TTDL-ZABTER-18-TSHA-038
TTDL-ZABTER-18-TSHA-038
དུས་གསུམ་སངས་རྒྱས་འདུས་པའི་དཔལ། །རིག་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་མཁྱེན། །བདག་ཅག་འཁོར་བཅས་རྗེས་སུ་ཟུངས་། །གསང་བའི་བདག་པོའི་ཐུགས་བསྐྱེད་མཐུས། །འགྲོ་དོན་ལྷུར་ལེན་རྣལ་འབྱོར་ཁྱོད། །ཐུགས་བསྐྱེད་སྨོན་ལམ་རྣམ་དག་གིས། །གང་འདུལ་འགྲོ་བའི་དོན་ཆེན་བསྒྲུབ། །ཞུམ་པ་མེད་པའི་དཔའ་སེམས་དང་། །རྟག་ཏུ་འབྲལ་བར་མ་གྱུར་ན། །བར་ཆད་གཡུལ་ལས་རྒྱལ་བ་ཐོབ། །དཀའ་སྤྱད་བསམ་དོན་འགྲུབ་པའི་རྗེས། །ངེས་དོན་ཟབ་མོ་ལྷུར་ལེན་གལ། །འཁོར་འདས་བྱེད་པོ་སེམས་ཡིན་ཕྱིར། །ཤེས་རབ་ཟབ་མོ་ཆོས་ཀྱི་བཅུད། །འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །ཐུགས་ཀྱི་ཡང་སྙིང་དམ་པ་ཡིན། །དེ་དོན་དགོངས་པར་ཀློང་ཆུབ་མཛོད། །དུས་དང་རྣམ་པ་ཐམས་ཅད་དུ། །བླ་མ་སྤྱི་བོའི་གཙུག་ཏུ་བསྟེན། །ཡི་དམ་ལྷ་ཡི་ང་རྒྱལ་བཟུང་། །ཆོས་སྐྱོང་དམ་ཅན་གསོལ་མཆོད་མཛོད། །དགེ་ཚོགས་འགྲོ་བའི་དོན་དུ་དམིགས། །བཟང་ངན་ཡུལ་ལ་ཆགས་ཞེན་སྤངས། །བསྙེན་བཀུར་བདུད་ཀྱི་བསླུ་བ་ཡིན། །ཆོས་བརྒྱད་བདུད་ཀྱི་ཇག་པ་ཡིན། །བཟང་རྐྱེན་དཀར་པོ་ལྷ་བདུད་ཡིན། །ངན་རྐྱེན་ཉོན་བདུད་ནག་པོ་ཡིན། །ཀུན་ལ་རེ་དང་དོགས་པ་སྤངས། །རང་རྒྱུད་ཆོས་དང་མཐུན་གྱུར་ན། །སངས་རྒྱས་བསྟན་པ་དེ་ལ་ཟེར། །ཆོས་མིན་ལོག་ལྟས་རྒྱུད་གང་ན། །དེ་ལ་ཆོས་ཀྱི་སྐལ་བ་ཆད། །མི་ཚེ་དགོང་ཁའི་ཉི་ཞུར་ལ། །རྟག་འཛིན་གཏན་སྲིད་ཡིན་མ་སེམས། །ནོར་རྫས་རྨི་ལམ་སྣང་ཉམས་ལ། །བདེན་འཛིན་རེ་རློམ་མེད་པ་གལ། །ཆོས་བརྒྱད་སྒྱུ་མའི་ལྟད་མོ་ལ། །ཞེན་ཆགས་རེ་སེམས་མེད་པ་གལ། །ཐེག་ཀུན་ཡང་དག་ལམ་ཡིན་ཕྱིར། །ཆོས་ལ་བཟང་ངན་མ་བྱེད་ཅིག།མི་མངོན་སངས་རྒྱས་མཇལ་མིན་ཏེ། །སངས་རྒྱས་ལམ་སྟོན་བླ་མ་ཡིན། །བཀའ་དྲིན་དྲན་པ་གནད་དུ་ཆེ། །སྔོན་སྨོན་ལས་འབྲེལ་གྱིས་བསྡུས་པའི། །གྲོགས་ཀྱི་མཆོག་གྱུར་སྐལ་ལྡན་ལ། །མ་ནུས་སྤྲང་པོས་སྙིང་གཏམ་དུ། །བསྐུལ་བ་དོན་དང་ལྡན་ཕྱིར་སྨྲས། །དགེ་འདིས་འཁོར་བ་དོང་སྤྲུགས་ཤོག།དགེའོ། །། །