TTDL-ZABTER-18-TSHA-011
TTDL-ZABTER-18-TSHA-011
དད་ལྡན་དགེ་མ་རྣམས་ལ་གདམས་པ་ཡོད། །ཕ་བླ་མའི་ཞབས་ལ་གུས་པས་འདུད། །ཚུར་གསོན་དང་དད་ལྡན་དགེ་མ་རྣམས། །ང་སྤྲང་པོས་རང་བཟོ་བླུན་པོའི་སྒོམ། །དོན་མཉམ་བཞག་མ་ཡེངས་མི་སྒོམ་ངང་། །སླར་རྗེས་ཐོབ་རྟོག་ཚོགས་མཉམ་བཞག་ལྟར། །དེར་འཛིན་པས་མི་འཆིང་སྙིང་གཏམ་ཡིན། །ལར་སེམས་ངོ་འཚོལ་བའི་དུས་སུ་ཡང་། །དུས་གསུམ་གྱི་རྟོག་ཚོགས་ཐམས་ཅད་ཀུན། །རི་གཟར་གྱི་འབབ་ཆུ་བཞིན་སྣང་བ། །སེམས་གཅིག་པུར་ཐག་ཆོད་སྙིང་གཏམ་ཡིན། །རྗེས་ཡེངས་མེད་དྲན་འཛིན་ལ་གོམས་མཐུས། །ཉམས་བདེ་གསལ་མི་རྟོག་མངོན་གྱུར་ཏེ། །ཉམས་གཞི་གནས་མི་གཡོ་རྒྱ་མཚོ་ལྟར། །དོན་གནས་ལུགས་ཡེངས་མེད་སྙིང་གཏམ་ཡིན། །ཞི་གནས་ཀྱི་ཉམས་ལ་ཆེར་གོམས་མཐུས། །ཆགས་ཞེན་མེད་ཉམས་སུ་བླངས་སྟོབས་ཀྱིས། །ཚོམ་བྲལ་གྱི་ངེས་ཤེས་འཁྲུངས་བཞིན་ཏུ། །དོན་ལྷག་མཐོང་རང་ཞལ་མཇལ་བ་ནི། །སྤྲང་བླུན་པོ་བདག་གི་སྙིང་གཏམ་ཡིན། །ཞི་ལྷག་གི་ཉམས་རྟོགས་ཟུང་འཇུག་ཚེ། །གནས་དགའ་དང་འགྱུ་སྡུག་གཉིས་འཛིན་སྐྱོན། །དེ་དག་ཚེ་ཡེངས་མེད་མཉམ་བརྟེན་དང་། །ཡང་ཆེར་བརྟན་རྩེ་གཅིག་གསུམ་བསྒོམ་པ། །སྤྲང་བླུན་པོ་བདག་གི་སྙིང་གཏམ་ཡིན། །དོན་ཡེངས་མེད་དྲན་པ་ལ་གོམས་མཐུས། །གནད་དྲན་རིག་འདྲེས་པའི་སྤྲོས་བྲལ་མཁའ། །འཕགས་རྟོགས་ཀྱི་མཐོང་སྒོམ་རང་རིག་ཞལ། །དེ་མཇལ་ནས་གོང་འཕེལ་ཐབས་བརྩོན་པ། །སྤྲང་བླུན་པོ་བདག་གི་སྙིང་གཏམ་ཡིན། །རྐྱེན་མི་ཐུབ་སྒོམ་པ་ཉོན་རེ་མོངས། །རྒྱུད་མི་ཐུལ་ང་འོ་སྙིང་རེ་རྗེ། །སྐྱིད་མི་འོང་སྡུག་བཙིར་ཉམས་རེ་ཐག།བག་མི་འདུག་ཆོས་གཟུགས་ཟུང་རེ་ཟད། །རང་རྒྱུད་དེ་འདུལ་དགོས་སྙིང་གཏམ་ཡིན། །མཉམ་རྗེས་ལ་ཤན་འབྱེད་མི་ཤེས་ཚོས། །ཅི་བྱས་ཀྱང་ངང་སྐྱོང་དེས་ཆོག་ཟེར། །མཉམ་བཞག་གི་དགོས་ཆུང་བྱེད་ན་ཡང་། །ཉོན་ཤེས་ཀྱི་སྒྲིབ་གཡོགས་མ་བྲལ་བར། །མཉམ་བཞག་ལ་རེམ་དགོས་སྙིང་གཏམ་ཡིན། །ཐུབ་དབང་གིས་ནཻ་རཉྫ་ནའི་འགྲམ། །ལོ་དྲུག་ལ་མཉམ་བཞག་མཛད་པ་དང་། །དགའ་རབ་དང་ཤྲཱི་སེང་པད་འབྱུང་སོགས། །རྗེ་གོང་མ་རྣམས་ཀྱང་ངེས་མེད་རིར། །ཐུགས་འོད་གསལ་གྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ། །མཉམ་བཞག་ལ་ཚེ་གཅིག་བཞུགས་དགོས་ན། །འུ་ཅག་ལ་ཨ་རེ་སྨོས་ཅི་དགོས། །མཉམ་བཞག་གིས་ཉམས་མྱོང་མཐའ་རུ་སྐྱོལ། །རྗེས་ཐོབ་ཀྱིས་ཉམས་ཚད་མི་རྫོགས་སྐྱོན། །མཉམ་བཞག་གིས་སྒྲིབ་གཉིས་དྲི་མ་བྲལ། །རྗེས་ཐོབ་ཀྱི་ཡར་སྐྱེད་མི་འོང་སྐྱོན། །མཉམ་རྗེས་གཉིས་ཟུང་འཇུག་རྣལ་འབྱོར་ལམ། །སྙིང་གཏམ་གྱི་ཀུ་ཀུའི་ལྷང་ལྷང་སྐད། །མཁོས་ཆུང་མོད་རང་གི་རྒྱུད་ལ་ལྟོས། །སྤྲང་སྨྱོན་པ་བདུད་འཇོམས་རྡོ་རྗེས་སྨྲས། །། །