TTDL-ZABTER-18-TSHA-051

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-051

ལྷ་རང་སྣང་དོན་གྱི་སྟོན་པ་མཆོག།གཞིའི་གནས་ལུགས་ཀུན་ཏུ་བཟང་པོས་སྐྱོངས། །ཁྱོད་ཐེག་ཆེན་སྒོར་ཞུགས་རྣལ་འབྱོར་པའི། །ཉམས་སྣ་ཚོགས་རི་མོ་ཡལ་བའི་རྗེས། །བློ་ཡིད་ཀྱིས་ཡུལ་ལ་བལྟ་བ་དང་། །སེམས་འཛིན་སྟངས་དམ་པོས་གཅུན་པ་སོགས། །དེ་ཐམས་ཅད་རང་ཡལ་རྗེས་མེད་ངང་། །གཤིས་མ་བཅོས་རང་གྲོལ་ཆེན་པོ་རུ། །བསྒོམ་བཅོས་བསྒྱུར་ཟོབ་དང་ལྷད་མ་ཞུགས། །ད་རང་བབ་ཡིན་ལུགས་རང་ལ་ཞོག།ཡེ་ཀ་དག་རིག་སྟོང་ཟང་མ་ཐལ། །སྨྲ་བསམ་ཀྱང་བརྗོད་གཞིའི་ཚིག་དང་བྲལ། །བློས་དཔྱོད་པས་ཡུལ་འདས་མཚན་མ་བྲལ། །རྒྱུ་འབྲས་བུ་གཞན་ལ་ཡིད་སྨོན་མེད། །ཚུལ་ངོ་བོ་སྐྱེ་འགགས་སྤྲོས་མཐའ་བྲལ། །གདངས་རང་བཞིན་མ་འགགས་ཡོན་ཏན་རྫོགས། །རྩལ་ཡེ་ཤེས་ཆེན་པོར་ངང་གིས་གྲོལ། །ཆོས་ཀུན་གྱི་ཡང་གསང་འདི་ཀ་ཡིན། །དེ་ཤིན་ཏུ་ཟབ་ཅིང་ཕྲ་བའི་ཕྱིར། །བློ་ཁེལ་དང་ཡིད་ཆེས་བརྒྱ་ལམ་ཙམ། །ཚུལ་ཤེས་པར་མཛོད་དང་དོན་དེ་ལས། །ཡུམ་ཤེར་ཕྱིན་དགོངས་དོན་གཞན་ན་མེད། །ངང་མ་བཅོས་ཅོག་བཞག་རྣམ་གསུམ་གྱིས། །དོན་ཉམས་སུ་ལོངས་དང་ངེས་པར་གྲོལ། །བདག་མ་ནུས་རྒན་པོས་འོལ་ཚོད་ལས། །མི་གཞན་གྱིས་དེ་ལ་ཅི་ཆ་ཡོད། །ཅེས་ཨོ་རྒྱན་རང་ཤར་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་སོ། །། །