TTDL-ZABTER-18-TSHA-046
TTDL-ZABTER-18-TSHA-046
འཆོལ་བའི་བླུན་གཏམ་བཞུགས་ཡོད།སྐྱབས་གནས་ཀུན་འདུས་ངོ་བོ་པདྨ་འབྱུང་། །མི་འབྲལ་སྙིང་དབུས་དྭངས་མའི་ཐིག་ལེར་བཞུགས། །ཚེ་རབས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །འབྲལ་མེད་རྗེས་སུ་ཟུངས་ལ་དབུགས་དབྱུང་མཛོད། །སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ཁྱོད། །ཚེ་འདིའི་སྣང་བ་མདང་གི་རྨི་ལམ་ཙམ། །རྟག་འཛིན་ཞེན་པ་ཆོད་ཅིག་སྐལ་ལྡན་བུ། །འདོད་ཡོན་ལོངས་སྤྱོད་སྒྱུ་མའི་མིག་འཕྲུལ་འདྲ། །འདོད་སྲེད་ཞེན་ཆགས་ཆོད་ཅིག་སྐལ་ལྡན་བུ། །གཞན་མགོ་བསྐོར་སྙམ་རང་མགོ་འཁོར་བའི་རྒྱུ། །གཡོ་སྒྱུ་ཟོལ་ཟོག་ཆོད་ཅིག་སྐལ་ལྡན་བུ། །གོ་ས་མཐོ་ལ་རེ་ནས་མཐོ་འགྲུབ་ཀྱང་། །མི་ངོ་དཀར་ནག་མི་ལེན་སྐལ་ལྡན་བུ། །འདའ་འདུ་ལང་ལོང་ཁ་དཔོན་ལ་རེ་ན། །སྡུག་བསྔལ་ཁུར་ཆེན་ཡིན་ནོ་སྐལ་ལྡན་བུ། །སྒར་ཆེན་ཆལ་ཆོལ་འདོད་ནས་གྲུབ་པའི་དུས། །མཐོ་བསྟོད་དམའ་སྐྱོང་མི་འོང་སྐལ་ལྡན་བུ། །བཟའ་མི་ཉག་ཉོག་ཁ་དཔོན་གྱུར་པ་ན། །དལ་མེད་འབད་རྩོལ་དཀའ་འོ་སྐལ་ལྡན་བུ། །ཀུན་གྱིས་བསྟོད་བཀུར་བྱེད་ཐབས་འགྲུབ་འདོད་ཀྱང་། །ཀུན་ཡིད་མགུ་ཐབས་མི་འོང་སྐལ་ལྡན་བུ། །སྐྱིད་འདོད་ལོངས་སྤྱོད་འབད་པས་བསྒྲུབ་ན་ཡང་། །ཆོག་ཤེས་སྐྱེ་དུས་མི་འོང་སྐལ་ལྡན་བུ། །ཚེ་གཅིག་གཏོ་ཡས་དབང་ཆོག་ལ་འབྱམས་ཀྱང་། །ཚོད་ཟིན་སྡོད་དུས་མི་འོང་སྐལ་ལྡན་བུ། །མཐོ་ལ་རེ་ཞིག་ངོ་དགའ་བལྟས་བལྟས་ཀྱང་། །ཕན་ཐོགས་རེ་འདོད་མི་འབྱུང་སྐལ་ལྡན་བུ། །དམའ་ལ་སྡང་ཞིང་བར་ལ་བྱམས་ན་ཡང་། །ཕན་གནོད་གང་འབྱུང་མི་གོ་སྐལ་ལྡན་བུ། །བདེ་ཞིང་སྐྱིད་ཚེ་ང་རྒྱལ་ཆེ་དྲག་ན། །སྡུག་བསྔལ་ཅི་འབྱུང་མི་ཤེས་སྐལ་ལྡན་བུ། །རྐྱེན་ངན་སྡུག་བསྔལ་བྱུང་ཚེ་བག་འཁུམ་ཡང་། །བདེ་སྐྱིད་ཅི་འབྱུང་མི་ཤེས་སྐལ་ལྡན་བུ། །གཞན་ལ་བསྟོད་སྨད་གཉིས་ཀྱི་ཚིག་བརྗོད་ཀྱང་། །བཟང་ངན་གང་ཡིན་མི་ཤེས་སྐལ་ལྡན་བུ། །རང་ཉིད་འཆི་དུས་འགྱོད་མེད་ཞིག་བྱུང་ན། །ཕོ་རབ་སྐྱེས་མཆོག་ཡིན་ནོ་སྐལ་ལྡན་བུ། །འཆི་ཚེ་བློ་ལྷག་མེད་པ་ཞིག་བྱུང་ན། །བྱ་བྲལ་དམ་པ་ཡིན་ནོ་སྐལ་ལྡན་བུ། །བསྒྲུབ་དུས་ལབ་ཡ་མེད་པ་ཞིག་བྱུང་ན། །དོན་གྱི་བནྡེ་ཡིན་ནོ་སྐལ་ལྡན་བུ། །ནམ་ཡང་སོས་དལ་སྡོད་པ་ཞིག་བྱུང་ན། །དོན་གྱི་བཙུན་པ་ཡིན་ནོ་སྐལ་ལྡན་བུ། །དམ་ཚིག་ངོ་ལྐོག་མེད་པ་ཞིག་བྱུང་ན། །དོན་གྱི་སྔགས་པ་ཡིན་ནོ་སྐལ་ལྡན་བུ། །དུས་ཀུན་སྒོ་གསུམ་ཟོལ་མེད་ཞིག་བྱུང་ན། །དོན་གྱི་དགེ་སློང་ཡིན་ནོ་སྐལ་ལྡན་བུ། །ཕྱི་ནང་མ་འཛོལ་སྒོ་གསུམ་དགེ་སྦྱོར་ན། །དོན་གྱི་བླ་མ་ཡིན་ནོ་སྐལ་ལྡན་བུ། །ཚེ་གཅིག་སྙིང་པོའི་སྒྲུབ་ལ་གཞོལ་ནུས་ན། །དོན་གྱི་རྣལ་འབྱོར་ཡིན་ནོ་སྐལ་ལྡན་བུ། །འཁོར་འདས་རང་སྣང་ཉིད་དུ་ཐག་ཆོད་ན། །ལྟ་བའི་རྒྱལ་པོ་ཡིན་ནོ་སྐལ་ལྡན་བུ། །གནས་ལུགས་མངོན་གྱུར་བློ་འདས་ངང་གནས་ན། །སྒོམ་པ་རྒྱ་ཡན་ཡིན་ནོ་སྐལ་ལྡན་བུ། །བྱར་མེད་ངང་དུ་སྐྱིད་ཉལ་བྱེད་ནུས་ན། །སྤྱོད་པ་བྱུང་རྒྱལ་ཡིན་ནོ་སྐལ་ལྡན་བུ། །འཆི་ཚེ་འཕོ་མེད་ཆོས་ཉིད་ཆེར་གྲོལ་ན། །འབྲས་བུ་ཐོབ་གྲོལ་ཡིན་ནོ་སྐལ་ལྡན་བུ། །དེ་ལྟར་རྒན་པོས་ཐང་ཚད་འདོམས་པའི་གཏམ། །བརྩེ་བའི་གྲོགས་ལ་སྨྲས་ཡོད་ཐུགས་ལ་ཞོག།ཁྱོད་ནི་ཚེ་རབས་སྔོན་སྦྱངས་ལས་ཅན་ཡིན། །བསྒྲུབ་ན་གྲུབ་པ་མྱུར་དུ་འཐོབ་པར་འགྱུར། །ཁྱོད་ནི་གཏེར་སྟོན་བསམ་གཏན་གླིང་པའི་འཕྲུལ། །ལོ་དགུར་ཐོད་རྒལ་བསྒོམ་ན་གྲུབ་པ་འཐོབ། །རང་གཞན་དོན་གཉིས་འགྲུབ་ལ་ཐག་མི་རིང་། །སྙིང་རུས་སྡུག་སྲན་མ་ཆུང་སྐལ་ལྡན་བུ། །བདུད་ཀྱིས་བསླུ་བ་སླེབ་པའི་དུས་ཉེ་འདིར། །ཆོས་བརྒྱད་དབང་དུ་མ་བཏང་སྐལ་ལྡན་བུ། །མི་རྒན་ཁ་ལ་ཉན་ན་ཁ་ཏ་ཡིན། །བརྩེ་གྲོགས་སེམས་ལ་ཞོག་དང་སྙིང་གཏམ་ཡིན། །དེ་དོན་ལག་ལེན་བཏབ་ན་སྐུ་ཚེ་རིང་། །ཞེས་སྨོན་ལམ་ལས་ཀྱིས་འབྲེལ་བའི་སློབ་བུ་སངས་རྒྱས་འོད་ཟེར་གྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་བླུན་ཚིག་འཆོལ་མར་སྨྲས་པ་དགེའོ། །། །