TTDL-ZABTER-18-TSHA-043
TTDL-ZABTER-18-TSHA-043
ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་བདག་སྐྱོངས་ཤིག།སྨོན་ལམ་ལས་ཀྱི་འབྲེལ་བའི་སྐྱེས་བུ་ཁྱོད། །འདི་སྣང་ཚོང་དུས་གནས་སྐབས་ལྟ་བུ་རུ། །ཤེས་ནས་དབེན་པ་བསྟེན་དང་ཕོ་རབ་ཡིན། །ཚེ་འདིར་བྱ་བ་བྲ་བས་ཟས་གསོག་བཞིན། །ཤེས་ནས་བྱ་བ་ཐོང་དང་ཕོ་རབ་ཡིན། །འདོད་ཡོན་ལོངས་སྤྱོད་སྒྱུ་མའི་ལྟད་མོ་བཞིན། །ཤེས་ནས་ཆོག་ཤེས་བསྟེན་དང་ཕོ་རབ་ཡིན། །སོ་ནམ་ལས་ཀ་བྱིས་པའི་རྩེད་མོ་བཞིན། །ཤེས་ནས་བྱར་མེད་མཛོད་དང་ཕོ་རབ་ཡིན།སྙན་དང་གྲགས་པ་བྲག་ཆའི་སྒྲ་སྐད་བཞིན། །ཤེས་ནས་མངོན་ཞེན་ཆོད་དང་ཕོ་རབ་ཡིན། །ཆེ་བཙན་མངའ་ཐང་རྨི་ལམ་སྣང་བ་བཞིན།ཤེས་ནས་རེ་རློམ་ཆོད་དང་ཕོ་རབ་ཡིན། །འདུས་བྱས་ཆོས་ཀུན་སྒྱུ་མའི་དཔེ་བཅུ་ལྟར། །ཤེས་ནས་གཏན་བདེ་བསྒྲུབ་དང་ཕོ་རབ་ཡིན། །བརྩེ་གདུང་ཁ་ད་བདུད་ཀྱི་བསླུ་ཚིག་ཏུ། །ཤེས་ནས་རང་ཚོད་བཟུང་དང་ཕོ་རབ་ཡིན། །བྱ་བྱེད་མང་པོ་དུས་གཅིག་འགྲུབ་མིན་ཚུལ། །ཤེས་ནས་ལྷ་ཆོས་བསྒྲུབ་དང་ཕོ་རབ་ཡིན། །གཅེས་སྤྲས་གཉེན་གྲོགས་འཁོར་བའི་ལྕགས་སྒྲོག་ཏུ། །ཤེས་ནས་བློས་བཏང་ཐུབ་ན་ཕོ་རབ་ཡིན། །རང་རེ་འཇིག་རྟེན་ཕྱི་མར་འཁྱམས་པའི་དུས། །སྐྱབས་མགོན་མེད་ཚུལ་ཤེས་ན་ཕོ་རབ་ཡིན། །འཇིག་རྟེན་མི་ལ་ཕན་བཏགས་ཡུས་ཆེ་ཡང་། །དྲིན་ལན་གཟོ་མིན་ཤེས་ན་ཕོ་རབ་ཡིན། །ཚེ་གཅིག་སྒོ་གསུམ་དགེ་བ་ལ་དྲིལ་ནས། །འཆི་དུས་འགྱོད་མེད་བྱུང་ན་ཕོ་རབ་ཡིན། །དང་པོ་སྒོ་གསུམ་གཙོ་ལ་རབ་བརྟག་ནས། །ཀུན་བྱེད་རང་ཐོག་ཐག་ཆོད་ཕོ་རབ་ཡིན། །གཟུགས་དབྱིབས་ཁ་དོག་དངོས་པོ་རབ་བརྟག་ནས། །སྟོང་ཉིད་ངོ་བོ་མཐོང་ན་ཕོ་རབ་ཡིན། །བྱུང་གནས་འགྲོ་གསུམ་གཞི་རྩ་ལ་བརྟག་ནས། །ཡུལ་མེད་ཟང་ཐལ་མཐོང་ན་ཕོ་རབ་ཡིན། །འཁོར་བའི་རྩ་བ་ང་རུ་འཛིན་པའི་སེམས། །གཞི་མེད་རྩ་བྲལ་རྟོགས་ན་ཕོ་རབ་ཡིན། །སྣང་སྲིད་འཁོར་འདས་རྒྱ་མཚོའི་གཟའ་སྐར་བཞིན། །གཉིས་མེད་ངང་མཐོང་མངོན་གྱུར་ཕོ་རབ་ཡིན། །ས་ལམ་ཉམས་རྟོགས་འབྲས་བུའི་ཆོས་སོ་ཅོག།རིག་པ་གཅིག་རྫོགས་རྟོགས་ན་ཕོ་རབ་ཡིན། །འཁོར་བའི་སྣང་སེམས་ཤེས་པ་སྔ་ཕྱི་ཟུང་། །རྟོགས་ནས་མངོན་དུ་གྱུར་ན་ཕོ་རབ་ཡིན། །དབེན་པའི་རི་ནས་བྱ་བ་དགུ་ཕྲུགས་ཏེ། །རྩེ་གཅིག་རྩོལ་མེད་སྒྲུབ་བྱེད་ཕོ་རབ་ཡིན། །སྒོ་དང་སྣང་སེམས་སྒྲོན་མ་གནད་གཅིག་དྲིལ། །བར་མེད་འཕོ་ཆེན་བསྒོམ་དང་ཕོ་རབ་ཡིན། །སྒོ་གསུམ་མི་གཡོ་འོད་གསལ་བབ་ཀྱིས་གྲུབ། །ཆོས་ཉིད་མངོན་སུམ་མཐོང་ན་ཕོ་རབ་ཡིན། །ཤེས་པ་དང་པོ་འོད་གསལ་ཆེན་པོར་འཕོས། །མ་དག་བསྐལ་ངན་བཤིག་ན་ཕོ་རབ་ཡིན། །སྒོ་གསུམ་མ་བཅོས་རྒྱ་ཡན་ངང་དུ་འུར། །སྣང་བ་འོད་དུ་འཕོས་ན་ཕོ་རབ་ཡིན། །སྤྱན་དང་མངོན་ཤེས་རྫུ་འཕྲུལ་རླབས་ཆེན་ཐོབ། །ཞིང་དང་ལྷ་སྐུ་མངོན་གྱུར་ཕོ་རབ་ཡིན། །གཟུང་འཛིན་སྒྱུ་འཕྲུལ་ཆོས་ཅན་སེམས་སྣང་ཀུན། །ཆོས་ཉིད་རང་ལ་ཟད་ན་ཕོ་རབ་ཡིན། །འཁོར་འདས་དག་མཉམ་གཞོན་ནུ་བུམ་པའི་སྐུར། །འཇའ་ལུས་འཕོ་ཆེན་ཐེབས་ན་ཕོ་རབ་ཡིན། །མདོ་མེད་ཆུད་ཟོས་ཕོ་མཐའི་ལས་སྤོང་ལ། །ཕོ་རབ་སྤྱོད་པ་སྐྱོངས་ཤིག་ཀླུ་འབུམ་རྒྱལ། །མི་རྒན་འཆོལ་བའི་ལབ་མོ་གྱེར་བ་འདི། །སྙིང་ལ་འཆོང་དང་སྒོམ་ཡིན་ཀླུ་འབུམ་རྒྱལ། །ཚུལ་བཞིན་སྤྱོད་དང་ཆོས་ཡིན་ཀླུ་འབུམ་རྒྱལ། །ཡལ་བར་མ་དོར་ནོར་ཡིན་ཀླུ་འབུམ་རྒྱལ། །རྒྱུད་ལ་སྦྱོར་དང་ལམ་ཡིན་ཀླུ་འབུམ་རྒྱལ། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་པའི་ཚེ། །ཁྱོད་ཉིད་གདུལ་བྱ་འབྲེལ་ཐོགས་དང་བཅས་པ། །ཀུན་ཏུ་འོད་ཀྱི་ས་ལ་ཕྱིན་ནས་སུ། །འཇའ་ལུས་འཕོ་བ་ཆེན་པོར་སངས་རྒྱས་ཤོག།ཅེས་ཕོ་རབ་སྤྱོད་པའི་གཏམ་ཚིགས་སུ་བཅད་པ་འདི་རང་སློབ་ཀླུ་འབུམ་རྒྱལ་གྱིས་ནན་དུ་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་ལབ་པའོ། །སྐྱེ་འགྲོ་སྲིད་ལས་སྒྲོལ་བའི་རྒྱུར་གྱུར་ཅིག།དགེའོ། །ལེགས་སོ། །སརྦ་མངྒ་ལཾ། །། །