TTDL-ZABTER-18-TSHA-053

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-053

རྗེས་དུས་གསུམ་སངས་རྒྱས་འདུས་པའི་སྐུ། །དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་སྐྱོངས། །ཁྱོད་ངེས་པར་ཆོས་ཞིག་བསྒྲུབ་འདོད་ན། །དུས་ད་རེས་དལ་འབྱོར་མི་ལུས་ཐོབ། །འདི་དོན་དང་ལྡན་པ་ཞིག་ལ་རེམ། །ཚེ་འདི་སྣང་རྨི་ལམ་གནས་སྐབས་ཙམ། །ཆོས་ཕྱི་བཤོལ་མ་བྱེད་བློ་སྣ་བསྟུང་། །ལས་དཀར་ནག་རྒྱུ་འབྲས་བདེ་སྡུག་གཞི། །དེ་བླང་དོར་མི་ནོར་གནད་ཀྱི་མཆོག།གནས་འགྲོ་བ་དྲུག་གི་གྲོང་ཁྱེར་ན། །དུས་སྐད་ཅིག་ཙམ་གྱི་བདེ་བ་མེད། །ད་མྱུར་དུ་ཐར་པའི་ཐབས་ལ་རེམ། །ཆོས་ཀུན་གྱི་རྩ་བ་རང་རིག་ཡིན། །དེར་བསྒོམ་པའི་ངོ་བོ་སྟོང་པ་ཉིད། །ཕྱི་སྣོད་དང་ནང་བཅུད་སེམས་ཅན་དང་། །བར་འདོད་ཡོན་ལྔ་ཡི་ཆོས་སོ་ཅོག།མིང་དངོས་པོའི་གཞི་རྩ་བྲལ་བ་ཡིན། །དཔེ་སྒྱུ་མ་རྨི་ལམ་ཅི་བཞིན་དུ། །དོན་ཡུལ་མེད་ཟང་ཐལ་ཆེན་པོར་ལྟོས། །ཚུལ་ཤེས་ནས་འཁོར་འདས་སྟོང་ཉིད་ཀྱི། །དོན་ངེས་པར་རྟོགས་པ་ལྟ་བའི་གནད། །གཞི་ཀ་དག་ནམ་མཁའ་རྣམ་དག་དབྱིངས། །ངང་མངོན་གྱུར་ཡེ་ཤེས་ཆེན་པོ་ལ། །བློ་ཡིད་ཀྱིས་བཅོས་བསྒྱུར་མི་བྱེད་པར། །ལས་བྱ་བཏང་ཆེན་པོར་ཆམ་གྱིས་ཞོག།དེ་སྒོམ་པ་རང་བྱུང་རང་གྲོལ་ཡིན། །ད་མི་ཚེ་ལྷག་མ་འདི་ཙམ་ལ། །ལས་སོ་ནམ་གསོག་འཇོག་བྱ་བ་སྤོངས། །བློ་ཆོས་ལ་དྲིལ་མཛོད་སྐལ་ལྡན་བུ། །ལམ་ཟབ་མོ་འཕོ་ཆེན་ཐོད་རྒལ་གྱིས། །དུས་མི་འགྱང་ཡང་དག་སངས་རྒྱས་འགྲུབ། །གནད་དེ་ལ་བསྟེན་མཛོད་མྱུར་ལམ་ཡིན། །སྒོ་ལུས་དང་ངག་གི་དགེ་བ་ཀུན། །གནས་འཁོར་བར་བསོད་ནམ་བསགས་པ་ཙམ། །དུས་ཐར་པ་རྣམ་མཁྱེན་ཐོབ་དུས་མེད། །དོན་མ་ནོར་སྒོམ་པ་ལྷུར་ལེན་མཛོད། །ངའི་གདམས་ངག་ཀུན་གྱི་ཡང་བཅུད་ཡིན། །དེ་སྙིང་གི་བཅུད་དུ་ཟུངས་ཤིག་བུ། །ཞེས་པ་སློབ་བུ་ཚེ་ལྷའི་ངོ་སྐལ་དུ་བདུད་འཇོམས་པས་སྨྲས་པའོ། །། །