TTDL-ZABTER-18-TSHA-067

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-067

ཕ་བླ་མ་རྣམས་ལ་གསོལ་བ་འདེབས། །བློ་ཆོས་སུ་འགྱུར་བར་བྱིན་གྱིས་རློབས། །ཚུར་གསོན་དང་སྐལ་བཟང་སྐྱེས་བུ་ཁྱོད། །སྔོན་ལས་སྨོན་བསོད་ནམས་བཟང་པོའི་མཐུས། །དུས་ད་རེས་དལ་འབྱོར་མི་ལུས་ཐོབ། །ཕ་མཚན་ལྡན་བླ་མ་དམ་པ་མཇལ། །ལམ་ཟབ་མོ་དམ་པའི་ཆོས་དང་འཕྲད། །འདི་འདྲ་བའི་རྟེན་འབྲེལ་འགྲིགས་དུས་འདིར། །དོན་ཡལ་བར་མ་དོར་སྐལ་ལྡན་བུ། །ཚེ་འདི་སྣང་རྨི་ལམ་གནས་སྐབས་ཙམ། །ཚུལ་ཤེས་པར་གྱིས་ལ་རྟག་འཛིན་ཆོད། །ནོར་ལོངས་སྤྱོད་སྒྱུ་མའི་མིག་འཕྲུལ་འདྲ། །དེ་སྤྱོད་ལོངས་མེད་པར་ཕྱི་མར་འགྲོ། །མི་གཞན་གྱིས་ཧབ་ཤ་བྱེད་ལ་ལྟོས།ནོར་གསོག་འཇོག་མ་བྱེད་སྐལ་ལྡན་བུ། །དཀོར་ཟོས་ཀྱང་འཚེང་བའི་དུས་མི་འོང་། །ཚེ་སྡུག་ལ་ཟད་ནས་ལག་སྟོང་འགྲོ། །དྲིན་སུས་ཀྱང་མི་དྲན་རང་ཚོད་ཟུངས། །ཚེ་སྒྲུབ་པ་མཉམ་མཛོད་སྐལ་ལྡན་བུ། །ཆོས་གཞན་དུ་འཚོལ་ལ་རེ་མ་བྱེད། །རང་རིག་པ་ཀུན་ཏུ་བཟང་པོ་ཡིན། །ཞིང་གཞན་དུ་གྲོལ་བར་མ་འཚོལ་དང་། །གཞི་བདེ་གཤེགས་སྙིང་པོས་གྲོལ་བ་ཡིན། །ལྷ་གཞན་དུ་ཡོད་པར་མ་འཛིན་དང་། །གཞིའི་རང་མདངས་ལྷ་སྔགས་ཕྱག་རྒྱ་ཆེ། །སྒོམ་སྒྲུབ་པ་གཞན་དུ་མ་འཛིན་དང་། །གཞི་མངོན་གྱུར་སྒོམ་སྒྲུབ་ཀུན་འདུས་གཙོ། །ཕ་བླ་མ་འབྲལ་མེད་སྲོག་དང་བསྡོས། །མཆོག་ཐུན་མོང་དངོས་གྲུབ་ངང་གིས་འབྱུང་། །དུས་རྒྱུན་ཆད་མེད་པར་མཉམ་རྗེས་སྐྱོངས། །ཚེ་འདི་རུ་གྲོལ་འགྱུར་ཐེ་ཚོམ་མེད། །ལས་ཅི་འགྱུར་ཐག་ཆོད་མེད་པའི་ཕྱིར། །དུས་རྟག་ཏུ་ཤེས་བཞིན་བག་ཡོད་བསྟེན། །གཞི་འཁོར་འདས་དག་མཉམ་ལྟ་བའི་ཀློང་། །ལམ་ཡེ་གནས་ཡེ་ཤེས་མངོན་གྱུར་དབྱིངས། །ངང་མ་བཅོས་རང་བབ་སྤྱོད་པ་མཆོག།དབྱིངས་ནམ་མཁའ་མཐོང་བ་མང་ལགས་ཀྱང་། །དོན་ནམ་མཁའ་མངོན་དུ་གྱུར་པ་དཀོན། །སྒོམ་བྱ་བ་བརྗོད་པ་ཙམ་ལས་མེད། །ཕྱི་ཡུལ་ལ་གཟའ་དང་གཏད་སོ་མེད། །ནང་སེམས་ལ་བལྟ་དང་སྐྱོང་བྱེད་མེད། །དེ་གསུམ་ཀ་སྲིད་ན་གཉིས་འཛིན་ཡིན། །དོན་གཉིས་འཛིན་བྲལ་བ་དེ་ཀར་ཞོག།གཞི་ཁྲེགས་ཆོད་ལྟ་བ་མངོན་གྱུར་ནས། །ལམ་ཐོད་རྒལ་ལོ་དགུར་ཉམས་བླང་ན། །ཁྱོད་ཚེ་འདིར་སངས་རྒྱས་ལ་ཐང་མེད། །དེ་སེམས་ལ་ཞོག་ཅིག་སྐལ་ལྡན་བུ། །མི་རྒན་པོ་འཆོལ་བའི་ལབ་མོ་འདི། །དོན་ཉམས་སུ་བླང་ན་བསླུ་བ་མེད། །ཅེས་པ་འདི་ཡང་སྤྲུལ་སྐུ་དྲི་མེད་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་བྲིས་པའོ། །དགེའོ། །སརྦ་མངྒ་ལཾ། །། །