TTDL-ZABTER-18-TSHA-066
TTDL-ZABTER-18-TSHA-066
ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་བདག་སྐྱོངས་ཤིག།ཉོན་ཅིག་སྐལ་པ་བཟང་པོའི་སྐྱེས་བུ་ཁྱོད། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་དུས་འདིར། །ཐར་པ་དོན་དུ་གཉེར་མཛོད་སྐལ་ལྡན་བུ། །མི་རྟག་འཆི་བ་ནམ་འོང་ཆ་མེད་པས། །རྟག་འཛིན་ཞེན་པ་ཆོད་ཅིག་སྐལ་ལྡན་བུ། །དཀར་ནག་ལས་འབྲས་བདེ་སྡུག་ཀུན་གྱི་གཞི། །རྒྱུ་འབྲས་སྤང་བླང་མ་ནོར་སྐལ་ལྡན་བུ། །ཁམས་གསུམ་འཁོར་བ་སྡུག་བསྔལ་རང་བཞིན་ལ། །ངེས་འབྱུང་གཏིང་ནས་སྐྱེས་མཛོད་སྐལ་ལྡན་བུ། །བྱིན་རླབས་དབང་གི་རྩ་བ་བླ་མ་ཡིན། །འབྲལ་མེད་མོས་གུས་གྱིས་ཤིག་སྐལ་ལྡན་བུ། །དངོས་གྲུབ་ཀུན་གྱི་རྩ་བ་ཡི་དམ་ཡིན། །བསྙེན་སྒྲུབ་སྒོམ་བཟླས་མ་དོར་སྐལ་ལྡན་བུ། །ཕྲིན་ལས་རྩ་བ་མཁའ་འགྲོ་ཆོས་སྐྱོང་ཡིན། །ཚོགས་མཆོད་གསོལ་མཆོད་མ་དོར་སྐལ་ལྡན་བུ། །ཆོས་རྣམས་ཀུན་གྱི་རྩ་བ་བྱང་ཆུབ་སེམས། །འགྲོ་དོན་བར་མེད་གྱིས་ཤིག་སྐལ་ལྡན་བུ། །འཁོར་འདས་གཉིས་ཀྱི་རྩ་བ་རང་སེམས་ཡིན། །རིག་པའི་ཡེ་ཤེས་མ་དོར་སྐལ་ལྡན་བུ། །ཐམས་ཅད་དག་མཉམ་སྟོང་ཆེན་ཡུམ་གྱི་མཁའ། །གནས་ལུགས་མངོན་དུ་གྱུར་མཛོད་སྐལ་ལྡན་བུ། །ཆོས་རྣམས་ཀུན་གྱི་ཆིངས་ཆེན་ཆོས་ཉིད་དབྱིངས། །ཆོས་སྐུ་མངོན་གྱུར་མཛོད་ཅིག་སྐལ་ལྡན་བུ། །ཁམས་གསུམ་མ་ལུས་སྐུ་གསུམ་ཆེན་པོར་རོལ། །ཡེ་གཞི་མངོན་དུ་གྱུར་མཛོད་སྐལ་ལྡན་བུ། །ངོ་བོ་སྟོང་ཉིད་བརྡལ་ཁྱབ་སྤྲོས་མཐའ་བྲལ། །ཡིན་ལུགས་མངོན་དུ་གྱུར་མཛོད་སྐལ་ལྡན་བུ། །རིག་པའི་ཀློང་ན་སྐུ་གསུམ་འདུ་འབྲལ་མེད། །སངས་རྒྱས་གཞན་ན་མེད་དོ་སྐལ་ལྡན་བུ། །རིག་པ་རང་ལ་སྐུ་དང་ཞིང་ཁམས་རྫོགས། །དེ་ལ་བགྲོད་སླེབས་མེད་དོ་སྐལ་ལྡན་བུ། །རིག་པའི་ངང་དུ་འཁོར་འདས་ཐམས་ཅད་རྫོགས། །དེ་ལ་བཟང་ངན་མེད་དོ་སྐལ་ལྡན་བུ། །རིག་པ་ཉིད་ལ་ཐེག་ཀུན་ས་ལམ་རྫོགས། །དེ་ལ་སྦྱང་བགྲོད་མེད་དོ་སྐལ་ལྡན་བུ། །རིག་པའི་ངང་དུ་ཡེ་ཤེས་ཡོན་ཏན་རྫོགས། །དེ་ལ་རྩོལ་སྒྲུབ་མེད་དོ་སྐལ་ལྡན་བུ། །རིག་པའི་དབྱིངས་ལ་མ་རིག་དྲི་མ་མེད། །དེ་ལ་དབྱེ་བསལ་མེད་དོ་སྐལ་ལྡན་བུ། །རིག་པའི་དབྱིངས་ལ་ཐབས་ཤེས་འདུ་འབྲལ་མེད། །དེ་ལ་སྤོང་ལེན་མེད་དོ་སྐལ་ལྡན་བུ།རིག་པའི་ངང་ལ་བདེན་གཉིས་འདུ་འབྲལ་མེད། །དེ་ལ་སྐྱེ་འགགས་མེད་དོ་སྐལ་ལྡན་བུ། །རིག་པ་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་དེ། །དེ་ལ་འདི་བསྒོམ་མེད་དོ་སྐལ་ལྡན་བུ། །རིག་པ་ཡུལ་མེད་ཟང་ཐལ་ཆེན་པོ་སྟེ། །དེ་ལ་ཕན་གནོད་མེད་དོ་སྐལ་ལྡན་བུ། །རིག་པ་གཏད་མེད་རྒྱ་ཡན་ཆེན་པོ་སྟེ། །དེ་ལ་དམིགས་གཏད་མེད་དོ་སྐལ་ལྡན་བུ། །རིག་པ་ཡེ་གྲོལ་ཀ་དག་མཉམ་པ་ཉིད། །དེ་ལ་མྱོང་ཞེན་མེད་དོ་སྐལ་ལྡན་བུ། །རིག་པ་ཡེ་ཡིན་མ་བཅོས་ཅོག་བཞག་ལ། །འཛིན་སྟངས་རྟོག་དཔྱོད་མེད་དོ་སྐལ་ལྡན་བུ། །རིག་པ་རང་ཐོག་རང་གྲོལ་ཆེན་པོ་ལ། །འབྲས་བུ་ཐོབ་ལེན་མེད་དོ་སྐལ་ལྡན་བུ། །མེད་པའི་བྱར་མེད་ཆོས་སྐུ་མངོན་གྱུར་ནས། །ཐོད་རྒལ་མྱུར་ལམ་བསྟེན་མཛོད་སྐལ་ལྡན་བུ། །རྣམ་མཁྱེན་སངས་རྒྱས་མངོན་དུ་མ་གྱུར་བར། །ཉམས་ལེན་གནད་མ་དོར་ཤིག་སྐལ་ལྡན་བུ། །རང་ལས་ཕན་པའི་ཐབས་ལམ་སློབ་མི་མེད། །སུ་ཡི་ཁ་ལ་མ་ཉན་སྐལ་ལྡན་བུ། །ཕན་ཐོགས་བདེ་བ་སྟེར་བའི་གྲོགས་མི་འབྱུང་། །རང་མགོ་ཐོན་ཐབས་གྱིས་ཤིག་སྐལ་ལྡན་བུ། །ཕྱི་མར་ཕན་པའི་ཁ་ད་བྱེད་མཁན་མེད། །རང་ཚོད་རང་གིས་ཟུངས་ཤིག་སྐལ་ལྡན་བུ། །གཏན་གྱི་ལོངས་སྤྱོད་ཟང་ཟིང་ནོར་ལ་མེད། །སྒྲུབ་རྒྱག་སློང་མོ་ཙམ་གྱིས་ཆོག་ཤེས་བསྟེན། །མི་ཚེ་ཕྱེད་ཆ་ཟད་པ་ཤེས་མཛོད་ལ། །ལྷག་མ་ཆོས་ལ་དྲིལ་མཛོད་སྐལ་ལྡན་བུ། །སང་བྱེད་གནང་བྱེད་བློ་རིང་སྣ་བསྟུང་ལ། །ནམ་འཆི་ཆ་མེད་སྒོམས་ཤིག་སྐལ་ལྡན་བུ། །རྒན་གཞོན་ཚེ་ཚད་ཚོད་ཀྱིས་མི་ཐེབས་པས། །འཆི་བ་སྙིང་ནས་དྲན་མཛོད་སྐལ་ལྡན་བུ། །ལས་ཟིན་དུས་ལ་བབ་པ་མི་འོང་བས། །དྲན་ཙམ་ཉིད་ནས་རྒྱུག་ཅིག་སྐལ་ལྡན་བུ། །དེ་ལྟར་གནད་དང་ལྡན་ན་ཁྱོད་འཚང་རྒྱ། །ཡིད་གཉིས་ཐེ་ཚོམ་མེད་དོ་སྐལ་ལྡན་བུ། །ཞེས་པ་འདི་ཡང་སློབ་བུ་དཔལ་ལོས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག། །།