TTDL-ZABTER-18-TSHA-056

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-056

བླ་མ་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །འདི་ཕྱི་བར་དོ་གསུམ་དུ་རྗེས་སུ་ཟུངས། །འོད་གསལ་རྫོགས་པ་ཆེན་པོ་ཉམས་ལེན་ན། །འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་སོ་ཅོག།དཔེར་ན་རྒྱ་མཚོའི་ནང་གི་གཟའ་སྐར་བཞིན། །རང་སྣང་ཉིད་ལས་མི་གཞན་ངང་རྟོགས་ན། །ལྟ་བ་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ། །བློ་ཡིད་གཉིས་འཛིན་བཅས་བཅོས་སྤོང་ལེན་བྲལ། །འཁོར་འདས་ས་ལམ་ཉམས་སྣང་འབྲས་བུའི་ཆོས། །ཡེ་གཞི་སྟོང་ཉིད་ཆེན་པོ་གཉིས་མེད་པའི། །ངང་ཉིད་མངོན་གྱུར་ཡེ་ཤེས་གཉུག་མའི་བབས། །བསྒོམ་པ་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ། །གདོད་ནས་ཀ་དག་ཀློང་ཆེན་རིག་པའི་མཁར། །སྒོ་གསུམ་བྱ་བ་དགུ་ཕྲུགས་བཏང་ནས་སུ། །བྱར་མེད་བྱ་བྲལ་ངང་ལ་མཉམ་བཞག་པ། །སྤྱོད་པ་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ། །འཁོར་འདས་ཐམས་ཅད་རིག་པ་རང་ལ་རྫོགས། །དེ་ལ་རྩོལ་སྒྲུབ་མེད་དོ་བསོད་ནམས་རྒྱལ། །ཁམས་གསུམ་བདེ་སྡུག་ཉམས་ཀྱི་རི་མོ་ཡིན། །དེ་ལ་སྤང་ལེན་མེད་དོ་བསོད་ནམས་རྒྱལ། །གནས་རིགས་དྲུག་པོ་རང་གི་སྣང་བ་ཡིན། །དེ་ལ་བགྲོད་སླེབས་མེད་དོ་བསོད་ནམས་རྒྱལ། །དུས་གསུམ་སངས་རྒྱས་རང་གི་རིག་པ་ཡིན། །དེ་ལ་སྒོམ་སྒྲུབ་མེད་དོ་བསོད་ནམས་རྒྱལ། །འགྲོ་བའི་བླ་མ་བདེ་གཤེགས་སྙིང་པོ་ཡིན། །དེ་ལ་བཙལ་བསྙེགས་མེད་དོ་བསོད་ནམས་རྒྱལ། །ས་ལམ་ཉམས་རྟོགས་གཅིག་རྫོགས་རང་རིག་ཡིན། །དེ་ལ་སྦྱང་བགྲོད་མེད་དོ་བསོད་ནམས་རྒྱལ། །ཡེ་གཞི་མངོན་གྱུར་ཡེ་རིག་ཆོས་སྐུའི་ཞལ། །དེ་ལ་བཅས་བཅོས་མེད་དོ་བསོད་ནམས་རྒྱལ། །ཀུན་ཤེས་ཀུན་རིག་གཞིར་གནས་འོད་གསལ་ཡིན། །དེ་ལ་ལྟད་སོ་མེད་དོ་བསོད་ནམས་རྒྱལ། །རང་ཐོག་རང་གྲོལ་རྫོགས་པའི་སངས་རྒྱས་ཡིན། །དེ་ལ་འཕོ་བགྲོད་མེད་དོ་བསོད་ནམས་རྒྱལ། །སྣང་བའི་ཆོས་ཀུན་རྒྱ་མཚོའི་གཟའ་སྐར་བཞིན། །གཞི་ལས་གཞན་ན་མ་གྲུབ་བསོད་ནམས་རྒྱལ། །ཤེས་པ་དང་པོ་ཡུལ་གྱི་སྣང་བ་ཡིན། །དེ་ལ་གཉིས་སུ་མེད་དོ་བསོད་ནམས་རྒྱལ། །དེ་ཉིད་དག་དབྱིངས་འོད་དང་ཐིག་ལེར་འཕོས། །དེ་ཉིད་མངོན་དུ་གྱུར་མཛོད་བསོད་ནམས་རྒྱལ། །གོང་འཕེལ་ཉམས་ཀྱིས་ཕྱི་ནང་གསང་སློང་འབྱུང་། །དེ་ལ་བདེན་ཞེན་མ་བྱེད་བསོད་ནམས་རྒྱལ། །ཚད་ཕེབས་རིག་པ་བཅུད་སྨིན་གྲུབ་བརྒྱད་བརྙེས། །དེ་ལ་ནོར་འཁྲུལ་མེད་དོ་བསོད་ནམས་རྒྱལ། །ཆོས་ཟད་བློ་འདས་ཆོས་སྐུ་བྱ་བྲལ་ཡིན། །དེ་ཉིད་སེམས་སུ་མ་འཁྲུལ་བསོད་ནམས་རྒྱལ། །འདོད་ཡོན་ལོངས་སྤྱོད་སྒྱུ་མའི་ལྟད་མོ་འདྲ། །དེ་ལ་རྟག་འཛིན་མ་བྱེད་བསོད་ནམས་རྒྱལ། །ཚེ་འདིའི་སྣང་བ་མདང་གི་རྨི་ལམ་འདྲ། །དེ་ལ་ཞེན་པ་ཆོད་ཅིག་བསོད་ནམས་རྒྱལ། །མཛའ་བཤེས་གཉེན་འདུན་ཚོང་དུས་ཚོགས་པ་འདྲ། །དེ་ཕྱིར་ཞེན་པ་ཆོད་ཅིག་བསོད་ནམས་རྒྱལ། །བློ་སྣ་རིང་པོ་བདུད་ཀྱི་བསླུ་བ་ཡིན། །དེ་ཕྱིར་བློ་སྣ་བསྟུང་མཛོད་བསོད་ནམས་རྒྱལ། །མི་རྒན་བདག་གི་ཕན་པའི་ཁ་ད་ཡིན། །མ་བརྗེད་སེམས་ལ་ཞོག་ཅིག་བསོད་ནམས་རྒྱལ། །མི་ཚེའི་ལྷག་མ་དམ་པའི་ཆོས་ལ་དྲིལ། །དེ་ལ་ཕྱི་བཤོལ་མ་བྱེད་བསོད་ནམས་རྒྱལ། །འཁོར་འདས་གཉིས་ཀྱི་ས་མཚམས་ད་རེས་ཡིན། །མགོ་སྟོང་མདོ་ཤོར་མ་བྱེད་བསོད་ནམས་རྒྱལ། །ཚེ་འདིར་སངས་རྒྱས་འཐོབ་ལ་ལ་ཐང་མེད། །དེ་ཕྱིར་སྙིང་རུས་མ་ཆུང་བསོད་ནམས་རྒྱལ། །སྔོན་སྨོན་ལས་འབྲེལ་སྟོབས་ཀྱིས་ང་དང་འཕྲད། །རྫོགས་ཆེན་གདམས་པ་ཐོབ་ཡོད་བསོད་ནམས་རྒྱལ། །ཟབ་གསང་གདམས་པ་ཡིད་བཞིན་ནོར་བུ་ཡིན། །དབེན་པའི་རི་ལ་སྒོམས་ཤིག་བསོད་ནམས་རྒྱལ། །མི་འགྱང་ང་ཁྱོད་གཉིས་སུ་མེད་པ་རུ། །འཇའ་ལུས་འཕོ་ཆེན་འཐོབ་པའི་སྨོན་ལམ་འདེབས། །ཞེས་པ་འདིའང་རང་སློབ་སྔགས་ཀྱི་སྐྱེས་བུ་བསོད་ནམས་རྒྱལ་ལ་གདམས་པའི་གླུ་དབྱངས་བདུད་རྩིའི་བཅུད་དྲིལ་བདུད་འཇོམས་པས་སྨྲས་སོ། །ལེགས་སོ། །སརྦ་མངྒ་ལཾ། །། །