TTDL-ZABTER-18-TSHA-008
TTDL-ZABTER-18-TSHA-008
ཉམས་ཀྱིས་མྱོས་པའི་འཆོལ་གླུ་ནི། །རྗེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀུན། །དབྱིངས་ཆོས་ཉིད་ཆེན་པོར་རོ་གཅིག་པའི། །དཔལ་ཁྱབ་བདག་གདོད་མའི་མགོན་པོ་དངོས། །ཕ་བཀའ་དྲིན་ཅན་གྱི་བླ་མ་མཁྱེན། །ང་སྨོན་ལམ་ལས་འཕྲོ་བཟང་པོའི་མཐུས། །དུས་ད་རེས་དལ་འབྱོར་མི་ལུས་ཐོབ། །དཔལ་མཚན་ལྡན་བླ་མས་རྗེས་སུ་བཟུང་། །མི་ཕལ་པ་ཞིག་དང་ཅུང་མ་འདྲ། །རྒྱུད་ཟོལ་མེད་དད་པ་དམ་ཚིག་འཛོམ། །དོན་ངེས་འབྱུང་ཆེན་པོའི་སྟོབས་འབྱོར་ནས། །ངས་མི་ཚེའི་ལྷག་མ་ཆོས་ལ་དྲིལ། །མི་མདོ་ཤོར་ཞིག་དང་ཅུང་མ་འདྲ། །ངས་རྩ་གསུམ་དམ་ཅན་གསང་ཐབས་བསྒྲུབ། །དོན་བསྐྱེད་རིམ་ལམ་ཁྱེར་ཉམས་ལེན་བྱས། །གྲོང་ཡུལ་ལ་གཏོ་ཡས་གྱེར་དུ་མེད། །མི་ཀླད་མེད་ཞིག་དང་ཅུང་མ་འདྲ། །ངས་ལྷ་ཆོས་ཟབ་མོ་ཉམས་བླངས་ནས། །ཉམས་བཟང་ངན་སྒྱུ་མའི་རོལ་པར་བལྟ། །ཡུལ་གཞན་ལ་མངོན་ཤེས་འཆད་དུ་མེད། །མི་རྫུན་མ་ཞིག་དང་ཅུང་མ་འདྲ། །ངས་མི་རྟག་འཆི་བ་ལ་བསམ་ནས། །ཚེ་ཕྱི་མའི་གཏན་ཆས་བསྒྲུབ་པ་ལས། །ལས་དགྲ་འདུལ་གཉེན་སྐྱོང་བྱེད་དུ་མེད། །མི་སྨྱོན་པ་ཞིག་དང་ཅུང་མ་འདྲ། །ངས་བསམ་པ་བཟང་པོ་རྒྱུད་ལ་སྦྱར། །ཆོས་ཅི་བྱེད་སེམས་ཅན་ཡོངས་ལ་དམིགས།གཞན་གསོན་སྐྱབས་གཤིན་འདྲེན་རིན་མ་ཟོས། །མི་རང་བརླག་ཞིག་དང་ཅུང་མ་འདྲ། །ངས་རང་གཞན་གཉིས་བསླུ་ལ་དོགས་ནས། །རང་རྒྱུད་ལ་བརྟག་གཞིག་ནན་དུ་བྱས། །ཚེ་དྲག་འདོད་བསམ་སྤྱོད་བསྒྲུབ་ཏུ་མེད། །མི་བསླུ་བ་མཁན་དང་ཅུང་མ་འདྲ། །ངས་དང་པོ་བླ་མའི་གདམས་ངག་ཉན། །དུས་ཐ་མ་ཉམས་ལེན་གནད་དུ་བསྣུན། །ཆོས་གདམས་པ་ཆུད་ཟོས་བྱེད་དུ་མེད། །མི་ཆོས་དྲེད་ཞིག་དང་ཅུང་མ་འདྲ། །ངས་བླ་མ་དཔྲལ་བའི་མིག་བཞིན་བསྟེན། །དུས་རྟག་ཏུ་བློ་ཡིས་དོར་མ་མྱོང་། །ཡུལ་གསར་མཐོང་རྙིང་བརྗེད་བྱེད་དུ་མེད། །མི་དམ་ཉམས་ཞིག་དང་ཅུང་མ་འདྲ། །ངས་སྡིག་པ་དུག་བཞིན་མཐོང་ནས་སུ། །རང་ཅི་ནུས་དགེ་བསྒྲུབ་སྡིག་སྤང་བྱས། །ལས་སྤྱོད་ངན་བཟང་པོ་གྱེར་དུ་མེད། །མི་སྡོམ་ཤོར་ཞིག་དང་ཅུང་མ་འདྲ། །ངས་སྐྱབས་སུ་དཀོན་མཆོག་གསུམ་པོ་བསྟེན། །དུས་རྒྱུན་ཆད་མེད་པར་བློས་མ་དོར། །དཔོན་ཆེ་དྲག་ལྡན་གཞན་ཚོལ་དུ་མེད། །གཡོག་གོ་ཆོད་ཞིག་དང་ཅུང་མ་འདྲ། །ངས་གཏན་གྱི་འདུན་མ་ཨེ་རྙེད་བསམ། །ཆོས་བདེན་གཉིས་ཉམས་ལེན་གནད་ལ་རེ། །ཡུལ་བཙན་ཕྱུག་ཅན་ལ་རེ་སྙམ་མེད། །མི་ངོ་བསྲུང་ཅན་དང་ཅུང་མ་འདྲ། །ངས་གཟུང་འཛིན་བདག་མེད་ཆེན་པོར་རིག།ཆོས་ཐམས་ཅད་སྒྱུ་མའི་དཔེ་བཅུར་ཤར། །ད་འཁོར་འདས་རང་སྣང་ངེས་པར་རྟོགས། །མི་དམུས་ལོང་ཞིག་དང་ཅུང་མ་འདྲ། །ངས་རིག་པ་རང་གྲོལ་ཆེན་པོ་རུ། །བློ་ཡིད་ཀྱིས་བཅས་བཅོས་མེད་པར་ཡན། །སེམས་རྣམ་རྟོག་རྩིས་གདབ་བྱེད་དུ་མེད། །མི་མགོ་འཁོར་ཞིག་དང་ཅུང་མ་འདྲ། །ངས་བྱ་བྱེད་ཆོས་དང་མཐུན་པ་རུ། །ཚུལ་མ་བཅོས་ཅོག་བཞག་ཆེན་པོ་བརྟེན། །ལུས་ཚུལ་འཆོས་ལོ་འདོད་བྱེད་དུ་མེད། །མི་གཡོ་ཁྲམ་ཅན་དང་ཅུང་མ་འདྲ། །ངས་ཤེས་རབ་ཡེ་ཤེས་མིག་ཡངས་པོས། །དོན་ཆོས་ཉིད་བདེན་པ་མངོན་སུམ་མཐོང་། །བློ་ཡིད་གཉིས་ཐེ་ཚོམ་བྱེད་དུ་མེད། །མི་རྟོག་གེ་བ་དང་ཅུང་མ་འདྲ། །ངས་ཉམས་སྣང་གོང་འཕེལ་རྩལ་རྫོགས་ནས། །ད་སྣང་བ་འོད་གསལ་ཆེན་པོར་སྨིན། །ཉམས་རྟོགས་པ་འར་འུར་ཆལ་མ་ཆོལ། །མི་འདྲེས་ཁྱེར་ཞིག་དང་ཅུང་མ་འདྲ། །ངས་རིག་པ་ཚད་ལ་ཕེབས་པའི་ཚེ། །ད་སྣང་སྲིད་འོད་ཐིག་ལྷ་སྐུར་སྨིན། །ཡུལ་སྣང་སེམས་གཉིས་ལ་རང་དབང་བསྒྱུར། །མི་རྫས་སྔགས་མཁན་དང་ཅུང་མ་འདྲ། །ངས་རང་དབང་བརྟན་པ་མ་བྲལ་ན། །ད་མི་ཚེའི་མཇུག་མ་ཚུན་ཆད་ལ། །དོན་ཆོས་ཟད་བློ་འདས་དབྱིངས་སུ་འགྲོ། །མི་བློ་རིང་ཞིག་དང་ཅུང་མ་འདྲ། །ངས་རང་སྣང་སྐུ་དང་ཡེ་ཤེས་ཀྱི། །ངང་རང་གྲོལ་ཆེན་པོར་ངང་སངས་རྒྱས། །ཡུལ་གྲོལ་མཁན་གྲོལ་ས་གཉིས་མེད་རྟོགས། །མི་རྟག་ཆད་ཅན་དང་ཅུང་མ་འདྲ། །ད་ང་དང་ལས་སྐལ་མཉམ་པ་རྣམས། །ཆོས་ཐེག་ཆེན་མྱུར་ལམ་སྙིང་པོ་འདིར། །དུས་མྱུར་དུ་ཕེབས་ཤོག་ཨ་རོགས་རྣམས། །ངང་ཆོས་སྐུའི་རྒྱལ་སར་ལ་འུར་འགྲོ། །ཨེ་ཨེ།མཁོས་ཆུང་གི་རྒན་པོའི་སྐྱིད་ཉལ་ལ་ལྟོས་དང་། །རྩོལ་མེད་ཀྱི་གནས་ལུགས་ཐད་གྲོལ་དུ་དག་མཉམ། །ལམ་ཐོབ་ཀྱི་རྣལ་འབྱོར་རྫོགས་ཆེན་དུ་ཤོར་སོང་། །ངང་བཞག་གི་ལྷོད་པོ་རང་ས་རུ་ཉལ་བའི། །སྣང་བཞི་ཡི་མྱུར་ལམ་གཅིག་ཆར་དུ་བསྒྲོད་ནས། །གོལ་ཤོར་གྱི་གེགས་དང་འཕྲང་ལ་ཡང་མི་ཐོགས། །འོད་གསལ་གྱི་རྣལ་འབྱོར་ཆོས་ཟད་དུ་ཐལ་ཐལ། །ཆོས་ཟད་ཀྱི་རྣལ་འབྱོར་བདེ་ལུགས་སུ་ཉལ་བའི། །གདོད་མ་ཡི་ཆོས་སྐུ་མཐའ་བྲལ་གྱི་དབྱིངས་སུ། །ལྷུན་གྲུབ་ཀྱི་རྣལ་འབྱོར་བུམ་སྐུ་རུ་སངས་ནས། །འཕོ་ཆེན་གྱི་རྣལ་འབྱོར་འཇའ་ལུས་སུ་ཤོར་སོང་། །འཁོར་འདས་དང་སྣང་སེམས་དབྱེར་མེད་ཀྱི་རོལ་པར། །མཉམ་གྲོལ་གྱི་འགྲོ་དོན་ཆེན་པོ་ལ་བལྟས་ན། །བྱ་རྩོལ་གྱི་ལས་ཀ་ཕྱོགས་ཆད་ཞིག་རེད་པས། །རང་ཐོག་ཏུ་གྲོལ་བ་ངེས་ཅན་ཞིག་ལོས་བྱེད། །ཤུགས་འབྱུང་གི་རྣལ་འབྱོར་ཉམས་མྱོང་གིས་མྱོས་ནས། །བདེ་སྐྱིད་ཀྱི་ཉམས་དགའ་གླུ་དབྱངས་སུ་གྱེར་མཐུས། །མཁའ་ཁྱབ་ཀྱི་འགྲོ་བ་སེམས་ཅན་ཀུན་ཐམས་ཅད། །རང་ཐོག་ཏུ་རང་གྲོལ་ཆེན་པོ་རུ་སྨོན་ནོ། །ཞེས་པ་འདི་ནི་རང་སློབ་དམ་པ་ཕྲིན་ལས་འགྲོ་འདུལ་རྡོ་རྗེས་བསྐུལ་ངོར་དེའི་རྒྱུད་དང་བསྟུན་ཏེ་གླུ་མཁན་བདུད་འཇོམས་རྡོ་རྗེས་སྨྲས་པའོ། །། །