TTDL-ZABTER-18-TSHA-028
TTDL-ZABTER-18-TSHA-028
དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་སྐྱོངས་། །བདག་བློ་སྣ་དམ་པའི་ཆོས་ལ་བསྒྱུར། །ཁྱོད་ངེས་པར་ཆོས་ཤིག་བསྒྲུབ་འདོད་ན། །ཚེ་འདི་སྣང་རྨི་ལམ་གནས་སྐབས་ཙམ། །དེར་རྟག་འཛིན་ཆོད་དང་ལྷ་ཆོས་བསྒྲུབ། །ནོར་ལོངས་སྤྱོད་སྒྱུ་མའི་དགའ་སྟོན་འདྲ། །དེར་འཛིན་ཞེན་ཆོད་ལ་ལྷ་ཆོས་བསྒྲུབ། །ལས་སོ་ནམ་བྱིས་པའི་རྩེད་མོ་འདྲ། །དེར་ཞེན་པ་ཆོད་ལ་ལྷ་ཆོས་བསྒྲུབ། །བདེ་སྐྱིད་པ་འཇའ་ཚོན་དེད་པ་འདྲ། །དོན་འབྱུང་དུས་མེད་དོ་ལྷ་ཆོས་བསྒྲུབ། །གྲོགས་བཟའ་མི་སྒྱུ་མའི་སྐྱེས་བུ་འདྲ། །དེར་ཞེན་ཆགས་ཆོད་ལ་ལྷ་ཆོས་བསྒྲུབ། །ཚེ་འདི་ཡི་ཁེ་དྲག་ལོ་འདོད་ཀུན། །དོན་འབྱུང་དུས་མེད་དོ་ལྷ་ཆོས་བསྒྲུབ། །དགྲ་འདུལ་དང་གཉེན་སྐྱོང་བྱ་བ་ཀུན། །བསྒྲུབ་བསྒྲུབ་ཀྱི་ཐ་མ་འགྲུབ་ནའང་། །དྲིན་སུས་ཀྱང་མི་དྲན་རང་སྡུག་རྒྱུ། །དེ་སོམས་ལ་དམ་པའི་ལྷ་ཆོས་མཛོད། །ཚེ་འཁོར་བ་ཐོག་མ་མེད་དུས་ནས། །སྐྱིད་འདོད་དང་བདེ་འདོད་བྲལ་མ་མྱོང་། །རྒྱུ་ལག་ལེན་འདེབས་པའི་ཐབས་ལ་རྨོངས། །ལས་ཅི་བྱས་འཁོར་བའི་རྒྱུ་རུ་སོང་། །དུས་དེང་སང་རང་དབང་ཡོད་དུས་འདིར། །ཆོས་རྣམ་དག་ཞིག་ལ་རེམ་མཛོད་ཅིག།དོན་ཁ་བཤད་ཙམ་ཞིག་མ་ཡིན་པའི། །ཕོ་རང་རྒྱུད་རང་གིས་འདུལ་བ་ལ། །ཆོས་བློ་ལྡོག་རྣམ་བཞིའི་ཚུལ་ལ་སོམས། །བློ་རིང་པོའི་སྣ་ཁ་བསྟུང་མཛོད་ལ། །དུས་མྱུར་དུ་བློ་སྣ་ཆོས་ལ་དྲིལ། །ཨེ་ཨེ།སྣོད་བཅུད་དང་འདོད་ཡོན་སྣང་བ། །ཅང་མེད་ཀྱི་ནམ་མཁར་ཧར་སངས། །ནམ་མཁའ་དང་སེམས་ཉིད་དབྱེར་མེད། །མངོན་གྱུར་གྱི་རིག་པ་ཆོས་སྐུ། །མ་བསྒོམས་ཀྱང་རང་སར་གྲོལ་འོང་། །མ་དག་པའི་སྣང་སེམས་འཁོར་བ། །དག་དབྱིངས་ཉིད་དྭངས་མར་འཕོས་ནས། །འོད་གསལ་གྱི་ཀློང་མཛོད་བརྡོལ་བྱུང་། །ཀློང་ཆེན་གྱི་གཏེར་མཛོད་ཆེན་པོར། །བྱར་མེད་དུ་སྤྱོད་པར་ནུས་ན། །ཚེ་འདི་རུ་མངོན་འཚང་རྒྱ་བར། །ཐག་མི་རིང་མྱུར་ལམ་ཐོབ་ཡོང་། །ཁྱོད་ཚེ་གཅིག་སངས་རྒྱས་འདོད་ན། །དོན་དེ་ཉིད་ཉམས་སུ་ལོངས་ཤིག།ངས་ཞལ་གདམས་འཆད་ཀྱང་མི་ཤེས། །ཁྱོད་བསྐུལ་ངོ་མ་ལྡོག་ཙམ་དུ། །མི་རྒན་པོས་འཆོལ་གཏམ་དེ་ཡིན། །ཅེས་བདུད་འཇོམས་པས་སོ། །། །