TTDL-ZABTER-18-TSHA-039

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-039

ཕྱི་ནང་གསང་བའི་དཀོན་མཆོག་གསུམ། །བཀའ་སྲུང་དམ་ཅན་རྒྱ་མཚོ་ཡིས། །རྣལ་འབྱོར་ཐུགས་ཀྱི་བཞེད་དོན་ཀུན། །གེགས་མེད་སྒྲུབས་ཤིག་ས་མ་ཡ། །ཨཻ།གཞི་དབྱིངས་ཁྱབ་བརྡལ་ཀློང་ཆེན་གྱི་ཆོས་སྐུ། །སྤྲོས་བྲལ་རྣམ་ཐར་གསུམ་ལྡན་གྱི་ངང་གནས། །སྐུ་དང་ཡེ་ཤེས་རང་བྱུང་གི་བདག་ཉིད། །འཁོར་འདས་འུབ་ཆུབ་རོལ་པ་ཡི་དབྱིངས་ཆེན། །སུས་ཀྱང་མ་བཅོས་རང་བྱུང་གི་སངས་རྒྱས། །ད་ནི་གཟུང་འཛིན་ཡུལ་གོལ་ལ་མ་ཞེན། །ད་ལྟའི་ཤེས་པ་གཞི་དབྱིངས་སུ་བརྡལ་བའི། །རིག་པ་རང་བྱུང་སངས་རྒྱས་དང་མཇལ་ནས། །འཁྲུལ་བའི་བག་ཆགས་ཆོས་ཉིད་དུ་ཡལ་སོང་། །ད་ནི་ཡང་དག་ལམ་བཟང་ལ་འཇུག་འགྲོ། །ཧོ་ཧོ།ལྷན་སྐྱེས་ཡེ་ཤེས་ཆེན་པོ་རུ་སྤྱོད་པས། །འཁྲུལ་པའི་སྣང་ཆ་ཆོས་ཉིད་དུ་ཞིག་སྟེ། །གདོད་མའི་གཞི་དབྱིངས་མངོན་གྱུར་དུ་སད་འོང་། །འབྲས་བུ་གཞན་ནས་འབྱུང་སྙམ་ནི་མི་འདུག།ཨ་ཧོ།ངེས་པ་དོན་གྱི་རྣལ་འབྱོར་ཚོ་གསོན་དང་། །རང་རིག་ཡིད་བཞིན་ནོར་བུ་ལས་ལྷག་པས། །སུས་ཀྱང་སྦྱིན་ལེན་དཀའ་སྤྱད་ཀྱང་མི་དགོས། །ཡུལ་གྱི་སངས་རྒྱས་གཟུང་འཛིན་ཞིག་ཡིན་ན། །གཟུང་འཛིན་འཁྲུལ་པའི་གཞི་མ་དེས་ཅི་བྱ། །རང་རྩལ་རྫོགས་པའི་སངས་རྒྱས་ལ་སྤྱོད་དང་། །རིང་པོར་མི་ཐོགས་གཏན་བདེ་དེ་ལོས་ཐོབ། །ད་ནི་དུས་གསུམ་སངས་རྒྱས་ཀྱི་གཤེགས་ཤུལ། །ཀ་དག་གདོད་མའི་གཞི་དབྱིངས་ལ་མཆོང་ཤོག། །།