TTDL-ZABTER-18-TSHA-032

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-032

དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་བདག་སྐྱོངས་ཤིག།སྔོན་གྱི་སྨོན་ལམ་ལས་བཟང་སྟོབས་འཛོམ་མཐུས། །ད་ལྟ་མཐོ་རིས་མི་ཡི་ལུས་རྟེན་ཐོབ། །མི་ལུས་ནང་ནས་དལ་འབྱོར་དཀོན་བཞིན་རྙེད། །མི་ཚེའི་སྟོད་ཆ་ཟད་པའི་ཚུལ་ལ་ལྟོས། །ཚེ་མཇུག་ཆོས་ལ་དྲིལ་མཛོད་རིགས་ཀྱི་བུ། །ཚེ་འདི་མི་རྟག་རྨི་ལམ་གནས་སྐབས་ཙམ། །གསོག་འཇོག་ཟས་ནོར་སྤྱོད་པའི་ལོངས་མེད་ཅིང་། །རང་རེ་གཅིག་པུར་ཕྱི་མར་འགྲོ་བའི་ཚེ། །སྟོང་གསུམ་ནོར་ཙམ་ཡོད་ཀྱང་ཅི་ཞིག་བྱ། །ཤུལ་མི་གྲོགས་ཀྱིས་སྤྱོད་ཀྱང་ཅི་ཞིག་ཕན། །མི་དེའི་དྲིན་ལན་ཙམ་ཞིག་དྲན་དུས་མེད། །དེ་དོན་སོམས་ལ་སྒོམ་སྒྲུབ་ཞིག་ལ་རེམ། །ཚེ་དང་སྒྲུབ་པ་མཉམ་པ་ཞིག་བྱུང་ན། །འཆི་ཁ་འགྱོད་པ་མི་འབྱུང་བློ་རེ་བདེ། །འཛམ་གླིང་མངའ་དབང་བསྒྱུར་བའི་ལས་གྲུབ་ཀྱང་། །འཆི་ཁ་སྙིང་འགས་ཙམ་གྱི་འགྱོད་སེམས་ཀྱིས། །ཤི་མིག་གསོན་ལ་ལྟ་ཞིང་མངའ་ཐང་དཀོར། །བློ་ཡིས་མི་ཐོང་བཞིན་དུ་ཕ་རོལ་འགྲོ། །དེ་ཚུལ་མ་བརྗེད་སེམས་ལ་རྟག་ཏུ་ཞོག།རང་དོན་ངེས་པར་འགྲུབ་པ་ཞིག་འདོད་ན། །ཐེག་པའི་ཆོས་ཀྱི་རྣམ་གྲངས་མང་ན་ཡང་། །ལྟ་སྒོམ་སྤྱོད་དང་གཞི་ལམ་འབྲས་བུའི་ཆོས། །ཚུལ་བཞིན་རྟོགས་ནས་ཉམས་སུ་བླང་བྱས་ན། །ཚེ་གཅིག་རྣམ་པར་གྲོལ་བའི་འབྲས་བུ་ཐོབ། །དེ་དོན་སོ་སོར་རྟོག་པའི་ཤེས་རབ་ཀྱིས། །སྣང་སྲིད་འདོད་ཡོན་འཁོར་འདས་ཆོས་སོ་ཅོག།གཏན་ལ་དབབ་ནས་བདག་མེད་ཆེན་པོར་གཞུག།འདི་ནི་ཡང་དག་ལྟ་བའི་རྒྱལ་པོ་ལགས། །འཁོར་འདས་སྟོང་ཆེན་ནམ་མཁའ་རྣམ་དག་དབྱིངས། །བློ་ཡིད་ལས་འདས་མངོན་སུམ་མངོན་གྱུར་དུ། །རང་དབང་བབ་ཀྱི་ཐོབ་པ་སྒོམ་པ་ལགས། །བྱར་མེད་བྱ་བ་དགུ་ཕྲུགས་ཆམ་གྱིས་བཏང་། །སྒོ་གསུམ་མ་བཅོས་ཆེན་པོར་ཡན་པ་ནི། །སྤྱོད་པ་བླ་ན་མེད་པ་དེ་ཀའོ། །འཁོར་འདས་དག་མཉམ་ཀ་དག་གདོད་མའི་གཞིའི། །གནས་ལུགས་ཡིན་ལུགས་ཤེས་པ་རྟོགས་པའི་མཆོག།མངོན་གྱུར་བཅོས་བསྒྱུར་སྤང་ལེན་མེད་པ་ཡིས། །ལམ་གྱི་ལམ་མཆོག་བླ་ན་མེད་པའི་ལམ། །འབྲས་བུ་རང་ཐོག་རང་གྲོལ་རང་དབང་བསྒྱུར། །ཡེ་ཡིན་ངང་དུ་རང་གྲོལ་ཆེན་པོ་ལས། །ཐོབ་ལེན་མེད་པ་ཆོས་སྐུའི་རྒྱལ་སྲིད་དོ། །མངོན་སངས་རྒྱས་པའི་དབྱིངས་སུ་བཞུད་མཛོད་ཅིག།ཅེས་རྣལ་འབྱོར་ཚུལ་ཁྲིམས་པའི་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པའོ། །། །