TTDL-ZABTER-18-TSHA-063
TTDL-ZABTER-18-TSHA-063
དོན་རྟོགས་ལ་གདམས་པའི་གཏམ་ལེགས་ཉེས་གསལ་བའི་ཨ་དཪྴ་བཞུགས་སོ། །སྐྱབས་གནས་དམ་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བདག་གི་བུ་སློབ་རྣམས་དང་དོན་རྟོགས་ཞེས་བྱ་བ་འདི་ལ་སྲུང་སྐྱོབས་དམ་པ་མཛད་ཅིང་རྗེས་སུ་བཟུང་སྟེ་ཡང་དག་པའི་ལམ་ལ་གཟུད་ནས་བར་ཆད་ཀྱི་དགྲ་བགེགས་ཐམས་ཅད་ཕྲིན་ལས་མངོན་སྤྱོད་དྲག་པོས་ཚར་གཅོད་པར་མཛད་དུ་གསོལ།བཛྲ་ས་མ་ཡ།ཀྱེ་ཧོ།རིགས་ཀྱི་བུ་ཁྱོད་ཚུར་གསོན་དང་། །གཏན་དུ་བདེ་བའི་གྲོས་ཤིག་འདེབས། །བླ་མ་སངས་རྒྱས་ཀུན་འདུས་ལ། །མོས་གུས་གསོལ་འདེབས་དྲག་པོ་མཛོད། །མཆེད་ལྕམ་ཐར་པའི་ལམ་གྲོགས་ལ། །བརྩེ་དང་གདུང་སེམས་དྲག་པོ་མཛོད། །སེམས་ཅན་ཕ་མའི་རང་བཞིན་ལ། །སྙིང་རྗེ་ཕན་སེམས་ལྷུར་ལེན་མཛོད། །འདི་སྣང་སྒྱུ་མ་རྨི་ལམ་གྱི། །དཔེར་ཟུང་ནམ་འཆི་ཆ་མེད་བསྒོམ། །འཁོར་བ་སྡུག་བསྔལ་ཡོ་ལངས་ལས། །ཐར་བའི་ཐབས་ལ་དལ་མེད་འབུང་། །སྡུག་བསྔལ་ཀུན་གྱི་རྒྱུ་རྩ་བ། །མི་དགེ་དུག་བཞིན་སྤང་མཛོད་ཅིག།སེམས་ཅན་གཞན་གྱི་སྲོག་མ་གཅོད།ཟས་ནོར་ཆེ་ཕྲ་བརྐུ་མ་བྱེད། །སྡུག་གྲོགས་བུད་མེད་ཆགས་སྦྱོར་སྤོངས། །ལུས་ཀྱི་སྡོམ་པའི་རྩ་བ་ཡིན། །རང་གཞན་མགོ་བསྐོར་རྫུན་མ་གྱེར། །མཐུན་གཉིས་བར་ལ་དབྱེན་མ་བྱེད། །གཞན་རྒྱུད་བསྲེག་བྱེད་ཚིག་རྩུབ་སྤོངས། །རང་གཞན་གཡེང་བའི་ལབ་མོ་སྤོངས། །ངག་གི་སྡོམ་པའི་རྩ་བ་ཡིན། །གཞན་གྱི་དཔལ་ལ་རློམ་མ་བྱེད། །གཞན་ལ་གནོད་སེམས་དྲག་པོ་དང་། །དཀོན་མཆོག་གསུམ་ལ་ལོག་ལྟ་སྤོངས། །འདི་ནི་ཡིད་ཀྱི་སྡོམ་པ་ཡིན། །དེ་ལྟར་མི་དགེ་རྣམ་པ་བཅུ། །སྤང་ན་ཁྱོད་རྒྱུད་ཆོས་དང་འདྲེས། །མདོར་ན་ཆོས་པའི་བྱ་བ་ལ། །དམན་ས་བཟུང་ནས་རང་རྒྱུད་ཐུལ། །ཧྲུལ་པོའི་གོས་གྱོན་མཛེས་ཆོས་སྤོངས། །རྣམ་གཡེང་འདུ་འཛི་ལེ་ལོ་ཆོད། །བློ་མང་གནས་ཆོས་འདམ་པ་སྤོངས། །མཐོང་མཐོང་ཐོས་ཐོས་ཡུལ་ཞེན་ཆོད། །གོ་ས་མཐོ་ལ་རློམ་མ་བྱེད། །ཟས་ནོར་ཕྱུག་པོར་རེ་སྐམ་ཆོད། །རྩེ་གཅིག་ངེས་མེད་རི་ཁྲོད་དུ། །མི་རོ་བཞིན་དུ་སྡོད་ཚུགས་མཛོད། །དུས་ཀུན་མགོ་སྐྲ་ཐོད་བཅིང་ནས། །གྲོང་ཡུལ་ཁྱི་བཞིན་ཉུལ་བའི་མི། །གསང་སྔགས་བསྟན་པའི་བླ་བཙོང་ཡིན། །རྣལ་འབྱོར་ཡོངས་ཀྱི་རྐང་འདྲེན་ཡིན། །དེ་ཡི་ལད་མོ་མ་བྱེད་རེམ། །སྤྲང་པོའི་སྡུག་རོག་སྤྲང་མོ་ཁྲིད། །དྭ་ཕྲུག་ཁ་མང་འཚོ་མི་ནུས། །ཆེ་རློམ་མཐོ་འདོད་རྒྱུན་མི་འཆད། །འགོང་པོ་ལག་སྦྲེལ་བསེ་རག་ཁོས། །སྐྱིད་བྱུང་སྡུག་ཟད་འབྱུང་དུས་མེད། །དེ་འདྲའི་ལད་མོ་མ་བྱེད་རེམ། །རྫུན་ཚིག་གཞན་བསླུ་ལ་བྲིན་ཡང་། །ཕུག་རྡིབ་ཀུན་གྱི་ལྐོག་ཏུ་གླེང་། །ཁྱི་ཤ་བཞིན་དུ་བརྙས་ལ་ལྟོས། །དེ་ཚོའི་ལད་མོ་མ་བྱེད་རེམ། །དགེ་བཙུན་སྔགས་པའི་གཟུགས་བརྫུས་ནས། །གཞན་གྱི་ནོར་རྫས་བརྐུས་བརྐུས་ན། །རོ་མིན་སེམས་ལྡན་ཀུན་གྱིས་ཤེས། །རང་མིན་ཀུན་ལ་ཤུབ་བུར་གླེང་། །ཁྱི་རྒན་བཞིན་དུ་དོགས་ཡུལ་བྱེད། །མི་སར་མ་ཚུད་ཁོ་ཐག་ཆོད། །དེ་འདྲའི་ལད་མོ་མ་བྱེད་རེམ། །འགའ་ཞིག་བྱ་བྲལ་ཡིན་སྐད་ནས། །ས་ཕག་ཡིབ་ཅིང་ཁྱིམ་ཆེན་བཟུང་། །ཡིག་བྲིས་འདོན་དོམ་མང་པོ་བླངས། །གྲོང་ཡུལ་ཁྱི་ཕག་བཞིན་དུ་རྒྱུ། །ཟླ་གཅིག་མཚམས་སྒྲུབ་མ་གྲུབ་སྟེ། །མཁོ་མཁོ་དགོས་དགོས་རྒྱུན་མི་ཆད། །ཤི་ན་དམ་སྲི་ཉུ་ལེར་སྐྱེ། །དེ་འདྲའི་ལད་མོ་མ་བྱེད་རེམ། །མདོ་ཤོར་འདི་ཕྱིའི་སྐལ་ཆད་འགས། །ཚེ་འདིའི་སོ་ནམ་བྱེད་མི་ཐུབ། །དེ་ཚེ་མཚམས་སྒྲུབ་བྱེད་སྙིང་འདོད། །མཚམས་སྒྲུབ་བྱེད་ལ་བབ་པའི་དུས། །སྡོད་སར་མི་ཚུགས་ཉུག་ཉུག་བྱེད། །ཝ་སྤྱང་ལྟ་བུར་ཀུན་ཏུ་རྒྱུ། །དེ་འདྲའི་ལད་མོ་མ་བྱེད་རེམ། །མདོར་ན་དུས་དང་རྣམ་ཀུན་ཏུ།རི་དྭགས་རྨས་པ་ཇི་བཞིན་དུ། །གཅིག་པུར་སྡོད་ལ་སྒྲུབ་པ་གྱིས། །སྲོག་འཚོ་ཙམ་གྱི་ཁ་ཟས་ལས། །གཏན་ནོར་གསོག་སེམས་མ་སྐྱེ་ཞིག།ལྷག་སྐྱོབ་ཙམ་གྱི་གོས་ཧྲུལ་ལས། །མཛེས་བཟང་འཇམ་པར་མ་རེ་ཞིག།ལྟ་སྒོམ་ཟབ་མོ་ཉམས་ལེན་གནད། །རྣམ་རྟོག་ཕྲེང་བར་མ་རྩི་ཞིག།དེ་དག་ཚུལ་བཞིན་ཉམས་ལེན་ན། །རྩ་བའི་བླ་མའི་ཞབས་ཏོག་ཡིན། །དྲིན་ཆེན་ཕ་མའི་དྲིན་ལན་ཡིན། །དཀོན་མཆོག་གསུམ་གྱི་བསྟན་པ་ཡིན། །སེམས་ཅན་ཡོངས་ཀྱི་འགྲོ་དོན་ཡིན། །བཀའ་ཤོག་འདི་ཡི་རྣམ་ཐར་ནི། །ཤཱཀྱ་ཐུབ་པའི་བཀའ་ཤོག་ཡིན། །མར་མེ་མཛད་ཀྱི་ལུང་བསྟན་ཡིན། །བྱམས་པ་མགོན་པོའི་ཐུགས་དམ་ཡིན། །པདྨ་འབྱུང་གནས་ཞལ་ཆེམ་ཡིན། །བརྒྱུད་འཛིན་ཡོངས་ཀྱི་སྲོག་རྩ་ཡིན། །བདུད་འཇོམས་རྡོ་རྗེའི་སྨྱོ་གཏམ་ཡིན། །ཉམས་སུ་བླང་ན་དམ་པ་ཡིན། །ཡལ་བར་དོར་ན་ང་ངལ་བས། །ཁྱོད་ཀྱི་ཉེས་པ་ཕྲ་མོ་བསགས། །ཨ་ཧོ།ཡེ་གཞི་ཡི་ཆོས་སྐུ་ཀུན་བཟང་ཉིད་ཨེ་རི། །འཁོར་འདས་ཀྱི་ཆོས་ཀུན་དག་མཉམ་ཞིག་རེད་ན། །ཡེ་གནས་ཀྱི་ཡེ་ཤེས་མངོན་གྱུར་དུ་ཐལ་ཐལ། །སངས་རྒྱས་ནི་རང་ས་དེ་ཉིད་དུ་ཨེ་གོ། །མ་བལྟས་དང་ཆོས་ཉིད་མངོན་སུམ་དུ་མཐོང་བྱུང་། །མ་བསྒོམ་དང་རིག་པ་ཚད་ཕེབས་སུ་བུད་ཐལ། །མ་བསྒྲུབ་དང་ཡེ་ཤེས་རང་བྱུང་དེ་འགྲུབ་ཡོད། །མ་རྩོལ་དང་འགྲོ་དོན་གཅིག་ཆར་དུ་འགྲུབ་ཐལ། །མི་མངོན་པའི་རྒན་པོའི་སྐྱིད་ཉལ་ལ་ལྟོས་དང་། །མ་བརྟེན་པའི་རང་རིག་བླ་མ་རུ་ཤར་བྱུང་། །མ་བྲིས་དང་སྣང་བ་བརྡ་དཔེ་རུ་ཤར་ཐལ། །མ་བཅོས་པས་རྒན་པོའི་འབད་རྩོལ་འདྲ་མིན་ཏེ། །འབྲོག་བན་དང་བདུད་འདུལ་སྦྱངས་སྟོབས་དེ་ངོ་མཚར། །པད་འབྱུང་གིས་རྗེས་བཟུང་རྒན་པོ་ཡི་སྐྱིད་པ། །སྨོན་ལམ་དང་ལས་འབྲེལ་མཐུན་པ་ཡི་བུ་ཆུང་། །དགའ་སྤྲོ་ཡི་ངང་ནས་ཕ་རྗེས་ལ་མཆོང་ཤོག།ཐོགས་འགོར་གྱི་སྲིད་ཡུལ་ལྟད་མོ་རུ་མ་མངོན། །ཤེས་རིག་གི་རྒྱལ་པོའི་ཞིང་ཁམས་དེ་མཚར་རོ། །ཁམས་གསུམ་གྱི་འཁོར་བ་གཅིག་ཆར་དུ་འདྲེན་པའི། །སྟོབས་ལྡན་གྱི་དབང་ཕྱུག་ཆོས་ཟད་ལ་ཆས་འགྲོ། །ཕ་རྗེས་སུ་བུ་ཡིས་ཟིན་པ་ཞིག་བཀའ་ཡིན། །ཅེས་པ་འདི་སློབ་འབངས་སུ་གྱུར་པ་དོན་རྟོགས་ཞེས་བྱ་བ་ལ་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཤིན་ཏུ་གཅེས་པའི་སྙིང་གཏམ་གདམས་པའོ། །དགེའོ། །དགེའོ།དགེའོ། །། །