TTDL-ZABTER-18-TSHA-059
TTDL-ZABTER-18-TSHA-059
ཇོ་མོ་མཁའ་འགྲོ་སྐྱིད་ལ་གདམས་པའི་གླུ་དབྱངས་མུ་ཏིག་མཛེས་པའི་དོ་ཤལ་བཞུགས།ན་མོ།དུས་གསུམ་སངས་རྒྱས་འདུས་པའི་དཔལ། །མཚོ་སྐྱེས་རྡོ་རྗེས་རྟག་ཏུ་སྐྱོངས། །སྲིད་མཚོར་དུབ་པའི་སྐྱེ་འགྲོ་ཀུན། །རང་གྲོལ་ངོ་བོ་སད་པར་མཛོད། །གསོན་དང་དད་ལྡན་བཙུན་མ་ཁྱོད། །ངེས་པར་དམ་ཆོས་བསྒྲུབ་འདོད་ན། །དལ་འབྱོར་རྙེད་དཀའི་ཚུལ་དྲན་ནས། །མི་ལུས་དོན་ལྡན་ཞིག་ལ་རེམ། །འདུ་བྱས་ཆོས་ཀུན་མི་རྟག་ཚུལ། །འདི་སྣང་ཙམ་ལ་བདེན་མ་ཞེན། །བླ་མ་དུས་གསུམ་སངས་རྒྱས་ལ། །མོས་གུས་དྲག་པོས་གསོལ་བ་ཐོབ། །མཆེད་ལྕམ་དཔའ་བོ་མཁའ་འགྲོ་ལ། །དག་སྣང་མོས་གུས་མ་ཞན་ཅིག།དམ་ཚིག་ངོ་ལྐོག་མེད་པ་ཞིག།བསྲུང་བ་ཆོས་ཀྱི་སྙིང་རྡོ་ཡིན། །ཚེ་འདིར་མགྲོན་པོའི་ས་ཚུགས་ཙམ། །མཁོ་མཁོ་དགོས་དགོས་བློ་མ་རིང་། །སྐྱེ་བ་ཐོག་མཐའ་མ་མཆིས་ཀྱང་། །གཏན་བདེ་བསྒྲུབ་དུས་ད་རེས་ཙམ། །མི་ཚེའི་སྟོད་ཆ་ཟད་ལ་ལྟོས། །ཚེ་མཇུག་ཆོས་ལ་དྲིལ་བར་རེམ། །གྲོགས་ངན་འཁོར་བའི་ལྕགས་སྒྲོག་ཡིན། །སྡུག་རོག་གླང་བུ་ངོ་དཀར་སྤོང་། །ད་ལྟ་རང་ལ་བསམ་མནོ་ཐོང་། །འཆི་ཁ་འགྱོད་མེད་ཞིག་ལ་རེམ། །དེང་དུས་སྔོན་ལས་བཟང་པོའི་མཐུས། །ཆོས་ཀྱི་མཐུན་རྐྱེན་འཛོམ་ལ་ལྟོས། །དྭ་ཕྲུག་འཁོར་བའི་དཔྱང་རྡོ་ཡིན། །གནོད་སྦྱིན་གཟུགས་ལ་ཆགས་མ་བྱེད། །མི་གྲལ་མི་སླེབ་བུད་མེད་ལུས། །ལྷ་གྲལ་སྙོག་དང་མོ་རབ་ཡིན། །ཕྱི་ལྟར་དགེ་མ་ཆོས་པའི་གཟུགས། །དོན་ལ་བདུད་མོ་སྲོག་འཕྲོག་མས། །རང་གཞན་ཐར་པའི་སྲོག་རྩ་གཅོད། །དེ་འདྲའི་ལད་མོ་མ་བྱེད་རེམ། །མགོ་འཕང་མཐོ་ན་དམན་ལ་འབབ། །དམན་ས་ཟུངས་ཤིག་དགེ་བཙུན་མ། །འགྲིམ་སྒོ་ཡང་ན་ཉེས་དང་འཕྲད། །རང་ཚོད་ཟུངས་ལ་རང་སྒོ་སྡོམ། །ཁ་དཀར་ངོ་འཛུམ་བསླུ་བ་མཁན། །བདུད་དམག་རྩ་རུ་སླེབ་ལ་ལྟོས། །འཁོར་བའི་ལས་ཀར་འགྲུབ་དུས་མེད། །འབུངས་ཤིག་ལས་ཟིན་དམ་པའི་ཆོས། །དེས་ཆོག་བློ་བདེ་འབྱུང་དུས་མེད། །ཆོག་ཤེས་བརྟེན་མཛོད་དགེ་བཙུན་མ། །ལས་སྣ་བདུད་ཀྱི་བསྒྱུར་ཉེ་བའི། །དྲན་ཤེས་ངོ་ཚ་བག་ཡོད་བསྟེན། །འགྲོ་དྲུག་ཕ་མའི་རང་བཞིན་ལ། །ཚད་མེད་རྣམ་བཞི་སྒོམས་ཤིག་རེམ། །དེ་ལྟར་རྒན་པོའི་གོམས་པའི་གཏམ། །སེམས་ལ་བཞག་ན་དུས་གསུམ་གྱི། །རྒྱལ་བའི་ཞལ་བསྡུར་མན་ངག་ཡིན། །ཐར་ལམ་ཐོབ་ངེས་གདོན་མི་ཟ། །ཨ་ཧོ།ཡེ་བབ་ཀྱི་རིག་པ་མངོན་གྱུར་ཞིག་བྱུང་ན། །ཡེ་རིག་གི་རྒྱལ་པོ་ཁྲི་ཁ་རུ་སླེབས་འདུག།ངར་འཛིན་གྱི་ཤེས་པ་ཡུལ་མེད་དུ་རྟོགས་པས། །གང་ཟག་གི་བདག་འཛིན་རང་མལ་དུ་སད་སོང་། །མིང་བརྗོད་ཀྱི་བརྗོད་གཞི་རྩ་བྲལ་ལ་ལྟོས་དང་། །མཚན་མ་དང་ཚིག་བྲལ་ངེས་པ་རུ་ཐག་ཆོད། །རྨི་སྣང་དང་ཉིན་སྣང་སྣོད་བཅུད་ལ་ལྟོས་དང་། །ཡུལ་མེད་ཀྱི་ཟང་ཐལ་ངེས་པ་རུ་བུད་སོང་། །ཕན་གནོད་དང་ལྷ་འདྲེ་དགེ་སྡིག་ལ་ལྟོས་དང་། །ཆོས་ཉིད་ཀྱི་ངང་དུ་ཅང་མེད་དུ་ཧར་སང་། །འཁོར་འདས་ཀུན་གནས་ཡུལ་རང་ཚུལ་ལ་ལྟོས་དང་། །རེ་དོགས་ཀྱི་ཡུལ་ངན་སྟོང་ཉིད་དུ་ཐལ་ཐལ། །ནམ་མཁའ་དང་ཡེ་གཞི་གཉིས་མེད་དུ་བརྡལ་བའི། །ཆོས་ཉིད་ཀྱི་དབྱིངས་སུ་འཁོར་འདས་ཀུན་དག་མཉམ། །སྣང་སྲིད་དང་འཁོར་འདས་འུབ་ཆུབ་ཀྱི་རོལ་པར། །རྒྱ་མཚོ་རུ་གཟའ་སྐར་བཀྲ་བཞིན་དུ་ཨེ་རིག།དག་མཉམ་དང་གཉིས་མེད་རོལ་པ་རུ་མངོན་པའི། །རྫོགས་ཆེན་གྱི་རྒྱལ་པོ་ངོ་མ་ཞིག་རེད་ན། །བསྒོམ་བཞག་དང་བཅོས་བསྒྱུར་རང་བབས་སུ་ཞིག་པའི། །བརྡལ་ཁྱབ་ཀྱི་རིག་པ་ཆོས་སྐུ་རུ་ཤོར་སོང་། །ལྟ་བ་ནི་འཁོར་འདས་དག་མཉམ་དུ་ཟང་ཐལ། །སྒོམ་པ་ནི་ཆོས་ཉིད་རང་བཞག་གི་རོལ་པ། །སྤྱོད་པ་ནི་མ་བཅོས་ཅོག་བཞག་དེར་ཡན་ཐོང་། །འབྱུང་ཆེན་དང་འབྱུང་ཆུང་དྭངས་མ་རུ་འཕོས་པའི། །སྒྲོན་བཞི་ཡི་གནད་དྲིལ་མྱུར་ལམ་ལ་བརྟེན་ནས། །ལམ་ལྔ་དང་ས་བཅུ་གཅིག་ཆར་དུ་བརྒལ་བའི། །སྣང་སེམས་ཀུན་འོད་གསལ་ཆོས་ཉིད་དུ་འཕོ་ལམ། །སྣང་བཞི་ཡི་མཐར་སོན་བུམ་སྐུ་རུ་མཆོང་ཤོག།ཅེས་པ་འདི་མི་རྒན་འཁྲུལ་པའི་ལབ་མོ་དོན་དུ་གཉེར་བ་མོ་ལ་སྤྲོད། །དགེའོ། །། །