TTDL-ZABTER-18-TSHA-071

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-071

ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ། །སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ཁྱོད། །བླ་མར་མོས་གུས་མཆེད་ལ་བརྩེ་གདུང་དང་། །འགྲོ་ལ་སྙིང་རྗེ་བསྒོམ་པ་གནད་ཀྱི་གནད། །ཁྱད་པར་ཚེ་འདིའི་སྣང་བ་ཐམས་ཅད་ཀུན། །མི་རྟག་སྒྱུ་མ་རྨི་ལམ་དང་མཉམ་པའི། །ངང་ཚུལ་ཇི་བཞིན་དཔྱད་དང་བསྒོམ་པ་དང་། །དེ་དོན་ཡིད་ལ་མ་བརྗེད་དྲན་པས་ཟུངས། །རབ་ནི་མི་མེད་ལུང་སྟོང་དབེན་པ་རུ། །འཆི་དུས་ལབ་ས་མེད་པ་ཞིག་ཏུ་རེམ། །འབྲིང་ནི་རྙེད་དང་བསགས་པའི་ཟས་ནོར་ཀུན། །རང་གི་ལོངས་སྤྱོད་སྒྲུབ་རྒྱག་ལ་བྱིན་ནས། །འཆི་ཁ་བློ་ལྷག་མེད་པ་ཞིག་ཏུ་རེམ། །ཐ་མ་ཆེ་དྲག་ཁེ་རྒྱལ་དོན་གཉེར་སྤོངས། །དགོན་གནས་ཞིག་ཏུ་སྒྲུབ་པ་ལྷུར་བླངས་ནས། །འཆི་ཁ་འགྱོད་མེད་ཞིག་ཏུ་རེམ་ཤིག་བུ། །ཕ་མ་གཉིས་ཀྱིས་གཅེས་སྤྲས་བསྐྱངས་བསྐྱངས་པའི། །དྲིན་ལན་དམ་ཆོས་གཤའ་མ་ཞིག་ཏུ་རེམ། །སང་བྱེད་གནང་བྱེད་ཚེ་ལ་ངེས་མེད་པས། །མ་འགྱང་མྱུར་དུ་དམ་པའི་ཆོས་ལ་ཆོས། །ད་ནི་ཟབ་ལམ་སྙིང་པོའི་བཅུད་ལེན་ན། །རྣམ་གཡེང་ལེ་ལོ་ཁྱི་རྐུན་ལྟ་བུར་ལྡང་། །དེ་ལ་ཞེན་པ་ཆོད་ཅིག་རྡོ་རྗེ་མགོན། །འགྱུ་བ་རང་ཞིག་ཆུ་ཡི་གཉེར་མ་འདྲ། །དེ་ལ་བློ་བཅོས་མ་བྱེད་རྡོ་རྗེ་མགོན། །འགྱུ་བ་དངོས་མེད་བྱ་ལམ་རྗེས་མེད་འདྲ། །དེ་ལ་རྗེས་དཔྱོད་མ་བྱེད་རྡོ་རྗེ་མགོན། །འགྱུ་བ་སེམས་ཀྱི་རང་རྩལ་ཡེ་ཤེས་རྒྱུ། །དེ་ལ་བཅས་བཅོས་མེད་དོ་རྡོ་རྗེ་མགོན། །རིག་སྟོང་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ལ། །གཟའ་དང་གཏད་སོ་མེད་དོ་རྡོ་རྗེ་མགོན། །རིག་པ་ཡེ་གནས་ཡེ་ཤེས་མངོན་གྱུར་ལ། །སྒོམ་དང་བློས་བཞག་མེད་དོ་རྡོ་རྗེ་མགོན། །རིག་སྟོང་རྒྱ་ཡན་སྤྲོས་མཐའ་བྲལ་བ་ལ། །དྲན་པའི་གཟེབ་ཀྱིས་མ་བཅིང་རྡོ་རྗེ་མགོན། །རིག་སྟོང་འཁོར་འདས་རྫོགས་པ་ཆེན་པོ་ལ། །འབྲས་བུ་ཐོབ་ལེན་མེད་དོ་རྡོ་རྗེ་མགོན། །རིག་སྟོང་འཁོར་འདས་འུབ་ཆུབ་རོལ་པ་ལ། །གཟུང་དང་འཛིན་པ་མེད་དོ་རྡོ་རྗེ་མགོན། །རིག་སྟོང་དབྱིངས་དང་ཡེ་ཤེས་མཉམ་བརྡལ་ལ། །བློ་ཡིས་འཛིན་པ་མེད་དོ་རྡོ་རྗེ་མགོན། །རིག་སྟོང་མྱོང་ཞེན་བྲལ་བའི་ཆོས་ཉིད་ལ། །སྨྲ་བསམ་བརྗོད་དུ་མེད་དོ་རྡོ་རྗེ་མགོན། །རིག་སྟོང་ཟང་ཐལ་དབུ་མ་ཆེན་པོ་ལ། །ཁས་ལེན་ཚིག་དང་བྲལ་ལོ་རྡོ་རྗེ་མགོན། །རིག་སྟོང་ཡེ་ཤེས་རང་རྩལ་མ་འགགས་པ། །གནས་ཉམས་ཧད་དེ་བ་དང་ནོར་ར་རེ། །རིག་སྟོང་ཡེ་གདངས་གོ་མ་འགགས་པ་དེ། །ཀུན་གཞི་སྟོང་ཐུམ་པ་དང་ནོར་ར་རེ། །རིག་སྟོང་ཆོས་ཉིད་མྱོང་ཞེན་བྲལ་བ་དེ། །གང་ཤར་མངོན་གྱུར་ལྷོད་པོར་ནོར་ར་རེ། །དེ་ལྟར་ནོར་བ་སྤངས་ནས་མ་ནོར་བར། །ཡང་དག་ཡེ་རིག་མངོན་གྱུར་ཆེན་པོ་རུ། །ངང་གནས་རང་བབ་གཤིས་སུ་ཤིག་གེར་ཞོག།ཡེ་གནས་ཇི་ལྟར་ཡིན་ལུགས་ཇི་བཞིན་དུ། །གནས་ལུགས་མ་བཅོས་ཆེན་པོར་རང་གར་ཞོག།མྱུར་ལམ་ཐོད་རྒལ་གསང་ཆེན་ལྷུམས་ཞུགས་ནས། །གང་ཤར་བདེ་སྡུག་ཉམས་ཀྱི་རྫུན་རིས་སུ། །ཤེས་ནས་བདེན་ཞེན་མེད་པར་རང་སར་ཞོག།བར་མ་ཆད་པར་བསྒོམ་པའི་སྐལ་ལྡན་ན། །ཚེ་འདིར་མངོན་སངས་རྒྱས་པའི་འབྲས་བུ་ཐོབ། །དེ་ལ་ཐེ་ཚོམ་མེད་དོ་རྡོ་རྗེ་མགོན། །དུས་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེ་དང་། །གསང་སྔགས་ཟབ་མོའི་རྟེན་འབྲེལ་ནུས་པའི་མཐུས། །མི་ཁྱོད་ཚེ་དང་སྒྲུབ་པ་མཉམ་གྱུར་ནས། །འཇའ་ལུས་འཕོ་བ་ཆེན་པོར་སངས་རྒྱས་ཤོག། །།