་འཆར་འོང་། །རྩལ་སྣང་གི་མེ་ཏོག་ཀུ་མུཏ་ཏ་བཞད་དེ། །གཟུང་འཛིན་གྱི་ཁུར་ཐག་ཐད་གྲོལ་དུ་ཆད་ནས། །སྐྱོ་ངལ་གྱི་སྡུག་ཡུས་ཟང་ཀ་རུ་ཡལ་འགྲོ། །བདེ་ཆེན་གྱི་གཞོན་ནུས་སྟོང་དགའ་མར་སྦྱོར་ནས། །དགའ་ཆེན་གྱི་ཁྱབ་བདག་ཐོན་པ་ལ་དགོད་འཆོར། །ཡེ་ཤེས་ཀྱི་དབང་གཞུ་འགྲིབ་མེད་དུ་བཀྲ་བར། །སྒྱུ་འཕྲུལ་གྱི་བྱིས་པ་མདངས་ལྡན་ཚོའི་རྣམ་འགྱུར། །ཤེས་རབ་ཀྱི་མིག་ལ་ལྟད་མོ་རུ་མངོན་པས། །དགའ་བྲོད་ཀྱི་བདེ་དྲོད་གཞོལ་མེད་ཞིག་རེད་དང་། །ངང་གནས་ཀྱི་ཡེ་ཤེས་ཐ་མལ་དང་མ་ནོར། །རྒྱ་འབྱམས་གྱི་ཡེ་རིག་དྲན་པ་དང་མ་ནོར། །རང་བྱུང་གི་ཆོས་ཉིད་ཟང་ཀ་རུ་ཡོད་པས། །རྣམ་རྟོག་གི་སྤུ་རིས་སྐྱེ་འགགས་དང་མ་ནོར། །གཞོལ་མེད་ཀྱི་ངོ་བོ་ལྷུན་འབྱམས་སུ་མཉམ་ཡོད། །འཛིན་སྟངས་ཀྱིས་བཅུན་པའི་ཐོབ་ཤོར་དང་མ་ནོར། །སྣང་བྱ་དང་སྣང་བྱེད་གཉིས་འཛིན་གྱི་སྒོང་སྦུབས། །སངས་རྒྱས་ལ་མི་སངས་གདོས་ཐག་ཞིག་མིན་ནམ། །མ་རིག་པའི་སྒྲ་གཅན་སྟོང་ཉལ་གྱི་ཁ་རུ། །རྐྱེན་ཁུར་གྱི་སྣང་གསལ་བསྒྲིབ་ཉེ་རུ་ལྟོས་དང་། །འཁོར་འདས་ཀྱི་གཏིང་ཕུག་ཡུལ་མེད་དུ་ལོས་གཏོང་། །ཟོབ་རྫུན་དུ་འཕྱན་པའི་ཆོ་ག་ལ་བརྟག་ན། །རང་བཞིན་གྱི་འཁྲུལ་ཆར་བྲི་བསྣན་དེའི་ཕུག་རྡིབ། །འུབ་ཆུབ་ཀྱི་གཞོན་ནུ་བསྒྲེས་རྒུད་ལས་འདས་པས། །ཐབས་ཤེས་ཀྱི་ཡན་ལག་མཉེན་ལྕུག་ཏུ་ལྡེམས་ལྡེམ། །ཤེས་རབ་ཀྱི་མིག་རྣོན་གསལ་འགྲིབ་ལས་འདས་སོང་། །ཐལ་བྱུང་གི་རྟ་ཕོ་མྱུར་མགྱོགས་དང་རྩལ་ལྡན། །དབང་ལྡན་གྱི་སྲབ་མཐུར་ལས་རུངས་སུ་རང་བྱུང་། །གདིང་ཐོབ་ཀྱི་སྒ་ཆ་བདེ་མཛེས་དང་ངང་མཇལ། །རོ་སྙོམས་ཀྱི་མཚོན་ཆ་རྣོ་ངར་དང་བརྗིད་ཆེ། །འཇིགས་མེད་ཀྱི་གོ་ཆ་སྲ་མཁྲེགས་དང་ཡང་ལྡན། །རྩལ་ཆེན་གྱི་དམག་མི་དཔའ་གདིང་དང་སྟོབས་ལྡན། །གུ་ཡངས་ཀྱི་ཐང་ལ་ཐོགས་མེད་དུ་ལོས་རྒྱུག།ཁྱབ་བདག་གི་རྒྱལ་པོའི་གདན་ས་དེ་བླངས་ནས། །ཆོས་ཉིད་ཀྱི་ཀློང་མཛོད་ཐོབ་ནོར་དུ་འཚེང་བསྟན། །ཀ་དག་གི་ཡུལ་ཆེན་བཀོད་ལེགས་དང་བདེ་འཇམ། །ཉོན་མོངས་པའི་དགྲ་བོའི་དོན་སྙིང་ཀུན་རུལ་བས། །རྣམ་རྒྱལ་གྱི་དབང་པོའི་བདེ་སྐྱིད་དེ་ཧ་ཧ། །ཨ་ཧོ། །མ་བལྟས་དང་ཆོས་ཉིད་ལྟད་མོ་རུ་མངོན་འོང་། །མ་ཟོས་དང་བདེ་སྟོང་ལྟོ་བ་རུ་འགྲང་འོང་། །མ་བསླུས་དང་འཁོར་འདས་ངའི་ཀློང་ན་ཨེ་རིག།མ་སྒོམ་དང་ཟང་ཐལ་ཐད་གྲོལ་དུ་བརྡོལ་ཐལ། །མ་བསྒྲུབ་དང་སངས་རྒྱས་མལ་འོག་ནས་རྙེད་ཐལ། །མ་བྱས་དང་གཏན་བདེའི་སོ་ནམ་ཞིག་གྲུབ་ཐལ། །མ་བཙལ་དང་ཡེ་ཤེས་ཀློང་མཛོད་ཞིག་རྙེད་གདའ། །མ་འབད་དང་བཀོད་པ་མཐའ་ཡས་ཞིག་འདི་ན། །མ་བསམ་དང་འཇིགས་མེད་གདིང་ཆེན་འདི་ཅི་རེད། །མ་རློམ་དང་དགའ་བདེས་སྒོ་བརྡུང་འདི་དགོད་འཆོར། །མ་བཅོས་དང་ཉོན་མོངས་རང་སངས་ལ་བུད་ཐལ། །མ་བརྟག་དང་འཁོར་འདས་སེམས་ཉིད་དུ་ཐག་ཆོད། །མ་བཞག་དང་ཀུན་བཟང་འདི་ན་ཀོ་ཧེ་ཧེ། །མ་སོང་དང་ཀ་དག་ཡུལ་ཡངས་འདི་མཚར་རེ། །མ་བཤིག་དང་གཟུང་འཛིན་ཐག་པ་ནི་ཞིག་ཐལ། །མ་དཀྲོག་དང་རིག་པ་སྐུ་གསུམ་དུ་སད་ཐལ། །མ་བཟུང་དང་ཆོས་རྒྱལ་ཁྲི་ཁ་ན་འེ་རི། །མ་སྨྲས་དང་གདམས་ངག་ངོ་མ་ཞིག་གྲགས་ཀྱིན། །མ་བསྡད་དང་མཉམས་ཉིད་བདེ་ཆེན་དུ་བསྡད་འདུག།མ་བསླད་པའི་སྙིང་གི་དྭངས་མ་འདི་སྟེར་གཏོང་། །མ་སྟོར་བར་ནང་ནོམ་གཅེས་པ་ཞིག་གྱིས་དང་། །མ་རྙེད་པའི་རྙེད་པ་མཉམ་མེད་རེ་ལོས་རྙེད། །མ་ཐོབ་པའི་ལོངས་སྤྱོད་སོ་མ་རེ་ཐོབ་ན། །མ་མྱོང་བའི་དགའ་བདེ་གསར་པ་རེ་སྐྱེ་སྲིད། །མ་རྙེད་པའི་རིན་ཆེན་མལ་ས་ནས་རྙེད་ན། །མ་བཅོས་པའི་དགོད་ཁ་ལྷག་ལྷག་ཏུ་ལོས་འཆོར། །མ་རིག་པའི་སྐྱེ་འགྲོ་སེམས་ཅན་ནི་ཐམས་ཅད། །མ་འབད་པར་འབྲས་བུ་མངོན་གྱུར་དུ་ཐོབ་ནས། །མ་བཅོས་པའི་ཆོས་དབྱིངས་ཀློང་ཆེན་དུ་གྲོལ་སྨོན། །ཅེས་པ་འདི་ཡང་སྤྲང་བླུན་པོ་བདུད་འཇོམས་རྡོ་རྗེས་དོན་བཟང་གི་ངོར་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ། །། །