TTDL-ZABTER-18-TSHA-033
TTDL-ZABTER-18-TSHA-033
རབ་གསལ་ལ་གདམས་པའི་གླུ་དབྱངས་རྡོ་རྗེའི་ཕྲེང་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀ་ར་ཡེ།རྗེ་དུས་གསུམ་སངས་རྒྱས་འདུས་པའི་ཞལ། །ཕ་བླ་མ་མཚོ་སྐྱེས་རྡོ་རྗེས་སྐྱོངས། །སྔོན་སྨོན་ལམ་ལས་ཀྱིས་འབྲེལ་བའི་བུ། །ང་རྒན་པོའི་ངག་ལ་ཉན་གྱུར་ན། །མི་ཁྱོད་ལ་བརྩེ་བའི་ཁ་ཆེམ་གདམས། །ཚེ་མི་རྟག་རྨི་ལམ་གནས་སྐབས་ཙམ། །ཡུལ་མི་རྟག་སྒྱུ་མའི་འཁྲུལ་འཁོར་འདྲ། །གྲོགས་མི་རྟག་ཚོང་དུས་ཚོགས་པ་འདྲ། །བློ་རིང་པོའི་ལས་ཀ་བསྟུང་བ་གལ། །སྔོན་བསྐལ་པ་མང་པོའི་གོང་རོལ་དུ། །ཚོགས་བསགས་ཤིང་སྨོན་ལམ་རྣམ་དག་མཐུས། །དུས་ད་རེས་དལ་འབྱོར་མི་ལུས་ཐོབ། །ལར་མི་ལུས་ཐོབ་པ་མང་ལགས་ཀྱང་། །ལམ་ཆོས་དང་འཕྲད་པ་ཤིན་ཏུ་དཀོན། །ཆོས་ལམ་ལ་ཞུགས་ཙམ་མང་ལགས་ཀྱང་། །ལམ་ཐེག་པ་ཆེན་པོར་འཕྲད་པ་དཀོན། །ཐབས་མང་པོའི་སྒོ་དང་འཕྲད་སྲིད་ཀྱང་། །ཆོས་རྫོགས་པ་ཆེན་པོར་འཕྲད་པ་དཀོན། །དུས་དེང་སང་ལས་དང་སྐལ་ལྡན་པས། །ཆོས་ཡང་གསང་རྫོགས་པ་ཆེན་པོར་འཕྲད། །ཕྱི་སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །དོན་ཡུལ་མེད་ཟང་ཐལ་ཆེན་པོར་སྟོང་། །སྟོང་ཆེན་པོ་གཞི་ཡི་ཆོས་སྐུ་ལགས། །དེ་གཉིས་མེད་རོལ་པར་ངེས་རྟོགས་ན། །དོན་ལྟ་བ་ངོ་མ་དེ་ཀ་ཡིན། །ཡེ་རང་བྱུང་ཤེས་རབ་ཆེན་པོ་དེ། །རང་ངོ་འཕྲོད་མངོན་དུ་གྱུར་པ་ལས། །ཚུལ་སྒོམ་སྒྲུབ་མེད་པའི་ངང་ཆེན་པོ། །སྒོམ་མེད་པའི་སྒོམ་པ་བླ་ན་མེད། །ལས་མི་དགེ་སྡིག་པའི་སྒོ་སྡོམ་ཞིང་། །དོན་མཉམ་བཞག་རྗེས་ཐོབ་ངང་སྐྱོང་བ། །ཚུལ་རྣལ་འབྱོར་བརྟུལ་ཞུགས་ཆེན་པོ་ཡིན། །དེ་རླབས་ཆེན་སྤྱོད་པ་བླ་ན་མེད། །ཨ་ཧོ། །འཁོར་འདས་སྟོང་ཆེན་ནམ་མཁའ་ཆེ། །བརྡལ་ཁྱབ་དབུས་མཐའ་བྲལ་བའི་དབྱིངས། །ཡེ་ཡིན་ངང་མཐོང་མ་བྱས་པ། །ལྟ་བ་ནམ་མཁའ་ཀློང་ཡངས་ཡིན། །སྒོམ་སྒྲུབ་བཅོས་བསྒྱུར་མེད་པ་ཡི། །ཤེས་རབ་ཡེ་ཤེས་མིག་ཡངས་པོས། །ཁ་གཏིང་མེད་པ་གཞིའི་རྒྱ་མཚོ། །རང་བྱུང་རང་བབ་ཆེན་པོར་ཡན། །སྒོམ་པ་རྒྱ་མཚོ་འཁྱིལ་བ་ཡིན། །སྤྱོད་པ་མི་འགྱུར་རང་བབ་གནས། །མ་བཅོས་གསུམ་གྱི་ངང་གནས་ཤིང་། །སྟག་སེང་ལྟ་བུ་ངེས་མེད་རྒྱུ། །སྤྱོད་པ་རི་རྒྱལ་བརྟན་པོ་ཡིན། །མདོར་ན་དུས་དང་རྣམ་པ་ཀུན། །ལྟ་སྒོམ་སྤྱོད་པ་གཅིག་དྲིལ་གྱི། །གནད་འདི་མ་དོར་སྙིང་གཏམ་ཡིན། །རབ་གསལ་རིག་སྟོང་མངོན་གྱུར་ན། །རབ་དགའི་ས་ནས་སྦྱངས་དཀར་བརྒལ། །རབ་དབེན་མི་གཡོའི་ས་རུ་ཕེབས། །རབ་ཡངས་བློ་འདས་ཆེན་པོར་འབྱམས། །རབ་རྫོགས་གཞོན་དུ་བུམ་སྐུར་གྲོལ། །ཅེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་བྲིས་པས་དགེ་བའི་མཐུས་རབ་གསལ་ཡེ་ཤེས་དེ་སྐུ་བཞི་དབྱེར་མེད་པའི་ངང་དུ་འཚང་རྒྱ་བར་གྱུར་ཅིག།དགེའོ། །། །