TTDL-ZABTER-18-TSHA-047
TTDL-ZABTER-18-TSHA-047
བསོད་ནམས་རྒྱ་མཚོ་ལ་གདམས་པ་ནོར་བུའི་དོ་ཤལ་ཡོད།དུས་གསུམ་སངས་རྒྱས་མ་ལུས་འདུས་པའི་ཞལ། །ཨོ་རྒྱན་བརྒྱུད་པར་བཅས་པས་བདག་སྐྱོངས་ཤིག།བུ་ཁྱོད་ངེས་པར་ཆོས་ཞིག་བསྒྲུབ་འདོད་ན། །མི་ལུས་ཐོབ་པའི་དཀའ་ལུགས་ལ་བསམ་ནས། །དལ་འབྱོར་དོན་དང་ལྡན་པ་ཞིག་ལ་རེམ། །མཚན་ལྡན་བླ་མར་མཇལ་བའི་དཀའ་ཚུལ་ལ། །བསམ་ནས་གདམས་ངག་ཆུད་ཟོས་མ་བྱེད་རེམ། །དམ་པའི་ཆོས་དང་འཕྲད་པར་དཀའ་ཚུལ་ལ། །བསམ་ནས་བསྒྲུབ་པ་ལྷུར་ལེན་བྱེད་པར་རེམ། །ནམ་འཆི་ངེས་པ་མེད་པའི་ཚུལ་སོམས་ལ། །བློ་སྣ་བསྟུང་ལ་རང་ཚོད་རང་གིས་ཟུངས། །འཆི་དུས་ཟས་ནོར་འཁྱེར་ས་མེད་ཚུལ་ལ། །བསམ་ནས་ཆོག་ཤེས་བསྟེན་པ་གནད་དུ་ཟུངས། །ཤི་ནས་ཕ་རོལ་སྐྱབས་མགོན་མེད་པ་ལ། །བསམ་ནས་རང་མགོ་འདོན་ཐབས་ཞིག་ལ་རེམ། །ཚེ་འདིར་སོ་ནམ་ལས་ཀར་དཀའ་སྤྱད་ཀྱང་། །ཤི་རྗེས་དྲིན་མི་དྲན་པས་རང་སར་སྡོད། །ཚེ་སྟོད་བཟའ་མིའི་ནང་ན་དབང་ཆེ་ཡང་། །རྒས་ཚེ་ཁྱི་བཞིན་ལོད་འོང་ཞེན་ལོག་མཛོད། །ཚེ་གཅིག་དགྲ་འདུལ་གཉེན་སྐྱོང་ལ་འབད་ཀྱང་། །དྲིན་ལན་འཇལ་མི་མེད་པས་རང་དོན་སྒྲུབ། །ཚེ་འདིར་ཐོབ་ཐང་ཆེ་གྲགས་ཀུན་འཛོམ་ཡང་། །འཆི་དུས་རྨི་ལམ་ཙམ་ཡིན་ཕན་པ་མེད། །ཚེ་འདིར་ལོངས་སྤྱོད་འབྱོར་པ་ཕུན་ཚོགས་ཀྱང་། །འཆི་དུས་ལག་སྟོང་ཡིན་ནོ་སེམས་ལ་ཞོག།ཕ་སྤུན་ཕུ་ནུ་མང་པོ་འཛོམ་ན་ཡང་། །འཆི་དུས་གྲོགས་མེད་གཅིག་པུར་འགྲོ་ལ་སོམས། །ལོ་བརྒྱ་ཐེབ་ཀྱང་འཆི་ལ་ཐུག་པའི་དུས། །ས་སྟེང་མིག་གིས་མཐོང་བ་ཙམ་ལས་མེད། །ན་ཚོད་རྒན་གཞོན་ཚེ་ལ་རྒྱུས་མེད་པས། །འཆི་བ་སེམས་ཀྱི་དཀྱིལ་དུ་མ་བརྗེད་བསྒོམ། །གཞན་གྱི་ཤི་བ་མཐོང་ཐོས་དཔེ་ལ་ཞོག།རང་རེ་ནམ་འཆི་དྲན་མཛོད་དགེ་ལ་འབུང་། །གཞན་གྱིས་འབད་རྩོལ་དོན་མེད་ཤི་ལ་ལྟོས། །རང་གི་བྱ་བྱེད་སྤོང་ལ་ལྷ་ཆོས་མཛོད། །མི་ངོ་དཀར་ནག་འཚོས་ཀྱང་མགུ་ཐབས་མེད། །རང་ཚོད་ཟུངས་ལ་རང་ཆུས་ངེས་པར་གྱིས། །གཞན་གྱི་དོན་ལ་འབད་ཀྱང་མགུ་དུས་མེད། །རང་དོན་འགྲུབ་པ་ཞིག་ལ་རེམ་མཛོད་ཅིག།གཞན་ལ་སྦྱིན་སྦྱིན་སྟེར་སྟེར་ཚིམ་དུས་མེད། །རང་གི་རང་ལ་སོམས་ཤིག་སྐལ་ལྡན་བུ། །འཁོར་འདས་སྣང་སྲིད་འདོད་ཡོན་ཆོས་སོ་ཅོག།རྒྱ་མཚོའི་ནང་དུ་གཟའ་སྐར་ཇི་བཞིན་ཏུ། །རང་གི་གཞི་ལས་མི་གཞན་ཚུལ་ཤེས་ནས། །དེའི་ངང་མངོན་དུ་གྱུར་མཛོད་ཉམས་ལེན་གནད། །ཆོས་ཉིད་བདེན་པ་མངོན་སུམ་མཐོང་བྱས་ནས། །འཁོར་འདས་སྟོང་ཉིད་ཆེན་པོ་བྱང་ཆུབ་པའི། །རྫོགས་ཆེན་རིག་པ་ཡོན་ཏན་ཀུན་ལྡན་པ། །དེ་དོན་གཤིས་ཐོག་ཕེབས་པ་ཁྲེགས་ཆོད་གནད། །ཤེས་པ་དང་པོ་ཡུལ་སྣང་ཆོས་ཉིད་དུ། །གོ་འཕོས་དག་དབྱིངས་འོད་གསལ་མངོན་གྱུར་པ། །ཆོས་ཉིད་མངོན་སུམ་སྣང་བ་དེ་ཡིན་དེས། །སྒོ་གསུམ་བརྟན་གནས་ཉམས་ཀྱི་ངང་ཆགས་སོ། །འོད་སྣང་གོང་འཕེལ་སྣང་བ་འོད་དུ་འཕོས། །སྒོ་གསུམ་ཉམས་ཀྱི་སྣང་བ་ཆལ་མ་ཆོལ། །བདེ་སྡུག་རེ་དོགས་ཆུ་ཡིས་གཉེར་མར་འགྲན། །འདི་དུས་སྡོད་པར་ཚུགས་པ་གནད་གཅིག་ཡིན། །ན་ཚ་བདེ་སྡུག་གར་སྟབས་སྟོན་པའི་ཚེ། །བར་མ་ཆད་པར་ཉམས་ལེན་གནད་དུ་བསྣུན། །ལྷ་སྣང་འདྲེར་སྣང་སྣ་ཚོགས་འཆར་བའི་ཚེ། །སྒྱུ་མ་རྨི་ལམ་ལྟར་ལྟོས་དེར་འཛིན་ཆོད། །སྣང་སྲིད་གཞལ་ཡས་ལྷ་རུ་སྨིན་པའི་དུས། །ནང་རྟགས་སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས། །ཡོན་ཏན་བསམ་མི་ཁྱབ་པར་དབང་འབྱོར་བའི། །རིག་པ་ཚད་ཕེབས་མ་ནོར་ངེས་ཤེས་བསྐྱེད། །དེ་མཐར་ཕྱི་ནང་སྣང་སེམས་རིག་པར་ཟད། །འཁོར་བའི་སྣང་བ་རྡུལ་ཙམ་མི་འབྱུང་ཞིང་། །ཆོས་ཉིད་དེ་བཞིན་ཉིད་དུ་འབྱམས་ཀླས་པའི། །ཆོས་ཟད་བློ་འདས་ཡིན་ནོ་དེ་མི་ནོར། །མཐར་ཐུག་སྣང་བ་དེ་ཡང་དབྱིངས་སུ་སངས། །ཇི་ལྟ་ཇི་སྙེད་ཤེས་རབ་མངོན་གྱུར་ཚེ། །ཀུན་བཟང་གདོད་མའི་མགོན་པོར་སངས་རྒྱས་ཏེ། །གཞོན་ནུ་བུམ་སྐུར་འཇའ་ལུས་ཆེན་པོར་གྲོལ། །གཅེས་པའི་བུ་ལ་སྙིང་གཏམ་སྨྲས་པ་དེ། །མ་བརྗེད་སེམས་ལ་ཞོག་ཅིག་ཕ་ཕོག་ཡིན། །ཁྱོད་དང་ང་གཉིས་གཉིས་མེད་དག་མཉམ་དུ། །ཀ་དག་གདོད་མའི་དབྱིངས་སུ་སངས་རྒྱས་ཤོག།ཅེས་རང་སློབ་དམ་པ་བསོད་ནམས་རྒྱ་མཚོས་ནན་དུ་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་འཕྲལ་དུ་སྨྲས་པ་དགེ་བར་གྱུར་ཅིག།མངྒ་ལཾ། །། །