TTDL-ZABTER-18-TSHA-042

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-042

མགོན་དུས་གསུམ་རྒྱལ་བ་འདུས་པའི་ཞལ། །ཕ་མཚོ་སྐྱེས་རྡོ་རྗེའི་ཞབས་ལ་འདུད། །ངའི་བུ་སློབ་དད་ལྡན་རྗེས་སུ་ཟུངས། །སྲིད་འཁོར་བའི་འདམ་ལས་བསྐྱབ་ཏུ་གསོལ། །སྔོན་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ཁྱོད། །དེང་དལ་འབྱོར་མི་ལུས་ཐོབ་དུས་འདིར། །ཕ་བླ་མར་མོས་གུས་དྲག་པོ་དང་།མཆེད་ལྕམ་ལ་བརྩེ་ཞིང་གདུང་སེམས་དང་། །མ་འགྲོ་ཀུན་སྙིང་རྗེས་སྐྱོང་སེམས་དང་། །ཚེ་མི་རྟག་འཆི་བ་དྲན་པ་བཞི། །ཆོས་ཀུན་གྱི་རྩ་བ་ཡིན་པའི་ཕྱིར། །དེ་མ་བརྗེད་དྲན་པའི་ངང་ཚུགས་ཟུངས། །སྔོན་ཚོགས་སྨོན་ལམ་འབྲེལ་དུས་འཛོམ་མཐུས། །དུས་ད་རེས་མཚན་ལྡན་བླ་མར་མཇལ། །ལམ་ཟབ་མོ་རྡོ་རྗེའི་ཐེག་པར་འཕྲད། །ད་སྐབས་འདིར་གྲོལ་བ་མ་ཐོབ་ན། །ཕྱིས་ཡང་ཡང་མི་ལུས་ཐོབ་པར་དཀའ། །དེ་ཐོབ་ཀྱང་བླ་མར་འཕྲད་པ་དཀོན། །འཕྲད་སྲིད་ཀྱང་གསང་སྔགས་སྟོན་པ་མེད། །གནད་འདི་ནི་མ་བརྗེད་སྲོག་ཏུ་འཆོངས། །གནས་གང་དུ་སྡོད་ཀྱང་རྣམ་གཡེང་སྤོངས། །གྲོགས་སུ་དང་འགྲོགས་ཀྱང་ཆགས་ཞེན་ཆོད། །རྐྱེན་གང་དང་འཕྲད་ཀྱང་རང་ཚུགས་ཟུངས། །གནད་གང་ལ་ཐུག་ཀྱང་དམ་མ་ཉམས། །འདི་མ་བརྗེད་གནད་ཀྱི་དམ་པ་ཡིན། །ཚེ་སྟོད་ཆ་མདོ་མེད་སྟོང་པར་ཟད། །ད་ཚེ་མཇུག་སྤྲིན་བར་ཉི་ཞུར་ཙམ། །བློ་རིང་པོའི་སྣ་ཁ་བསྟུང་བྱས་ནས། །དུས་མྱུར་དུ་གཏན་བདེའི་ཐབས་ལ་རེམ། །རང་ཚོད་ལ་རང་གིས་མ་ཟིན་ན། །ཡུལ་གཞན་ནས་བསྐུལ་མ་བྱེད་མི་མེད། །རབ་ལོ་རེར་ཟླ་དྲུག་མཚམས་བསྒྲུབ་ན། །ཚེའི་ཕྱེད་ཆ་ཆོས་ལ་དྲིལ་བ་ཡིན། །འབྲིང་ཟླ་གསུམ་མཚམས་བསྒྲུབ་མ་ཆག་ན། །ཚེའི་བཞི་ཆ་ཆོས་ལ་དྲིལ་བ་ཡིན། །དེ་མིན་ཀྱང་ཟླ་རེར་མཚམས་བསྒྲུབ་རེམ། །གནད་དེ་དག་གང་དང་མི་ལྡན་ན། །ཚེ་འདི་ཕྱི་གཉིས་ཀྱི་སྐལ་ཆད་ཡིན། །སྐབས་གཉིས་དོན་བོར་བའི་མདོ་མེད་ཡིན། །ལས་དོན་གཉེར་མེད་པའི་སྨྱོན་པ་ཡིན། །ནོར་ལོངས་སྤྱོད་སྔོན་གྱི་བསོད་ནམས་ལས། །ཡིད་འདོད་སྲེད་ཆེ་ཡང་འབྱུང་དུས་མེད། །མི་རང་གིས་རང་དོན་མ་བསྒྲུབ་ན། །ཁྱིམ་བཟའ་མིའི་ཆུས་དོན་འགྲུབ་དུས་མེད། །ཚེ་འདི་རུ་བཟའ་ཚོད་རན་ཙམ་ལས། །ནོར་བསགས་ཀྱང་གཞན་གྱིས་ཧབ་ཐོབ་བྱེད། །རང་གཅིག་པུས་རྣམ་སྨིན་སྒོས་ཁུར་ཡིན། །དྲིན་མི་དྲན་རང་ལ་དཔེ་ལོངས་དང་། །ཕ་ཨ་ཕྱིས་མེས་པོའི་དྲིན་ལ་ལྟོས། །ཆོས་བསྒྲུབ་པའི་སྐབས་ལ་བབས་པའི་ཚེ། །ཟས་སྣ་དགུ་འཛོམ་དུས་མི་འོང་བའི།སྲོག་འཚོ་བ་ཙམ་ལ་བརྟེན་པ་གལ། །སྒོམ་སྒྲུབ་པ་ལྷུར་ལེན་བྱེད་པའི་དུས། །ཚིག་ལབ་ཡ་མེད་པ་མཆོག་ཏུ་གལ། །ལོ་དུས་ཀྱི་མཚམས་བསྒྲུབ་ཡུན་ཐུང་ལ། །ཡུལ་འདུ་འཛི་སྤངས་པ་གནད་དུ་ཤེས། །དཀོར་ཟོས་ཀྱང་ནོར་གྱིས་འཚེང་དུས་མེད། །རྙེད་ཆེ་ཡང་ཆོག་ཤེས་སྐྱེས་དུས་མེད། །སྔོན་རྙེད་བསགས་ཐམས་ཅད་རྨི་ལམ་བཞིན། །དེ་གར་སོང་ཙམ་ཡང་ངོ་མི་ཤེས། །ཕྱི་རྙེད་མང་བསགས་པ་ཡང་དེ་བཞིན། །སང་འཆི་བའི་དུས་ལ་བབས་པའི་ཚེ། །ཟས་ཁམ་གཅིག་སྤྱོད་རྒྱུ་མེད་ཀྱང་སྲིད། །ལས་དོན་མེད་དྲན་ཀྱང་འཕྱིས་པ་ཡིན། །སྤུན་ཚ་བོའི་དོན་ལ་དཀའ་སྤྱད་ཀྱང་། །དེ་མགུ་བ་ཙམ་ཡང་འགྲུབ་དུས་མེད། །གཉེན་སྤུན་ཟླ་བོར་ནས་འཆི་དུས་ཀྱང་། །བློས་མི་ཐོང་ད་དུང་ཕྱི་མིག་བལྟ། །སྐྱབས་སྐྱོལ་མ་དཔུང་གྲོགས་ལྟ་ཅི་དང་། །དྲིན་ལན་དུ་སྙིང་རྗེ་ཙམ་ཡང་མེད། །དེ་སོམས་ལ་རང་དོན་བསྒྲུབ་པ་གནད། །ཁྱོད་རྣམ་མཁྱེན་ལམ་སྣ་ཞིག་ཟིན་ན། །ཕ་བླ་མ་དམ་པའི་ཞབས་ཏོག་ཡིན། །ལུས་བསྐྱེད་པའི་ཕ་མའི་དྲིན་ལན་ཡིན། །མ་སེམས་ཅན་ཡོངས་ཀྱི་འགྲོ་དོན་ཡིན། །གྲོགས་སུ་མ་མགུ་ཡང་གནད་དེས་ཆོག།ཡུལ་རིང་མོར་བགྲོད་པའི་བློ་མང་སྤངས། །གནས་མཐུན་རྐྱེན་འཛོམ་པ་ཞིག་ལ་གྱིས། །མི་ཀུན་གྱི་འགྲོ་དོན་གྲུབ་མིན་གྱིས། །གཞན་ངོ་བསྲུང་བྱེད་པའི་བྱ་བ་སྤོངས། །ལུགས་གཉིས་པོ་དུས་གཅིག་འགྲུབ་པ་མིན། །ཆོས་ཟབ་མོ་ཞིག་ལ་བློ་ཕུག་གཏོད། །དཔལ་དུས་གསུམ་རྒྱལ་བའི་ཞལ་བསྡུར་ཀྱང་། །གནད་འདི་ལས་ཟབ་པའི་གདམས་ངག་མེད། །ཚིག་སྡེབ་སྦྱོར་མཛེས་ཆོས་མ་ཤེས་ཀྱང་། །ཆོས་བྱེད་པའི་བྱ་བ་འདི་ལ་བསྡུ། །འདི་ཉར་ཚགས་མ་བྱེད་སྔས་སུ་ཆུག།དུས་རྒྱུན་དུ་མ་བརྗེད་ཉམས་སུ་ལོངས། །ཨ་ཧོ།ཡང་དག་གི་ས་ལ་བགྲོད་འདོད་ཞིག་མཆིས་ན། །ཀ་དག་གི་ཡེ་གཞི་སྐྱོན་བྲལ་གྱི་སངས་རྒྱས། །རང་ངོ་རུ་འཕྲོད་ནས་རང་བབས་ཀྱི་ལམ་ཟབ། །རང་ཐོག་ཏུ་གདིང་ཐོབ་རང་གྲོལ་གྱི་འབྲས་བུ། །གཅིག་རྫོགས་ཀྱི་རོལ་པ་རྫོགས་ཆེན་གྱི་རྒྱལ་པོ། །འཁོར་འདས་ཀྱི་ངོ་བོ་ཡེ་སྟོང་གི་དྭངས་མ། །བདག་མེད་ཀྱི་ཤེས་རབ་རང་བཞིན་ཏེ་རང་གསལ། །ཕྱོགས་མེད་ཀྱི་ཐུགས་རྗེ་མཐའ་གྲོལ་དུ་དག་མཉམ། །གཅིག་དྲིལ་གྱི་བདག་ཉིད་རིག་སྟོང་གི་དབང་པོ། །བཅས་བཅོས་ཀྱང་མི་དགོས་རང་ས་རུ་ཞོག་དང་། །རྣམ་མཁྱེན་གྱི་ལམ་ལ་མི་རིང་བར་སླེབ་འོང་། །ལྷུན་གྲུབ་ཀྱི་ཡེ་གདངས་ལྷུམས་འཇུག་ཏུ་རོལ་པས། །སྙིགས་མ་ཡི་སྣང་ཆ་དྭངས་དབྱིངས་སུ་ཞིག་ནས། །འཕེལ་སྨིན་གྱི་རོལ་པས་སྣང་སེམས་ཀུན་དག་གྲོལ། །མཐར་ཐུག་ནི་ཆོས་སྐུ་རང་མལ་དུ་སངས་ཏེ། །ཡང་དག་གི་སངས་རྒྱས་འཕོ་ཆེན་དུ་འབྱམས་ཀླས། །དེ་ཙམ་ཞིག་ནུས་པར་ལ་ཐང་ཡང་ཅི་ཡོད། །མ་ནུས་པའི་རྒན་པོའི་རོ་ཉལ་ཞིག་བྱས་པས། །འོད་གསལ་གྱི་ཀློང་མཛོད་ཆེན་པོ་རང་བརྡོལ་ནས། །གདམས་ངག་ནི་ཡུལ་དང་དཔེ་ཧྲུལ་ལ་མ་ལྟོས། །སྣང་བ་ཀུན་གདམས་པའི་བང་མཛོད་དུ་ཐལ་ཐལ། །ལས་སྨོན་གྱིས་འབྲེལ་བའི་སྣོད་ལྡན་གྱི་བུ་སློབ། །རིག་འཛིན་གྱི་ཚོམ་བུ་ངེས་པ་ཞིག་རེད་ན། །ད་ལྟ་ནས་སྐྱིད་ཉལ་བྱེད་ཐུབ་འདྲ་མཆིས་ཚེ། །ཡུལ་གཞན་གྱི་བླ་མ་གདམས་ངག་ཀྱང་མི་དགོས། །ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་ནས། །ཤེས་རབ་དང་ཡེ་ཤེས་བླ་མ་དང་གདམས་པ། །ཟབ་ཆོས་འདིས་བསླུས་འོང་བསམ་པ་ནི་མི་འདུག།དོན་དེ་ཕྱིར་སྒོ་གསུམ་བདེ་ལུགས་སུ་ཉལ་མཛོད། །མ་ནུས་པའི་རྒན་པོའི་ཁ་ཆེམ་ནི་དེ་ཡིན། །ཁྱེད་རང་གིས་བསྐུལ་ངོར་མ་ལྡོག་པར་སྨྲས་སོ། །རྣམ་མཁྱེན་གྱི་རྒྱུ་རུ་སྨོན་ལམ་ཡང་བཏབ་ཡོད། །ཅེས་རང་སློབ་དམ་པ་ཚུལ་བཟང་གིས་ནན་དུ་བསྐུལ་ངོར་རྒན་པོ་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ། །བཀྲ་ཤིས་ཤོག། །།