TTDL-ZABTER-18-TSHA-061
TTDL-ZABTER-18-TSHA-061
དབོན་པདྨ་དངོས་གྲུབ་ལ་གདམས་པའི་གླུ་དབྱངས་ཐོས་པ་དོན་ལྡན་བཞུགས།དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག།ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་སྐྱོངས། །སྨོན་ལམ་ལས་ཀྱིས་འབྲེལ་བའི། །སྐལ་པ་བཟང་པོའི་སྐྱེས་བུ། །རྒན་པོའི་གཏམ་ལ་ཉན་ན། །དལ་འབྱོར་ལྡན་པའི་མི་ལུས། །མདོ་མེད་ཆུད་ཟོས་མ་བྱེད། །ཚེ་འདིའི་བྱ་བ་བསྒྲུབ་ནས། །རིན་ཆེན་གཏེར་མཛོད་བསགས་ཀྱང་། །སྒྱུ་མ་རྨི་ལམ་བཞིན་དུ། །མདོ་མེད་ངེས་པར་ཨེ་གོ། །དང་པོ་གོ་ས་མཐོ་རློམ། །རྒྱལ་ཁམས་ཁྱི་བཞིན་ཉུལ་ནས། །མཛའ་གྲོགས་འཁོར་གཡོག་ཚོགས་དང་། །ཕྱུག་བསྲེལ་འདུ་ལོང་གྲུབ་ཚེ། །ཚེ་འདིར་མི་བདེ་སྡུག་བསྔལ། །རིན་གྱིས་ཉོས་པ་ངོ་མ། །འཆི་ཁ་བྲང་ལག་འབྲེལ་ནས། །འགྱོད་ཆེན་སེམས་ལ་བཅིངས་ཏེ། །བཤེས་མེད་གྲོགས་མེད་གཅིག་པུར། །རྒྱུས་མེད་ཡུལ་ལ་འཁྱམས་འགྲོ། །བླ་ཆེན་ཐོབ་ཐང་དེ་ཡིན། །ཅོལ་ཆུང་བན་ཆུང་འགའ་རེས། །ཐོབ་ཆུང་ཚིག་ཕྱིར་འབྲང་ནས། །མཐོ་ལ་ཕྲག་པ་དོག་ཅིང་། །དམན་ལ་སྡང་སེམས་འཆང་ནས། །ཆགས་སྡང་རྩོད་པར་འབྱམས་ཀྱང་། །རྣམ་སྨིག་ཕྲག་ལ་བཀལ་ནས། །ངན་སོང་རིན་གྱིས་ཁུག་ཡོད། །བདུད་སྤྲུལ་བན་དྲེད་འགའ་རེས། །བསྟན་པ་འཛིན་སྐྱོང་ཟེར་ནས། །དམེ་གཞི་ཁྲག་མཚོ་བསྐྱིལ་ནས། །དམ་སྡོམ་རྒྱབ་ཏུ་བོར་ཏེ། །གསོད་གཅོད་ལས་ལ་བརྩོན་མཐར། །འདི་ཕྱི་གཉིས་ཕུང་ཨེ་རིག།བཟའ་ཚང་ཁ་དཔོན་བྱེད་པའི། །བླ་བཙུན་དབང་ཆེན་ཁེ་དྲག།ཡོད་ལ་ཁ་འཛིན་བྱེད་ཅིང་། །མེད་པའི་ཤག་འདེབས་མཁན་པོ། །བཟའ་མིའི་སྡུག་ཁུར་བྱས་ནས། །ཐ་མ་ན་ཚོད་ཡོལ་དུས། །ཀུན་གྱིས་བཟུང་མར་བྱེད་ཅིང་། །སྲང་ཁའི་ཁྱི་ལས་ཉེན་ཏེ། །རང་དབང་རང་ལ་མེད་དུས། །སྡུག་ཡུས་འདྲེན་ས་མི་འདུག།བླ་ཆེན་ཐོབ་ཐང་ཅན་འགས། །མི་ཚེ་ཇི་སྲིད་བར་དུ། །གསོན་སྐྱབས་གཤིན་འདྲེན་ཟེར་ཞིང་། །ངེས་མེད་རྒྱལ་ཁམས་བསྐོར་ནས། །ཟས་ནོར་མང་པོ་རྙེད་ཀྱང་། །འགའ་ཞིག་འགོང་འདྲེ་བསེ་རག།ལན་ཆགས་སྙོགས་མ་ཡལ་ཞིང་། །འགའ་ཞིག་བསག་བསག་བསྐྱང་བསྐྱང་། །ལོངས་སྤྱོད་བྱེད་དུས་མེད་བཞིན། །ཤི་ནས་ཤུལ་དུ་ལུས་ཚེ། །སྤྱོད་མིའི་དྲིན་ལན་ཨེ་གཟོ། །བསམ་མནོ་ཞིབ་ཏུ་ཐོངས་ལ། །རང་དོན་སྒྲུབ་ལ་རེམ་མཛོད། །འཇིག་རྟེན་སྲིད་པའི་ཁམས་ན། །ཆོས་བཞིན་སྒྲུབས་ཤིག་ཟེར་བའི། །ཁ་ད་བྱེད་མཁན་དཀོན་གྱི། །རང་ཚོད་རང་གིས་ཟུངས་མཛོད། །མི་ལོ་བརྒྱ་ཕྲག་ལོན་ཡང་། །ད་དུང་ལོ་མང་བྱ་བྱེད། །བསྒྲུབ་སྙམ་འབོར་དུས་མི་འདུག།ནམ་འཆི་ཆ་མེད་སྒོམས་ཤིག།ཚེ་རབས་ཐོག་མཐའ་མེད་ནས། །བསགས་པའི་བག་ཆགས་འཐུག་པོ། །བཤགས་སྦྱང་ཐབས་ལ་བརྩོན་ཚེ། །དཀའ་སྤྱད་སྙིང་རུས་མ་ཆུང་། །ཚེ་སྒྲུབ་མཉམ་པར་བྱས་ན། །རྣལ་གྲོལ་འབྲས་བུ་འཐོབ་སྲིད། །མི་ཚེ་སྟོད་སྨད་འདི་ལ། །དགེ་སྡིག་བསགས་གྲངས་རྩིས་ལ། །ང་རྒྱལ་ཁེངས་སེམས་སྤོང་མཛོད། །ལོ་སྒྲུབ་ཟླ་སྒྲུབ་ཙམ་ལ། །སྡུག་ཡུས་འདྲེན་རྒྱུ་མི་འདུག།ཚེ་གཅིག་འཇིག་རྟེན་བྱ་བཞག།དཀའ་སྤྱད་དྲག་པོས་བསྒྲུབ་ཀྱང་། །མདོ་མེད་ངེས་པར་རེད་དོ། །དགྲ་ལ་སྡང་བའི་སེམས་དང་། །གཉེན་ལ་བརྩེ་གདུང་ཆགས་སེམས། །མཐོ་ལ་ཕྲག་པ་དོག་ཅིང་། །དམན་ལ་སྡང་སེམས་བྱེད་པ། །འདི་དག་འགོང་པོ་སྒོ་ཉལ། །ཐམས་ཅད་འཆིང་བའི་གཞི་ཡིན། །ཉིན་མོ་རྣམ་པར་གཡེང་ཞིང་། །མཚན་མོ་གཉིད་དུ་དུབ་ནས། །མི་ཚེ་ཟད་ལ་ལྟོས་དང་། །ཕྱི་མའི་དོན་གཉེར་ནམ་བྱེད། །ཚེ་འདིའི་སྣང་བ་བྱ་བྱེད། །སྒྱུ་མ་རྨི་ལམ་དང་མཚུངས། །རྟག་འཛིན་ཞེན་ཆགས་སྤོང་ལ། །ཡང་དག་དགེ་ལ་ཆས་མཛོད། །འདི་སྣང་རྨི་ཉམས་ཙམ་ལ། །ཞེན་པ་གཏིང་ནས་ཆོད་ཅིག།སྙིང་གཏམ་སྙིང་པོ་དེ་ཡིན། །ཨ་ཧོ།སོར་རྟོག་ཤེས་རབ་རྣོན་པོས། །གཟུང་འཛིན་ཡུལ་ལ་ལྟོས་དང་། །མིང་དང་དངོས་པོའི་གཞི་རྩ། །མ་གྲུབ་སྟོང་ཉིད་རོལ་པར། །མཐོང་ཚེ་བདག་མེད་མངོན་གྱུར། །སླར་ཡང་རྨི་སྣང་ཉིན་སྣང་། །འདི་ཕྱིའི་སྣང་བ་ཐམས་ཅད། །དཔེར་ན་ནམ་མཁའི་དབྱིངས་སུ། །སྒྱུ་མ་ཡེ་ནས་མ་གྲུབ། །རྫས་སྔགས་སྒྱུ་མ་མཁན་གྱིས། །སྒྱུ་མའི་འཕྲུལ་སྣང་ཅི་བཞིན། །ཆོས་ཉིད་རྣམ་དག་དབྱིངས་སུ། །འཁོར་བ་གདོད་ནས་མ་གྲུབ། །ངར་འཛིན་བདག་རྟོག་གཅིག་པུས། །འཁོར་བའི་སྣང་སེམས་འཁྲུལ་སྣང་། །གནས་འགྱུར་འགྲོ་དྲུག་གྲོང་ཁྱེར། །གཅིག་ནས་གཅིག་ཏུ་ཤར་སྣང་། །དོན་ལ་དུས་གསུམ་ཀུན་ཏུ། །གཞི་ལ་གཡོ་བ་མེད་བཞིན། །འཁོར་བའི་ཡུལ་ཁ་མ་བརྒྱུད། །བདེ་སྡུག་མྱོང་ཚོར་མ་བྱུང་། །ཡུལ་དྲུག་སྣང་བ་མ་གྲུབ། །མེད་བཞིན་ཡོད་པར་སྣང་བའི། །བདག་རྟོག་ཀུན་ཏུ་རྟོག་པ། །བདེ་སྡུག་ཉེར་ལེན་མཁན་པོ། །བདག་མེད་ངེས་པར་རྟོགས་ནས། །འཁོར་བ་རང་སྣང་ངེས་པར། །ཐག་ཆོད་གདིང་དུ་གྱུར་དགོས། །གདོད་མའི་ཡེ་གཞི་ཆེན་པོ། །སངས་རྒྱས་བཟང་པོས་མ་བཅོས། །སེམས་ཅན་ངན་པས་མ་བསླད། །སྤྲོས་མཐའ་བརྒྱད་དུ་མ་ལྷུང་། །རྣམ་ཐར་གསུམ་དང་ལྡན་ཞིང་། །ཐེག་དགུའི་གཞི་ལམ་འབྲས་རྫོགས། །དེ་ལྟར་ཆོས་ཉིད་གནས་ལུགས། །ཚུལ་བཞིན་ངེས་པར་མཐོང་ནས། །རྫོགས་ཆེན་ལྟ་བ་ངོ་མ། །འཁོར་འདས་སྣང་སེམས་ཐམས་ཅད། །རྒྱ་མཚོའི་གཟའ་སྐར་ཇི་བཞིན། །གཉིས་མེད་རོལ་པར་རྟོགས་ནས། །ཡེ་གནས་ཤེས་རབ་ཆེན་པོ། །མངོན་གྱུར་རང་ཐོག་ཕེབས་པ། །བསྒོམ་པ་ལམ་གྱི་དམ་པ། །ལྟ་ཕྱོགས་སྤྱོད་པ་མི་འཆོལ། །མངོན་སངས་རྒྱས་ཀྱི་བར་དུ། །སྤྱོད་པ་ཞི་དུལ་བག་ཡོད། །བསྟེན་པ་ཡང་དག་སྤྱོད་པ། །གནད་གསུམ་གཅིག་དྲིལ་དེ་ཡིན། །ཡེ་གཞི་ཀ་དག་ཆོས་སྐུ། །དུས་གསུམ་རྒྱལ་བའི་ངོ་བོ། །བདེན་པ་གཉིས་ཀྱི་དམ་ཆོས། །གཅིག་ཏུ་དྲིལ་བའི་དབྱིངས་ཡིན། །འཛིན་རྩོལ་དམིགས་གཏད་བཅོས་བསྒྱུར། །བློ་ཡིན་བློ་དང་བྲལ་བའི། །ཡེ་གནས་ཡེ་ཤེས་ཆེན་པོ། །མངོན་གྱུར་ཟབ་ལམ་མཆོག་ཡིན། །འབྲས་བུ་རང་ཐོག་རང་གྲོལ། །ཀུན་ཏུ་བཟང་པོ་མངོན་གྱུར། །དབྱིངས་དང་ཡེ་ཤེས་མཉམ་གདལ། །གྲོལ་ས་གཞན་དུ་མ་ཚོལ། །གྲོལ་ས་གཞན་དུ་ཚོལ་ནས། །སེམས་ཅན་ངན་པའི་སྣོད་ལ། །སངས་རྒྱས་བཟང་པོའི་གནང་སྦྱིན། །བླུག་ནས་འགེངས་པར་འདོད་པའི། །དམུས་ལོང་རྗེས་སུ་མ་འབྲང་། །དེ་ལྟར་ཁྲེགས་ཆོད་ལྟ་བ། །རྟོགས་ནས་མྱུར་ལམ་སྙིང་པོ། །ཐོད་རྒལ་ཉམས་སུ་ལེན་ཚུལ། །བཞུགས་སྟངས་གཟིགས་སྟངས་རྣམ་དྲུག།ཤེས་ནས་སྒོ་ཡི་གནད་བསྟུན། །གནས་ལུགས་གཞི་ཡི་སྒྲོན་དྲུག།ཇི་བཞིན་ཤེས་པར་བྱས་ནས། །རྣལ་འབྱོར་ལམ་གྱི་སྒྲོན་བཞི། །ལམ་དུ་བྱས་ནས་བསྒོམ་དང་། །མ་དག་འཁོར་བའི་སྣང་བ། །དག་དབྱིངས་དྭངས་མའི་དབྱིངས་སུ། །བཙན་ཐབས་ཉིད་དུ་འཕོ་བའི། །འཕོ་ཆེན་གདམས་པ་དེ་ཡིན། །མངོན་སུམ་སྣང་བ་མཐོང་ཚེ། །ཆོས་ཉིད་གཡོ་འགུལ་བྲལ་བའི། །གཤིས་སུ་ཕེབས་ནས་བརྟན་ཐོབ། །གོང་འཕེལ་སྣང་བ་མཐོང་ཚེ། །ཆོས་ཉིད་གཏད་མེད་རྒྱ་ཡན། །མངོན་གྱུར་ཆེན་པོའི་ཐོག་ཕེབས། །རིག་པ་ཚད་ལ་ཕེབས་ཚེ། །ཆོས་ཉིད་རྫོགས་པ་ཆེན་པོ། །དོན་གྱིས་འཐོབ་པའི་ས་ཡིན། །ཆོས་ཟད་བློ་འདས་ཆེན་པོ། །ཆོས་ཉིད་ཟང་ཐལ་དྲི་མེད། །མངོན་གྱུར་ཆེན་པོའི་ས་ཡིན། །ཤེས་སྒྲིབ་དབྱིངས་སུ་སངས་ནས། །ཁྱད་ཆོས་དྲུག་དང་ལྡན་པའི། །ཁྱད་ཆོས་གཞོན་ནུ་བུམ་སྐུར། །འཇའ་ལུས་ཆེན་པོར་སངས་རྒྱས། །དེ་ལྟར་རྒན་པོའི་ཁ་ད། །ཁྱེད་ཀྱི་ཐུགས་ལ་བཅང་ནས། །ཚུལ་བཞིན་ཉམས་སུ་བླང་ན། །ཚེ་འདིར་ཡང་དག་སངས་རྒྱས། །གདོན་མི་ཟ་བར་འཐོབ་འོང་། །ཕན་སེམས་གླུ་རུ་གྱེར་མཐུས། །ཁམས་གསུམ་འཁོར་བའི་སྐྱེ་འགྲོ། །སྐུ་གསུམ་མཉམ་བརྡལ་དབྱིངས་སུ། །ཆམ་གཅིག་གྲོལ་བར་སྨོན་ནོ། །ཞེས་པ་འདིའང་གདོང་དབོན་པོ་པདྨ་སིདྡྷིས་ནན་དུ་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་བྲིས་པའོ། །དགེའོ། །། །