TTDL-ZABTER-18-TSHA-048
TTDL-ZABTER-18-TSHA-048
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །བློ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །སྔོན་སྨོན་ལམ་ལས་ཀྱིས་འབྲེལ་བ་ཡི། །བུ་ཁྱོད་ཀྱིས་ངེས་པར་ཆོས་བསྒྲུབ་ན། །ཕ་བླ་མ་སྙིང་མིག་སྲོག་ལྟར་བསྟེན། །དུས་རྟག་ཏུ་གསོལ་འདེབས་མཆོད་སྒྲུབ་མཛོད། །གྲོགས་མཆེད་ལ་བརྩེ་གདུང་མོས་གུས་དང་། །དམ་སྡོམ་པ་སྲོག་གི་གཏའ་རུ་ཟུངས། །མ་འགྲོ་དྲུག་དྲིན་ཆེན་ཕ་མ་ལ། །བྱམས་སྙིང་རྗེ་ཕན་བདེ་དོན་གཉེར་མཛོད། །ཚེ་འདི་སྣང་སྒྱུ་མ་རྨི་ལམ་ཙམ། །དུས་རྟག་འཛིན་ཞེན་པ་གཏིང་ནས་ཆོད། །ཚེ་ཕྱི་མར་གཉེན་གྲོགས་སྐྱབས་མགོན་མེད། །དུས་མྱུར་དུ་གྲོགས་མེད་དབེན་པ་བརྟེན། །ཚེ་མི་རྟག་སྐད་ཅིག་ཙམ་གྱིས་ཟད། །ཕྱུག་མི་རྟག་རྨི་ལམ་ཟས་ནོར་འདྲ། །ལས་སོ་ནམ་བྱིས་པའི་རྩེད་མོ་འདྲ། །བདེ་སྐྱིད་འདོད་ཀུ་ཀུས་ཟས་འདོད་འདྲ། །དེ་ཐམས་ཅད་མདོ་དོན་སྙིང་པོ་མེད། །ཡུལ་མི་མེད་ལུང་བའི་སྐྱེད་ཚལ་དུ། །གནས་བྲག་རིའི་ཁང་བཟང་དམ་པ་རུ། །མི་ཚེ་འདིར་དམ་པའི་ཆོས་ལ་དྲིལ། །སེམས་ལེ་ལོ་རྣམ་གཡེང་སྤངས་བྱས་ནས། །བློ་རྩེ་གཅིག་སྙིང་པོའི་སྒྲུབ་ལ་དྲིལ། །ཡུལ་སྣང་སྲིད་འཁོར་འདས་ཆོས་སོ་ཅོག།གཞི་སྟོང་ཉིད་བརྡལ་ཁྱབ་ཆེན་པོ་རུ། །ངང་མ་བཅོས་རང་གཞི་རང་སར་སྟོང་། །དེའི་ངང་ཚུལ་ཇི་བཞིན་རིག་བྱས་ནས། །ངང་མངོན་གྱུར་རིག་པ་ཆོས་སྐུའི་དབྱིངས། །དུས་བར་སྐབས་མེད་པར་རང་ས་ཟུངས། །གནས་གྲོགས་མེད་དབེན་པའི་སྐྱེད་ཚལ་ནས། །ལམ་ཐོད་རྒལ་གསང་བའི་མྱུར་ལམ་སྤྱོད། །ཉམས་བདེ་སྡུག་སྣང་བ་ངེས་མེད་ཀུན། །ཚུལ་བདེན་མེད་ཞེན་མེད་ཆེན་པོ་རུ། །ངང་མ་བཅོས་རང་བབ་ཆེན་པོར་ཞོག།ཚེ་འདི་རུ་གྲོལ་འགྱུར་གདོན་མི་ཟ། །ཚུལ་འདི་དང་ལྡན་ན་སྐུ་ཚེ་རིང་། །དོན་ཉམས་སུ་མ་བླང་ཡན་དོར་ན། །བདག་དཀའ་ཞིང་ངལ་བའི་ལས་བཅོལ་ལ། །དོན་ཅི་མཆིས་བསམ་བློ་ཐོངས་དང་གསལ། །ཅེས་སློབ་བུ་ནུས་ལྡན་རྡོ་རྗེའི་ངོར་བདུད་འཇོམས་པས་སོ། །། །