TTDL-ZABTER-18-TSHA-068

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-068

དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེར་འདུད། །བློ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །ཁྱེད་ངེས་པར་ཐར་དང་རྣམ་མཁྱེན་གྱི། །སར་ཕྱིན་པར་འདོད་པའི་བློ་ལྡན་ན། །ཕ་བླ་མ་ཡིད་བཞིན་ནོར་བུ་ལ། །ཡིད་མོས་གུས་གདུང་བས་བསྙེན་སྒྲུབ་མཛོད། །གྲོགས་མཆེད་ལྕམ་དཔའ་བོ་མཁའ་འགྲོ་ལ། །སེམས་དག་སྣང་ལྡན་པས་རྩི་བཀུར་རེམ། །ཚེ་འདི་སྣང་རྨི་ལམ་གནས་སྐབས་ཙམ། །འདིར་རྟག་འཛིན་ཞེན་པ་ཐད་ཀར་ཆོད། །མ་འགྲོ་དྲུག་བྱམས་དང་སྙིང་རྗེའི་ཡུལ། །དེར་ཕན་བདེ་བསྒྲུབ་པ་གནད་དུ་ཟུངས། །ཡུལ་འཁོར་འདས་སྟོང་ཉིད་ཆེན་པོར་གཅིག།དེ་མངོན་གྱུར་ལྟ་སྒོམ་མཆོག་ཏུ་ཟུངས། །ཕྱི་ལུས་ངག་སྤྱོད་པས་འཚང་མི་རྒྱ། །དོན་སྙིང་པོའི་སྒྲུབ་པ་ལྷུར་ལེན་མཛོད། །ངས་གཞན་ལ་ཁ་ད་མི་ཤེས་ཀྱང་། །ཁྱེད་བསྐུལ་བ་དོན་ལྡན་ཕྱིར་དུ་བྲིས། །ཞེས་པ་འདི་ཡང་གླིང་འཇམ་དཔལ་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་བྲིས་པའོ། །། །