TTDL-ZABTER-18-TSHA-057

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-057

ཤེས་པ་དང་པོ་ཕྱི་ཡུལ་གྱི། །རྣམ་པར་མཆེད་ལ་སྣང་བ་ཤར། །རྣམ་རྟོག་ཕྱི་མས་ཉེར་ལེན་པས། །སེམས་ཅན་སེམས་སུ་འཁྲུལ་པའི་ཕྱིར། །ཤེས་པ་དང་པོ་འོད་གསལ་གྱི། །སྣང་བར་གོ་འཕོས་དྭངས་མ་དེ། །ཤེས་པ་ཕྱི་མས་མངོན་བྱེད་པ། །འཕོ་ཆེན་མྱུར་ལམ་སྙིང་པོ་ཡིན། །དེ་རུ་གོམས་པའི་སྟོབས་ཤུགས་ཀྱིས། །ཕྱི་ནང་འོད་གསལ་ཆེན་པོར་འཕོ། །ནང་སེམས་རིག་པ་རང་ལ་འཕོ། །མཐར་ཐུག་གཉིས་མེད་ཆེན་པོ་རུ། །ཆམ་བརྡལ་ཡང་དག་སངས་རྒྱས་འགྱུར། །ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་དང་། །ནང་སློང་ལུས་ཀྱི་ན་ཚ་དང་། །གསང་སློང་སེམས་ཀྱི་དགའ་སྡུག་རྣམས། །སོ་ཟིན་མེད་པར་འབྱུང་བ་ནི། །ནང་གི་རྟགས་སུ་ཤེས་པར་བྱ། །འོད་གསལ་དྭངས་མའི་སྣང་བ་ནི། །རེ་ལྡེ་དྲྭ་ཕྱེད་མིག་མང་རིས། །མཆོད་རྟེན་པདྨ་འཁོར་ལོ་དང་། །མཁར་ཐབས་གྲུ་ཆད་མདུང་རྩེ་སོགས། །ཉམས་སྣང་གོང་འཕེལ་སྣང་བ་ལགས། །ཕྱི་ནང་མ་འཛོལ་གནད་དུ་གཅེས། །མུན་སློང་དབྱིངས་ཐིག་མཆེད་པའི་དུས། །ཉམས་སྣང་གོང་འཕེལ་སྣང་བའི་ཚད། །ཉམས་ལེན་བར་མ་ཆད་པ་རུ། །གནད་དུ་བསྣུན་དང་རྣལ་འབྱོར་ཁྱོད། །འཇའ་ལུས་ཐོབ་པར་གདོན་མི་ཟ། །མི་གཡོ་མགོན་པོའི་དྲིས་ལན་དུ་མི་རྒན་བདུད་འཇོམས་རྡོ་རྗེས་སྨྲས་པ་དགེའོ། །། །