TTDL-ZABTER-18-TSHA-058
TTDL-ZABTER-18-TSHA-058
ཨེ་ཨེ།མ་དང་མཁའ་འགྲོའི་བུ་བརྒྱུད་ལ། །གཏན་དུ་བདེ་བའི་ཁ་ཆེམ་གདམས། །ནམ་མཁའ་ཡངས་པའི་ཀློང་མཛོད་ན། །མི་འགྱུར་གསང་བའི་གཏེར་མཛོད་གདའ། །ཤེས་རབ་རིག་པའི་ཁྱེའུ་ཆུང་གིས། །དད་བརྩོན་གསེར་གྱི་ལྡེ་མིག་ཐོགས། །སྒོ་དེ་ཕྱེས་དང་ཕ་ཕོག་ཐོབ། །མ་དང་མཁའ་འགྲོའི་བརྡ་རུ་དེ། །རིན་ཆེན་མཆོང་རི་སྨུག་པོ་ནས། །ཤེལ་དཀར་ཀྭ་བ་རྒྱ་མཚོར་འཁྱིལ། །ཡེ་ཤེས་ཉི་མ་ནང་དུ་ཤར། །འོད་དང་རང་གཟུགས་ཕྱི་རུ་གསལ། །དཔའ་བོ་ཆེན་པོའི་སྙིང་སྟོབས་ཀྱིས། །སྐུ་གསུམ་སྐུ་ཡི་རྡོ་རྗེས་སྡོད། །གཉིས་མེད་རོལ་པར་ཆམ་བརྡལ་ཡན། །ཉི་མ་སྤྲིན་གྱི་སྦུབས་ནས་ཐོན། །ཀ་དག་བུམ་སྐུའི་རྒྱལ་སར་ཤོག།མཁའ་འགྲོའི་སྙིང་ཁྲག་དེ་ཀའོ། །མ་དང་མཁའ་འགྲོའི་བརྡ་རུ་དེ། །ཕྱི་རུ་ཡུལ་གྱི་སྣོད་དང་བཅུད། །ནང་དུ་ང་བདག་འཛིན་པས་འཆིང་། །འཇའ་ཚོན་སྨིག་རྒྱུ་ན་བུན་རླངས། །ནམ་མཁའ་ལས་ནི་དེ་རུ་ཡལ། །སེམས་དང་སེམས་བྱུང་ངོ་བོའི་ཀློང་། །མ་དང་མཁའ་འགྲོའི་བརྡ་རུ་དེ། །ངོ་བོ་སྐྱེ་མེད་ལམ་གྱི་མཆོག།རང་བཞིན་ཐུགས་རྗེ་དེ་རུ་གདའ། །འཛམ་གླིང་ཆུ་སྣ་བསྡུ་བྱེད་ན། །རྒྱ་མཚོ་ཆེན་པོའི་ཆུ་ལ་ལོངས། །མ་དང་མཁའ་འགྲོའི་བརྡ་རུ་མཆིས། །ང་ཡི་སྙིང་ཁྲག་དྭངས་མ་འདི། །འཁོར་འདས་འུབ་ཆུབ་རོལ་པའི་གནད། །ཐིག་པ་གཞན་དང་འདྲ་མ་ཡིན། །ལྷ་ལྕམ་མནྡ་ར་བ་ངས། །གདུལ་བྱའི་རེ་འདོད་སྐོང་བའི་ཕྱིར། །སྙིང་གི་བུ་ལ་ཞལ་སྐྱིན་ནས། །སྐལ་ལྡན་ཁྱོད་ལ་ཁ་ཆེམ་དེ། །ཟགས་སུ་མ་འཇུག་རྦད་ཋ་ལ། །ཞེས་སྐྱེས་མཆོག་སངས་རྒྱས་རིན་ཆེན་གྱི་སྐྱེ་བརྒྱུད་ཀ་ལོ་པས་ནན་དུ་བསྐུལ་ངོར་མ་ནུས་བདུད་འཇོམས་རྡོ་རྗེའི་རྨི་ལམ་འཁྲུལ་པའི་སྣང་ཆ་རིས་སོ། །། །