TTDL-ZABTER-18-TSHA-065

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-065

སྐྱབས་གནས་དམ་པ་དཀོན་མཆོག་རིན་པོ་ཆེ། །འབྲལ་མེད་སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ཁྱོད། །ངེས་པར་དམ་པའི་ཆོས་ཞིག་བསྒྲུབ་འདོད་ན། །སང་བྱེད་གནང་བྱེད་བློ་སྣ་རིང་པོ་བསྟུང་། །འཆི་བ་ཐོག་རྒྱུག་བྱུང་ཚེ་ཅི་ཞིག་བྱེད། །ཁོར་ཡུག་རྒྱ་མཚོ་གླིང་བརྒྱད་རིས་བསྐོར་བའི། །རིན་ཆེན་རྣམ་བཞིའི་རི་རབ་ལྷུན་པོ་ཡང་། །མེ་བདུན་ཆུ་གཅིག་རླུང་གིས་འཐོར་སྲིད་ལ། །བསམ་སྟེ་མི་རྟག་འཆི་བ་འདི་ལ་སོམས། །ཕ་ཀི་སྤང་ལྗོངས་མེ་ཏོག་བཀྲ་བ་ཡི། །མཛེས་རྒྱན་ཡིད་ལ་སྤྲོ་བའི་དབྱར་མོ་ཆེ། །གྲང་ཆེན་དགུན་གྱི་རྒྱལ་མོས་བཅོམ་པའི་ཚེ། །ཡིད་དུ་མི་འོང་བ་ཡི་གནས་སུ་སྟོན། །ནམ་ཟླ་འགྱུར་ལྡོག་སོམས་པ་མི་རྟག་སྒོམས། །ནམ་མཁར་གླིང་བཞི་ནག་གིས་འཁོར་བ་ཡི། །རབ་དཀར་ཟླ་བའི་འཕེལ་འགྲིབ་བྱེད་པ་དང་། །ཞག་གི་ཉིན་མཚན་འགྱུར་ལ་ལྟད་མོ་ལྟོས། །མི་རྟག་འཆི་བ་སྙིང་ནས་དྲན་པར་གྱིས། །མཁྱེན་གཟིགས་ཡོན་ཏན་དུ་མས་རབ་བརྒྱན་ཅིང་། །ཉན་རང་བྱང་སེམས་ཚོགས་ཀྱིས་རབ་བསྐོར་བའི། །ཁམས་གསུམ་འགྲོ་བའི་སྐྱབས་གྱུར་མིའི་སེངྒེ། །མྱ་ངན་འདའ་ཚུལ་བསམ་སྟེ་མི་རྟག་སྒོམས། །ཚངས་པ་དབང་ཕྱུག་བརྒྱ་བྱིན་ལ་སོགས་པ། །འཇིག་རྟེན་སྲིད་པ་ཀུན་ལས་མངོན་མཐོ་བའི། །མེས་པོ་འདི་དག་འཆི་བའི་དབང་གྱུར་ན། །རང་ལ་ལྟ་ཅི་སོམས་ལ་འཆི་བ་སྒོམས། །དེ་སྔོན་སྐྱེས་པའི་འགྲོ་བ་ཐམས་ཅད་ཀུན། །ད་སྐབས་གཅིག་ཀྱང་མེད་པའི་ཚུལ་ལ་སོམས། །བརྩིགས་སྨེས་ཁང་ཞིག་བདག་མེད་བོར་ནས་སུ། །ཤི་བའི་ཚུལ་སོམས་མི་རྟག་འཆི་བ་སྒོམས། །རང་གི་ཡིད་ལ་དྲན་ནས་ད་བར་དུ། །ཉེ་འབྲེལ་ཡུལ་མི་མཆོག་དམན་ཆེ་ཆུང་མི། །ཡུན་རིང་སྡོད་བསམ་དཀའ་སྤྱད་སོ་ནམ་འབད། །ལས་འཕྲོ་བོར་ནས་ཤི་བ་རྣམས་ལ་སོམས། །རང་གི་སྔོན་ཆད་མི་ཚེ་ལོ་དེ་རུ། །སྐད་ཅིག་ཙམ་གྱི་སྣང་བ་ལས་མི་རིང་། །ད་དུང་ལོ་བརྒྱ་ལོན་ཀྱང་འཆི་བའི་དུས། །ས་སྟེང་མིག་གི་མཐོང་ཙམ་ལས་མི་རིང་། །རང་རེས་ད་སྔོན་དཀའ་སྤྱད་སོ་ནམ་འབད། །ལུས་དང་སྲོག་ལ་མི་བསམ་ཟས་ནོར་བསྒྲུབ། །འབྲས་བུ་མི་འབྱིན་སྒྱུ་མ་རྨི་ལམ་ལྟའི། །དེ་ཚུལ་སོམས་ལ་འཆི་བ་མི་རྟག་སྒོམ། །འགའ་ཞིག་ན་སོ་རྒན་སོང་སྟོབས་རྒུད་ཀྱང་། །དེར་མི་སེམས་པར་ཆེ་གྲགས་མཐོ་ས་འདོད། །ལོ་མང་སྡོད་ཆས་འདོམས་ཤིང་ཆགས་སྡང་བྱེད། །དེ་ཚུལ་སོམས་ལ་འཆི་བ་མི་རྟག་སྒོམས། །འགའ་ཞིག་མི་འཆོར་ནད་ཀྱིས་ཐེབས་འདུག་ཀྱང་། །ད་དུང་ལོ་གྲངས་མང་པོའི་ཆས་དོན་བཤད། །བཟའ་མི་དག་ལ་མཁོན་འཐབ་ཚིག་རྩུབ་སྨྲ། །དེ་ཚུལ་སོམས་ལ་འཆི་བ་མི་རྟག་སྒོམས། །འགའ་ཞིག་ཚེ་གཅིག་འཆི་བ་མི་དྲན་པར། །འཆི་བའི་ནང་པར་དགེ་བ་མ་འགྲུབ་འགྱོད། །བྲང་ལ་སྤར་ཤད་བྱེད་ཅིང་མཆིལ་མས་བརྣང་། །འགྱོད་པ་འཕྱི་འོ་སོམས་ལ་མི་རྟག་སྒོམས། །འགའ་ཞིག་བསགས་བསགས་ནོར་ལ་ཞེན་ཆགས་ནས། །གཞན་གྱིས་སྤྱོད་རན་བསམ་ཞིང་ཕྱིར་མིག་ལྟ། །ད་དུང་དོམ་དང་བུ་ལོན་ཁ་རུ་གླེང་། །ལས་ངན་དེ་ཚུལ་སོམས་ལ་མི་རྟག་སྒོམས། །འགའ་ཞིག་བུ་དང་ཚ་བོ་བཟའ་མི་ལ། །བརྩེ་བརྩེ་གདུང་སེམས་དེ་དོན་ལྟོ་གོས་འཚོལ། །འཆི་བའི་ནང་པར་གཤིན་མིག་གསོན་ལ་བལྟས། །གསོན་པོའི་སྡོད་ཆས་ཁ་ཆེམ་གཏམ་བརྡོལ་བརྗོད། །ལས་དེར་སོམས་ལ་འཆི་བ་མི་རྟག་སྒོམས། །འགའ་ཞིག་དོན་མེད་བན་དྲེད་གཟུགས་བཟུང་ནས། །ཚེ་གཅིག་ཚོང་དང་ཁེ་སྤོག་གཡོ་ཁྲམ་བྱེད། །ཕོ་བརྒྱག་ཙམ་ཞིག་ཟ་བར་མི་སྤོབ་ནས། །གཤིན་ཆགས་འདྲེ་རུ་སོམ་ལ་འཆི་བ་སྒོམས། །འགའ་ཞིག་མི་ཚེ་སྟོང་ཟད་ལོ་དེ་ནས། །འཆི་བའི་ནང་པར་འཇིགས་སྐྲག་གིས་གདུང་བཞིན། །ལྕུགས་མ་རླུང་བསྐྱོད་ལྟ་བུར་འདར་ཞིང་བསྔངས། །ཡི་ཆད་སྡུག་ཁུལ་ཤི་བ་དེ་དྲན་མཛོད། །འགའ་ཞིག་འདི་སྣང་ཡུན་ཐུང་སྣང་བ་ཡིས། །ཡུལ་ལ་སྤྲོ་ཞིང་ཕྱོགས་སུ་མཐོང་སྐར་བལྟ། །མིག་གཉིས་སྔོ་ཧྲིལ་བལྟ་བཞིན་ཤི་ལ་ལྟོས། །འགའ་ཞིག་གཤིན་པོའི་རོ་དོམ་མང་པོ་བླངས། །བསྟན་དང་འགྲོ་དོན་ཡིན་སྙམ་རང་མགོ་འཁོར། །ཐ་མ་རྣམ་སྨིན་རང་གི་ཕྲག་ལ་བཀལ། །དྲིན་ཆེན་ལན་རིང་དྲན་མཁན་མེད་ལ་ལྟོས། །ཚེ་གཅིག་གཅེས་སྤྲས་གྱིས་བསྐྱང་སྒྱུ་མའི་ལུས། །གོས་རྒྱན་མལ་ས་ཁ་ཕོར་བཅས་པ་རྣམས། །ཤུལ་དུ་ལུས་ནས་དུར་ཁྲོད་གནས་སུ་བསྐྱལ། །མེད་དང་མི་མཐོང་ཐབས་ལ་བརྩོན་པར་ལྟོས། །འཁོར་བའི་ལས་ཀ་ཟད་མཐའ་མེད་ལ་ལྟོས། །མི་རིང་མྱུར་དུ་ལྷ་ཆོས་དོན་གཉེར་མཛོད། །མི་ཆོས་ལྷ་ཆོས་གཉིས་ཀ་འགྲུབ་ཐབས་མེད། །ལས་སྣ་ཟིན་པ་དམ་པའི་ཆོས་ལ་ཆོས། །མི་ཚེ་སྐད་ཅིག་སྣང་བ་ཡུད་ཙམ་ལ། །སྡོད་གནས་བཟང་ངན་མེད་པར་ཆར་སྐྱོབ་ཙམ། །ཁ་ཟས་མང་ཉུང་མེད་དེ་སྲོག་འཚོ་ཙམ། །རྒྱབ་གོས་བཟང་ངན་མེད་དེ་ལྷག་སྐྱོབ་ཙམ། །དེས་ཆོག་ངེས་ཤེས་བསྟེན་ན་ཆོས་པ་རབ། །ཉིན་མཚན་མེད་པར་ཆོས་ལ་དྲིལ་བ་དང་། །བདེ་སྡུག་མེད་པར་དཀའ་སྤྱད་ནུས་པ་དང་། །མཐོ་དམན་མེད་པར་འཆི་བ་དྲན་པ་དང་། །ཐང་ལྷོད་མེད་པར་ཆོས་ཉིད་བསྒོམ་པ་དང་། །ཐོག་མཐའ་མེད་པར་བསྒོམ་བསྒྲུབ་བྱེད་པ་རྣམས། །ཆོས་པའི་སྤྱི་ནོར་ཡིན་ནོ་སྐལ་ལྡན་བུ། །དེ་འདྲའི་ལས་གཅིག་འགྲུབ་ན་སྐུ་དྲིན་ཆེ། །འཁོར་འདས་རང་སྣང་ཉིད་དུ་རོ་གཅིག་པའི། །གཞི་ཡི་ཆོས་སྐུ་བདེ་གཤེགས་སྙིང་པོ་ཡི། །རང་ཞལ་མངོན་གྱུར་ས་ལམ་གཅིག་རྫོགས་པའི། །རྫོགས་པ་ཆེན་པོ་སྒོམས་ཤིག་པད་བསོད་པ། །མ་དག་སྣང་བ་དག་དབྱིངས་དྭངས་མ་རུ། །བཙན་ཐབས་ཉིད་དུ་འཕོ་བའི་ལམ་ཟབ་མོ། །ཚེ་གཅིག་མངོན་འཚང་རྒྱ་བའི་ཆོས་ཉིད་མཆོག།འོད་གསལ་ཐོད་རྒལ་བསྒོམ་མཛོད་པད་བསོད་པ། །ལོ་སྒྲུབ་ཟླ་སྒྲུབ་མཆོག་འཛིན་མ་བྱེད་པར། །ལོ་དགུ་སྒྲུབ་ལ་གཞོལ་ན་གདིང་ཆེན་ཐོབ། །སྔོན་གྱི་ལས་འཕྲོ་ཡོད་པས་གྲོལ་ལ་ཉེ། །འཇའ་ལུས་འཕོ་ཆེན་ཐོབ་མཛོད་སྐུ་དྲིན་ཆེ། །དུས་ཀུན་གདམས་པའི་མཆོག་ཏུ་འདི་ཟུངས་ལ། །ཉར་ཚག་མ་བྱེད་ལྟད་མོའི་གནས་སུ་ཟུངས། །སློབ་དཔོན་གྱིས་ལ་བཀའ་ལྟར་ཉན་པ་དང་། །དད་རྟེན་གྱིས་ལ་དབུ་སྔས་ཉིད་དུ་གླན། །དུས་གསུམ་རྒྱལ་བའི་ཞལ་བསྡུར་མན་ངག་ཡིན། །འདི་ལས་ལྷག་པ་མེད་དོ་སྐལ་ལྡན་བུ། །དགེ་དེས་ཀུན་གྱི་མི་རྟག་རྒྱུད་བསྐུལ་ནས། །མི་འཇིགས་གདིང་ཆེན་ཐོབ་པའི་སྨོན་ལམ་ཡོད། །ཅེས་པ་འདི་ཡང་སྒྲོལ་མའི་རྣམ་འཕྲུལ་པདྨ་བསོད་ནམས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་བྲིས་པ་ཡོངས་སུ་དགེ་བ་གྱུར་ཅིག།དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །། །