TTDL-ZABTER-18-TSHA-012
TTDL-ZABTER-18-TSHA-012
དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་དཔལ། །རིག་འཛིན་རྒྱལ་པོ་པདྨ་ཀ་རས་སྐྱོངས། །འདི་ལྟར་སྣང་བའི་འདོད་ཡོན་སྣོད་དང་བཅུད། །མིང་ཚུལ་དངོས་མཚན་སྤྲོས་མཐའ་ཀུན་ལས་འདས། །འདི་ཕྱི་རྨི་ལམ་སྣང་བའི་ཆོས་སོ་ཅོག།མ་བརྟག་པ་ན་རྟག་བརྟན་དངོས་མཚན་ཅན། །སོར་རྟོག་ཤེས་རིག་རྣོན་པོས་བརྟག་དཔྱད་ན། །བྱུང་གནས་འགྲོ་གསུམ་གཞི་རྩ་ཀུན་གྱི་སྟེང་། །མེད་བཞིན་འཁྲུལ་པའི་སྣང་བ་རྫུན་པོ་ཆེ། །ཆོས་དབྱིངས་ཀུན་ནས་ཟླུམ་པའི་དབྱིངས་ཆེན་པོ། །མངོན་གྱུར་མཐའ་གྲོལ་རིག་སྟོང་བརྗོད་ལས་འདས། །དེ་ཡང་སྤྲོས་བྲལ་རྣམ་ཐར་སྒོ་གསུམ་ལྡན། །འཁོར་བའི་མངོན་ཞེན་ལྡོག་ཕྱིར་ལྷུན་གྲུབ་མདངས། །གདངས་སུ་ལམ་བྱེད་ཤེས་རབ་དབྱིངས་གྱུར་ཕྱིར། །ཐབས་ཀྱི་འཇུག་སྒོ་དུ་མར་བཅོས་པ་ཀུན། །ཡེ་ཤེས་གཅིག་ལས་ཐ་དད་མ་གྲུབ་པའི། །ཚུལ་མཐོང་ངེས་པའི་དོན་ལ་ཡང་དག་འདྲིས། །ཀུན་ཁྱབ་ཡེ་ཤེས་བདེ་གཤེགས་སྙིང་པོའི་ཞལ། །མངོན་གྱུར་ནམ་མཁའ་རྣམ་པར་དག་པའི་དབྱིངས། །ཆོས་རྣམས་ཀུན་གྱི་ཆིངས་ན་བླ་ན་མེད། །ཤེས་བྱའི་ཡུལ་ལས་འདས་པའི་རྫོགས་པ་ཆེ། །ཐེག་ཀུན་འབྲས་བུར་གྱུར་པའི་དེ་ཀར་ཞོག།དེ་ལྟར་ཁྲེགས་ཆོད་ལྟ་སྒོམ་སྤྱོད་པའི་གནད། །གཅིག་ཏུ་བསྣུན་པ་གཞིར་བཞག་ཨ་ཏི་ཡིས། །ཤིན་ཏུ་ཉེ་ཞིང་མྱུར་བའི་ལམ་མཆོག་ནི། །ཐོད་རྒལ་གདམས་པའི་འཕོ་བ་ཆེན་པོར་བསྐྱལ། །ཤེས་པ་དང་པོ་འཁོར་བའི་སྣང་བཞི་རུ། །མཆེད་དེ་མཐའ་མེད་འཁྲུལ་པར་མངོན་ཞེན་པ། །བཙན་ཐབས་གཞིག་པའི་ཚུལ་ཏེ་ཅིའི་ཕྱིར་ན། །ཤེས་པ་དང་པོ་དྭངས་མའི་འོད་དུ་མཆེད། །ལུས་ཀྱི་དྭངས་མ་ཙིཏྟ་རིན་པོ་ཆེ། །རྩ་ཡི་དྭངས་མ་ཀ་ཏི་ཤེལ་གྱི་སྦུབས། །སྒོ་ཡི་དྭངས་མ་རྒྱང་ཞགས་ཆུའི་སྒྲོན་མ། །སྣོད་ཀྱི་སྒྲོན་མ་རྣམ་པ་གསུམ་དུ་གྲགས། །འབྱུང་ཆེན་ལྔ་ཡི་དྭངས་མ་དག་དབྱིངས་དང་། །འབྱུང་ཕྲན་དྭངས་མ་ཐིག་ལེ་སྟོང་སྒྲོན་མ། །སེམས་ཀྱི་དྭངས་མ་ཤེས་རིག་རྒྱལ་པོ་བཅས། །བཅུད་ཀྱི་སྒྲོན་མ་རྣམ་པ་གསུམ་དུ་གྲགས། །གནས་ལུགས་གཞི་ཡི་སྒྲོན་མ་རྣམ་དྲུག་ཡིན། །རྣལ་འབྱོར་ལམ་གྱི་སྒྲོན་མ་རྣམ་པ་བཞི། །ཙཀྵུ་སྣོད་དང་དབྱིངས་ཐིག་རིག་པ་བཅུད། །གཅིག་དྲིལ་མངོན་སུམ་ཤེས་རབ་མིག་གིས་མཐོང་། །དང་པོ་བརྟན་ཐོབ་དེ་ཡི་ཉམས་རྟོགས་ལེགས། །དང་པོ་ལུས་ཀྱི་རླུང་ལྔ་ཡེ་ཤེས་ཀྱི། །རླུང་ལྔའི་དབྱིངས་སུ་འཇིག་པའི་དུས་བྱུང་ཚེ། །སྒོ་གསུམ་བདེ་སྡུག་གར་གྱི་རྣམ་འགྱུར་ངོམས། །ན་ཚ་ཟུག་རྔུ་མ་ངེས་སྣ་ཚོགས་པ། །འདུ་བ་རྣམ་པ་བཞི་ཡི་ཡོ་ལངས་གཡོ། །བཟང་ངན་ལྟས་མཚན་མཐོང་ཆོས་མངོན་གྱུར་དུ། །སྣང་ཡང་བདེན་མེད་ཉམས་ཀྱི་ངང་ཚུལ་དུ། །བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བརྡལ་ན། །གོལ་ཤོར་ནོར་བའི་འཕྲང་ལས་རྣམ་པར་གྲོལ། །ཟླ་བ་བཅུ་བཞིར་བཟོད་མེད་ན་ཚ་དང་། །ཡང་ཡང་ཆལ་ཆོལ་བྱ་སྤྱོད་མང་འབྱུང་ཡང་། །མི་མེད་ལུང་པར་གེགས་སེལ་བོགས་འདོན་ཕྱིར། །སྨྱོན་པ་བཞིན་དུ་སྒོ་གསུམ་བྱུང་རྒྱལ་བཏང་། །དེ་ནས་ལྟ་སྤྱོད་མི་དང་མ་མཐུན་ཡང་། །རང་ངོར་བཟོད་མེད་སྡུག་བསྔལ་ཆེར་མི་འབྱུང་། །བདུད་བཞིའི་གྲོང་ཁྱེར་སྤྲུག་པའི་བྱེད་ལས་ཀྱིས། །ཕྱི་ནང་ཀུན་ཏུ་ཐོགས་བཅས་ཐོགས་མེད་གཉིས། །དགྲ་རུ་ལྡང་ནས་གཤེ་སྐུར་ལོག་ལྟ་འབྱུང་། །དེ་ལ་སྣང་སྲིད་སྒྱུ་མ་རྨི་ལམ་དུ། །ཤེས་ནས་རེ་དང་དོགས་པ་ཐམས་ཅད་སྤངས། །ཞལ་གཟིགས་ལུང་བསྟན་དག་སྣང་གང་བྱུང་ཡང་། །སྒྱུ་མ་སྨིག་རྒྱུ་ལྟ་བུར་བདེན་མེད་ཀྱི། །ངང་ཤེས་པ་ནི་ཡང་དག་ལམ་མཆོག་ཡིན། །ཕྱི་ནང་གཉིས་ཀྱི་རྟགས་མཚན་མི་འཛོལ་བར། །སྣང་བ་བཞི་ཡི་རང་ཚུལ་ཤེས་པར་མཛོད། །ཨ་ཧོ།སེམས་མེད་ཀྱི་རྣལ་འབྱོར་ནམ་མཁའ་ཡི་ལུས་ཅན། །གྲོལ་བྱ་དང་གྲོལ་བྱེད་གཉིས་མེད་ཀྱི་དབྱིངས་སུ། །ཡེ་གྲོལ་གྱི་རྒྱལ་པོ་ཁྲི་ཁ་རུ་ཕེབས་བྱུང་། །ཤེས་རབ་ཀྱི་མིག་ཡངས་དབྱིངས་ཆེན་ལ་བརྡལ་ཚེ། །འཁོར་འདས་ཀྱི་སྒྱུ་འཕྲུལ་སྒྱུ་མ་རུ་ཧར་སངས། །སྣོད་བཅུད་ཀུན་ང་ཡི་ཀློང་ཡངས་སུ་ཨེ་རི། །ཆོས་ཉིད་ཀྱི་ཀློང་མཛོད་རང་མལ་དུ་བརྡོལ་ཚེ། །ཆོས་ཀུན་གྱི་ཆིངས་ཆེན་ཀུན་བཟང་ལ་ཡན་སོང་། །ས་ལམ་ལ་སྦྱང་བགྲོད་ཡུལ་བདག་ནི་མེད་དོ། །ཀ་དག་གི་རིག་སྟོང་སངས་རྒྱས་སུ་མངོན་གྱུར། །འགྲོ་དོན་ནི་ལུས་ངག་གཉིས་ཀ་ཡིས་མི་འབྱུང་། །འཁོར་འདས་ཀུན་མཉམ་གྲོལ་ཡེ་ཤེས་ལ་ཕེབས་ཤོག།བསྐལ་མང་དུ་ལས་མཐའ་ཇི་འགྱུར་ཡང་མི་ཤེས། །ཚེ་གཅིག་ཏུ་འཇའ་ལུས་འཕོ་ཆེན་ཞིག་བསྒྲུབ་མཛོད། །མི་རྒན་གྱི་འོལ་ཚོད་ལྟ་སྒོམ་དུ་རློམ་པའི། །གླུ་ཆུང་འདི་དགེ་རྩ་ལེགས་པོ་འདྲ་མཆིས་ན། །ཡུལ་མེད་ཀྱི་ཟང་ཐལ་ཡངས་པ་རུ་བསྔོའོ། །ཞེས་པ་འདི་ཡང་ཝ་ཤུལ་བླ་མ་རིག་འཛིན་རྒྱ་མཚོས་བསྐུལ་ངོར་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་ཀྱིས་སྨྱོ་གླུ་བླངས་པའོ། །དགེའོ། །། །