TTDL-ZABTER-18-TSHA-064
TTDL-ZABTER-18-TSHA-064
རྣལ་འབྱོར་ཆོས་ཉིད་འོད་ཟེར་ལ་གདམས་པ་ཉམས་ཀྱི་གླུ་དབྱངས་བཞུགས་སོ། །འགྲོ་བའི་མགོན་པོ་མཉམ་མེད་ཤཱཀྱའི་ཏོག།བོད་ཁམས་མུན་སེལ་མཁན་ཆེན་ཞི་བ་འཚོ། །གསང་སྔགས་བསྟན་པའི་སྲོག་ཤིང་པདྨར་སྐྱེས། །དབྱེར་མེད་རང་རིག་དོན་གྱི་བླ་མར་འདུད། །གྲངས་མེད་ཚོགས་སྨོན་ལས་འཕྲོ་བཟང་པོའི་འབྲས། །ད་རེས་དལ་འབྱོར་ལྡན་པའི་མི་ལུས་ཐོབ། །རྙེད་དཀའ་དྲན་ནས་དོན་དང་ལྡན་པར་མཛོད། །ཚེ་འདིའི་སྣང་བ་སྒྱུ་མའི་ལྟད་མོ་འདྲ། །ནམ་འཆི་ཆ་མེད་དྲན་མཛོད་བློ་སྣ་བསྟུང་། །ཁམས་གསུམ་འཁོར་བ་སྡུག་བསྔལ་ཡོ་ལངས་ལ། །ཐར་པ་དོན་དུ་གཉེར་མཛོད་སྐལ་ལྡན་བུ། །དཀར་ནག་ལས་འབྲས་གདོན་མི་ཟ་བར་སྨིན། །བླང་དོར་གནས་ལ་མཁས་པ་ལག་ལེན་གནད། །ཐར་པའི་ལམ་སྟོན་དགེ་བའི་བཤེས་གཉེན་ཡིན། །དཔྲལ་བའི་མིག་བཞིན་རྩི་བཀུར་བྱེད་པ་དང་། །སྒྲུབ་དང་དཀྱིལ་འཁོར་ཡོངས་ཀྱི་བདག་པོར་བསྟེན། །དམ་ཚིག་སྡོམ་པ་ཐར་པའི་སྲོག་རྩ་ཡིན། །སྲོག་གི་གཏའ་རུ་ཟུངས་ཤིག་སྐལ་ལྡན་བུ། །རྣམ་མཁྱེན་གསལ་ལམ་བྱང་ཆུབ་སེམས་མཆོག་ཡིན། །འགྲོ་དོན་བར་མེད་མཛོད་ཅིག་སྐལ་ལྡན་བུ། །སྐྱེས་བུ་གསུམ་གྱི་ལམ་རིམ་དམ་པའི་ཆོས། །རྒྱལ་བའི་བཀའ་སྟེ་ཕྱོགས་རིས་མ་བྱེད་ཅིག།མདོ་སྔགས་བསྟན་པའི་ཉི་མ་འོད་པོ་ཆེ། །བདུད་འབངས་ཀླ་ཀློའི་སྤྲིན་དང་ཉེ་ལ་ལྟོས། །བཟློག་བྱེད་མཐུ་ནུས་རླུང་ཆེན་བྲན་པ་ཡི། །སྐྱེ་བོ་མཆིས་ན་ཕྱོགས་རིས་དོན་ལྡན་ལེགས། །དེ་མིན་དོན་མེད་སྡིག་ཆེན་བསགས་པ་ཡིས། །ཐར་པའི་སྐར་ཁུང་བསྣུབ་པས་དོན་ཅི་མཆིས། །འགའ་ཞིག་གོ་ས་མཐོ་ལ་སྲེད་པ་ཡིས། །ཐ་མ་བྱ་བྱེད་མང་པོའི་སྣ་ཀ་ཟིན། །སོས་དལ་མེད་པར་གཏོ་ཡས་དག་ལ་འབྱམས། །འདོད་དང་སྲེད་པས་རྒྱུད་ཁེངས་གྲོང་ཡུལ་ཉུལ། །ཤི་བའི་ནང་བར་ལས་མཐའ་ཟིན་དུས་མེད། །དེ་འདྲའི་ལས་ངན་མ་བྱེད་སྐལ་ལྡན་བུ། །འགའ་ཞིག་དགྲ་འདུལ་གཉེན་སྐྱོང་བྱ་བ་ཡིས། །ཁེ་དྲག་བསྒྲུབ་འདོད་མི་ཚེ་དེ་ལ་ཟད། །ཤི་བའི་ནང་པར་འགྱོད་ཀྱང་འཕྱིས་པ་ཡིན། །དེ་དོན་སེམས་ལ་ཞོག་དང་སྐལ་ལྡན་བུ། །གྲོང་ཡུལ་ཉུལ་ཚེ་གཅིག་པུར་སྡོད་སྙིང་འདོད། །གཅིག་པུར་སྡོད་ཚེ་གྲོང་ཡུལ་འགྲོ་སྙིང་འདོད། །བློ་སྣ་མང་པོས་བསམ་པའི་དོན་ཀུན་འཆོར། །བློ་སྣ་གཅིག་ཏུ་དྲིལ་དང་ཕོ་རབ་ཡིན། །ཐོས་པ་སློབ་ཚེ་བསྒོམ་པ་ཉམས་ལེན་འདོད། །སྒོམ་སྒྲུབ་བྱེད་ཚེ་བཟླས་བརྗོད་བྱེད་ལ་སྤྲོ། །ཡིད་ཆེས་མེད་པས་དོན་ཀུན་འགྲུབ་དུས་མེད། །མི་ཆོས་བསྒྲུབ་པས་ལམ་ལ་གཡེལ་ཞིང་རྨོངས། །ལྷ་ཆོས་བསྒྲུབ་ཚེ་ལེ་ལོས་རྣམ་པར་གཡེངས། །འདི་ཕྱིའི་ཟོང་ཟད་མདོ་མེད་སྐལ་བ་ཆད། །མི་ཡི་ནང་ནས་གཟུགས་བརྙན་ཙམ་པོ་བ། །དེ་དོན་ཡིད་ལ་ཞོག་ཅིག་དོན་ལ་གཉེར། །མི་ཚེ་རྨི་ལམ་གནས་སྐབས་ཙམ་འདི་ལ། །རྟག་འཛིན་ཞེན་པ་ཆོད་ལ་གཏན་བདེ་སྒྲུབས། །ཚེ་འདིར་ཐར་པའི་ལམ་སྣ་ཟིན་པ་ཞིག།མཛོད་དང་མི་ཡི་ནང་ནས་ཁྱུ་མཆོག་ཡིན། །ད་ནི་ཐར་པ་ཆེན་པོའི་གྲོང་འཇུག་ན། །སྦྱང་གཞི་མ་དག་འཁོར་བའི་སྒོ་གསུམ་པོ། །སྦྱང་བྱེད་རྡོ་རྗེ་གསུམ་གྱི་གྲོང་འཕོ་འཇུག།མངོན་པར་ཞེན་པ་དྲུག་ལས་བཟློག་པའི་ཕྱིར། །ཞིང་དང་གཞལ་ཡས་སྟོན་འཁོར་གདན་གོས་རྒྱན། །གསལ་ཞིང་དག་པ་དྲན་པའི་གནད་ཀྱིས་ཟུངས། །སྒྱུ་མ་རྨི་ལམ་ཆུ་ཟླ་གཟུགས་བརྙན་དང་། །རྨི་ལམ་ཅི་བཞིན་སྟོང་པའི་རྒྱ་ཡིས་ཐོབ། །གསལ་སྣང་རྒྱུན་བཟུང་རྣམ་མཁྱེན་ལམ་སྣར་བསྐྱལ། །འཁོར་འདས་རང་སྣང་རོལ་པར་ཐག་བཅད་ནས། །རེ་དང་དོགས་པའི་མཚན་མ་ཞིག་པའི་ཕྱིར། །ཆིངས་ཆེན་གསུམ་གྱི་མན་ངག་གནད་ལྡན་པས། །གཉན་ཁྲོད་དག་ཏུ་ངེས་མེད་རྒྱུ་བྱས་ནས། །རྣམ་རྟོག་དག་ལ་ཐོག་བརྫིས་བྱ་བ་དང་། །བདུད་གཞི་དབྱིངས་སུ་གཅོད་པའི་ལམ་ལ་བསླབ། །གཅེས་འཛིན་ཕུང་པོ་མཆོད་སྦྱིན་གཟན་དུ་མཛོད། །སྣང་བ་སྒྱུ་མ་རྨི་ལམ་ལྟ་བུར་སྦྱང་། །རྐྱེན་ངན་དངོས་གྲུབ་མཆོག་ཏུ་བསྒྱུར་བ་དང་། །ལྟས་ངན་གཡང་དུ་ལེན་པ་མན་ངག་གནད། །ན་དགའ་ཤི་སྐྱིད་སྐྱིད་སྡུག་རོ་སྙོམས་པ། །གཅོད་ཀྱི་མན་ངག་ཟབ་ཁྱད་མཆོག་ཏུ་ཤེས། །ཚེ་གཅིག་སྙིང་པོའི་སྒྲུབ་ལ་གཞོལ་བ་དང་། །གཞན་གྱི་རྐྱེན་དབང་མི་བཏང་རྣལ་འབྱོར་ལམ། །གྲོང་ཕྱོགས་འདྲེ་བརྡུང་མཁན་དང་ཁྲིམས་གཉེར་མཁན། །མོ་གྲོགས་བུ་སྐྱོང་མཁན་དུ་འཆོལ་བ་ནི། །བདུད་ཀྱི་འབངས་སྤུན་དེ་ལས་རིང་བར་བྲོས། །རྣལ་འབྱོར་སྤྱོད་པའི་གནད་ཡིན་མཆོག་ཏུ་ཟུངས། །ད་ནི་མ་རིག་བདག་ལྟའི་རཱུ་དྲ་འདི། །དང་པོ་འཛིན་པ་རླུང་གི་གཞི་བཟུང་ནས། །ཆོས་དབྱིངས་མདངས་བསྒྲིབ་ནམ་མཁའ་བེམ་སྟོང་ཤར། །མེ་ལོང་མདངས་བསྒྲིབ་རྒྱ་མཚོ་ཆུ་རུ་ཤར། །མཉམ་ཉིད་མདངས་བསྒྲིབ་ས་ཡི་གཞི་ཡང་ཤར། །སོར་རྟོག་མདངས་བསྒྲིབ་མེ་དང་དྲོད་དུ་ཤར། །དེ་ནི་སྣོད་ཀྱི་འཇིག་རྟེན་ཅེས་སུ་གྲགས། །འབྱུང་ཆེན་དེ་ཡི་དྲོད་དང་རླངས་པའི་ཚུལ། །ཤ་སོགས་འབྱུང་ཕྲན་ལྔ་འདུས་སེམས་ཅན་ཤར། །དེ་ཡང་བཅུད་ལས་དྭངས་མ་སྙིགས་མའི་ཚུལ། །སྣང་བའི་ཡུལ་གྱུར་གནས་རིགས་དྲུག་ཏུ་གྲགས། །དོན་ལ་བདག་ཏུ་ལྟ་བའི་རཱུ་དྲ་ཡི། །ཤ་ཁྲག་དྲོད་དབུག་ཕུང་ཁམས་སྐྱེ་མཆེད་དེ། །དོན་ལ་འཁྲུལ་སྣང་ལས་ནི་གཞན་མ་ཡིན། །འདི་དོན་རྟོགས་ན་རཱུ་དྲཱ་ངང་གིས་གྲོལ། །ཨ་ཧོ།གཞི་མེད་དང་རྩ་བྲལ་ཆོས་སྐུ་ཡི་ཡོ་ལངས། །མ་རིག་པའི་མུན་པ་རྣམ་གསུམ་གྱིས་བསྒྲིབ་ནས། །ལྷུན་གྲུབ་ཀྱི་སྣང་བ་རྟེན་འབྱུང་དུ་གོ་འཕོས། །བདག་ལྟ་ཡི་རཱུ་དྲཱ་འཁོར་བ་རུ་ལངས་ནས། །སྐྱེ་འགགས་ཀྱི་སྣང་བ་དུས་གསུམ་དུ་ཤར་ཚེ། །ཚོགས་བརྒྱད་ཀྱི་སྒྱུ་འཕྲུལ་མ་ངེས་པར་མངོན་པས། །ཡུལ་དྲུག་གི་སྣང་བ་གོ་རྟོག་ཏུ་འཕོས་འགྱུར། །བདག་འཛིན་གྱི་ལས་རླུང་འབྱུང་བཞི་རུ་གྲུབ་ནས། །ཡེ་ཤེས་ཀྱི་མདངས་ལྔ་གདངས་ཐོག་ཏུ་ནུབ་སྟེ། །གདངས་ལྔ་ལ་མངོན་ཞེན་འབྱུང་ལྔ་རུ་འཐས་པས། །སྣོད་བཅུད་ཀྱི་རོལ་པ་རྟེན་མེད་དུ་ཤར་བ། །འདི་སྣང་དང་ཕྱི་སྣང་རྨི་སྣང་གི་སྲིད་པ། །འབྱུང་ལྡོག་ཏུ་ཤར་ལ་མངོན་ཞེན་དང་ཉེར་ལེན། །རེ་དོགས་ཀྱི་ཡུལ་ཞེན་འཕྲུལ་འཁོར་ལ་ཁ་འབྱམས། །ཤེས་རིག་གི་རྒྱལ་པོ་ཤེས་རབ་ཀྱི་སྤྱན་གྱིས། །ཆོས་ཉིད་ཀྱི་ཡུལ་ལ་ལྟད་མོ་རུ་བལྟས་པས། །མ་གྲུབ་དང་མ་བྱུང་མི་གནས་པའི་རང་བཞིན། །མེད་བཞིན་དུ་ཡོད་འཛིན་གཅིག་པུ་ཡི་སྣང་ལས། །མིང་དངོས་དང་འབྱུང་གནས་འགྲོ་གསུམ་གྱིས་སྟོང་པའི། །སྟོང་ཉིད་དང་ངང་ཚུལ་རྨི་སྣང་གིས་སྟོན་བྱུང་། །སྣང་སེམས་དང་འཁོར་འདས་རོ་གཅིག་གི་རོལ་པར། །སྟོང་ཉིད་ཀྱི་རྒྱལ་པོ་མངོན་གྱུར་དུ་མཐོང་བའི། །བདག་མེད་ཀྱི་ཤེས་རབ་ལྟ་སྒོམ་གྱི་སྤྱི་ཆིངས། །སྤྲོས་བྲལ་ནི་རྣམ་ཐར་གསུམ་ལྡན་གྱི་ངོ་བོར། །གནས་ལུགས་དང་ཡིན་ལུགས་གཉིས་མེད་དུ་འདྲེས་པའི། །དབུ་མ་ནི་རབ་ཏུ་མི་གནས་པ་འདི་ན། །དབུ་མ་ཡི་རྒྱལ་པོ་ཆོས་ཀུན་གྱི་འབྲས་བུ། །འཁོར་འདས་དང་ལན་གསུམ་ཡེ་གཞི་ཡི་རྒྱུད་དུ། །རྒྱ་མཚོ་དང་ཆུ་ཕྲན་གཉིས་མེད་དུ་གཅིག་བཞིན། །ཆོས་རྣམས་ཀུན་ཆོས་ཉིད་ཆེན་པོ་རུ་རོལ་པའི། །རྫོགས་ཆེན་གྱི་ལྟ་བ་འདི་ཀ་ནི་ཨེ་རེད། །ཡེ་སྟོང་གི་རིག་པ་སྤྲོས་མཐའ་དང་བྲལ་བའི། །ཆོ་འཕྲུལ་དང་སྣང་སྲིད་སྒྱུ་མཁན་དང་འཕྲུལ་བཞིན། །ངོ་འཕྲོད་དུ་གདིང་ཐོབ་ཕྱག་ཆེན་གྱི་ལྟ་བ། །འདི་ཀུན་ཀྱང་སོར་རྟོག་ཤེས་རབ་ཀྱིས་གཏན་དབབ། །བདག་མེད་ཀྱི་ཤེས་རབ་མངོན་གྱུར་དུ་ཕེབས་ཚེ། །ལྟ་བ་ནི་ཀུན་གྱི་སྤྱི་ཆིངས་དེ་ཁོ་ན། །ལམ་ལ་ནི་རྣམ་གྲངས་གདུལ་བྱ་ཡི་ཁམས་དབང་། །སོ་སོ་རུ་བསྟན་པའི་འཇུག་སྒོ་ནི་ཐ་དད། །དོན་དམ་གྱི་དབྱིངས་སུ་ཆོས་ཉིད་དུ་རོ་གཅིག།ཡིན་མིན་གྱི་ཁས་ལེན་ཕྱོགས་ཆད་དུ་བཟུང་ན། །ཆོས་སྤོང་གི་ལས་ངན་དེ་ལས་ནི་མི་གཞན། །ཤེས་བྱ་ཡི་སེམས་རྟོག་ཆོས་ཉིད་དུ་ཞིག་ཏེ། །ཤེས་ཡུལ་དང་ཤེས་བྱེད་གཉིས་འཛིན་ལས་འདས་པའི། །ཡེ་གནས་ཀྱི་ཡེ་ཤེས་མངོན་གྱུར་དུ་ཡན་ཐོང་། །རྫོགས་ཆེན་གྱི་རིག་པ་འུ་ཅག་གི་བགོ་སྐལ། །བློ་ཡིད་དང་སེམས་ཀྱིས་བཅས་བཅོས་ནི་མ་ཡིན། །ཡེ་གྲོལ་ལ་ཡང་གྲོལ་ལྷན་པ་ཡང་མི་དགོས། །མ་རིག་པའི་མུན་ཁམས་རིག་པ་རུ་སངས་ནས། །སངས་རྒྱས་ཀྱི་དགོངས་པ་གནས་ཡུལ་ལ་མི་ལྟོས། །གདོད་མ་ཡི་མགོན་པོ་རང་ས་ན་ཨེ་རིག།ཧེ་ཧེ།ཤེས་པ་ནི་དངོས་པོའི་སྣང་ཡུལ་དུ་མཆེད་དེ། །རྣམ་རྟོག་གི་འཁྲུལ་པ་ཉེར་ལེན་གྱིས་བསླུས་པའི། །མངོན་ཞེན་ནི་སྐུ་དང་ཡེ་ཤེས་སུ་འཕོ་ཕྱིར། །གནས་ལུགས་ཀྱི་སྒྲོན་མ་རྣམ་དྲུག་གི་གཞི་ལ། །ལམ་སྒྲོན་ནི་བཞི་པོ་གནད་གཅིག་ཏུ་བསྣུན་པས། །ཤེས་རབ་ཀྱི་མིག་ལ་ཡེ་ཤེས་ཀྱི་སྤྱན་ཚུད། །འོད་གསལ་གྱི་མཐོང་ཆེན་ལྟད་མོ་རུ་མངོན་པའི། །སྣང་བཞི་ཡི་ཉམས་རྟོགས་རིམ་པ་བཞིན་འབྱུང་མཐར། །ས་བཅུ་དང་ལམ་ལྔ་གཅིག་ཆར་དུ་བརྒལ་ནས། །འཕོ་ཆེན་གྱི་རྣལ་འབྱོར་ཆོས་སྐུ་རུ་གྲོལ་འགྲོ། །རྣམ་མཁྱེན་གྱི་སངས་རྒྱས་ཕྱི་ཡུལ་ལ་མ་རེད། །ཚེ་རབས་ནི་མང་པོར་ལས་དབང་གི་སྣ་ཁ། །འཁྲུལ་སེམས་ཀྱིས་བསྒྱུར་ནས་ཅི་འགྱུར་ཡང་མི་ཤེས། །ལུས་རྟེན་དང་ལས་སྣང་རང་དབང་ནི་མེད་པས། །ཚེ་འདི་རུ་གྲོལ་ཐབས་ངེས་པ་ཞིག་རེམ་རེམ། །ཆོས་ཀུན་གྱི་སྙིང་པོ་བཅུད་དྲིལ་དུ་བསྡུས་ནས། །ཆོས་སྐུ་ཡི་ཀློང་མཛོད་ཆེན་པོ་ནས་བྱུང་སྟེ། །ཆོས་རྒྱལ་གྱི་དབང་པོའི་འཁོར་ལོ་ནི་འདི་ཀ།ཆོས་ཉིད་ཀྱི་འོད་ཟེར་མཐའ་རྒྱས་སུ་སྨོན་ནོ། །བདུད་འཇོམས་པས་སོ། །དགེའོ།དགེའོ། །དགེའོ། །སརྦ་མངྒ་ལཾ། །། །