TTDL-ZABTER-18-TSHA-072

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-072

རྗེ་དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག།དཔལ་ཨོ་རྒྱན་པདྨ་ཀ་རས་སྐྱོངས། །རྟེན་ཆུད་ཟོས་མ་བྱེད་དོན་ལྡན་མཛོད། །རྗེ་རྒྱལ་བ་གོང་མའི་མཛད་སྤྱོད་ཡིན། །ཚེ་མི་རྟག་འཆི་བ་མ་བརྗེད་སྒོམས། །རྗེ་རྒྱལ་བ་གོང་མའི་གཤེགས་ཤུལ་ཡིན། །ཕ་བླ་མ་སྙིང་གི་དཀྱིལ་དུ་སྒོམས། །རྗེ་རྒྱལ་བ་གོང་མའི་ཉམས་ལེན་ཡིན། །མ་འགྲོ་བའི་དོན་ལ་བར་མེད་བརྩོན། །རྗེ་རྒྱལ་བ་གོང་མའི་ཐུགས་དམ་ཡིན། །དམ་སྡོམ་པ་སྲོག་གི་གཏའ་རུ་ཟུངས། །རྗེ་རྒྱལ་བ་གོང་མའི་གཤེགས་ཤུལ་ཡིན། །དོན་འདི་དག་དོར་ལ་ཆོས་པ་མེད། །ཀྱཻ་ཡང་ཅིག་གསོན་དང་སྐལ་ལྡན་བུ། །དུས་སྙིགས་མའི་མི་ལ་བློ་གཏད་མེད། །རང་གཅིག་པུར་སྡོད་དང་ཉེས་ཕུང་མེད། །དེར་ལྔ་བརྒྱའི་གྲོགས་ལ་ཕན་བྱེད་མེད། །གྲོགས་མེད་པ་ཞིག་ཏུ་གནས་པར་མཛོད། །ལས་འཁོར་ཆོས་བསྒྲུབ་ཀྱང་ཟིན་དུས་མེད། །བྱར་མེད་པ་ཞིག་ཏུ་གནས་པར་མཛོད། །རྒྱུ་ཟང་ཟིང་ནོར་ལ་ཆོག་ཤེས་མེད། །འཆིའི་ནང་པར་ཆོག་ཤེས་མེད་པར་གྱིས། །གཉེན་བསྐྱང་བའི་ཐ་མ་དགྲ་རུ་ལྡང་། །འཆིའི་ནང་པར་བློ་ལྷག་མེད་པར་མཛོད། །གྲོགས་རྟག་ཏུ་འགྲོགས་པའི་ལས་སྐལ་མེད། །འཆིའི་ནང་པར་ལབ་ས་མེད་པར་མཛོད། །སེམས་རྣམ་གཡེང་ལེ་ལོ་ཟད་དུས་མེད། །འཆིའི་ནང་པར་འགྱོད་མེད་ཞིག་ལ་རེམ། །ཀྱཻ་ཡང་ཅིག་གསོན་དང་སྐལ་ལྡན་བུ། །གཉེན་ཕ་སྤུན་བསྐྱངས་བསྐྱངས་དེས་ཆོག་གིས། །ད་རང་མགོ་ཐོན་པ་ཞིག་ལ་རེམ། །རྒྱུ་ཟས་ནོར་འདོད་ཡོན་དེས་ཆོག་གིས། །ད་ཚེ་རབས་གཏན་གྱི་སོ་ནམ་རེམ། །གོང་མཐོ་ལ་ངོ་དགའ་དེས་ཆོག་གིས། །ཕ་བླ་མ་གཙུག་ཏུ་ཁུར་ལ་རེམ། །ངོ་དཀར་ནག་འཚོས་ཀྱང་མགུ་ཐབས་མེད། །ད་རང་ཚོད་ཟུངས་ལ་མཚམས་སྒྲུབ་གྱིས། །གནས་གང་དུ་འདུག་ཀྱང་ཆོས་བཞིན་སྤྱོད། །གྲོགས་སུ་དང་འགྲོགས་ཀྱང་ཆགས་སྡང་སྤོངས། །སྐྱིད་ཆེ་ཡང་སྙིང་ཁམས་ཁར་མ་འདོན། །མཐོ་ཆེ་ཡང་དམན་ལ་སྡང་མ་བྱེད། །དམའ་ཆེ་ཡང་ཞེ་བློ་འཁུམ་མ་བྱེད། །སྡུག་ཆེ་ཡང་རང་མཚང་ངོམས་མ་བྱེད། །དུས་རྟག་ཏུ་སྐྱིད་སྡུག་རོ་སྙོམས་པའི། །སྐྱོན་མེད་པའི་རྣལ་འབྱོར་ཞིག་ཏུ་རེམ། །ཀྱཻ་ཡང་ཅིག་གསོན་དང་སྐལ་ལྡན་བུ། །གཞི་ཁྲེགས་ཆོད་ཉམས་སུ་ལེན་པའི་དུས། །དོན་ཆོས་ཉིད་བདེན་པ་མཐོང་བ་དང་། །ལམ་རང་རིག་མངོན་དུ་གྱུར་པ་དང་། །ལས་བྱ་བ་དགུ་ཕྲུགས་ཐོང་ལ་སྒོམས། །ལམ་ཐོད་རྒལ་ཉམས་སུ་ལེན་པའི་དུས། །བར་མ་ཆད་སྙིང་པོའི་སྒྲུབ་པར་བརྩོན། །ཉམས་བདེ་སྡུག་ན་ཚ་རང་ངོར་ཤེས། །མཐར་གཞོན་ནུ་བུམ་སྐུར་གཏུག་ལ་ཐོངས། །གནད་དེ་ལྟར་མ་དོར་ཉམས་བླང་ན། །ཕ་བཀའ་བརྒྱུད་བླ་མའི་ཞབས་ཏོག་ཡིན། །མ་སེམས་ཅན་ཀུན་གྱི་འགྲོ་དོན་ཡིན། །ལུས་བསྐྱེད་པ་ཕ་མའི་དྲིན་ལན་ཡིན། །རྗེ་རྒྱལ་བ་རྒྱ་མཚོའི་བསྟན་འཛིན་ཡིན། །གནད་དེ་ལས་ཟབ་པའི་མན་ངག་མེད། །ཁྱོད་ཞལ་གདམས་དགོས་ཟེར་སྐྱེས་བུ་ལ། །ཚིག་དག་སྦྱོར་མཛེས་ཆོས་མི་ཤེས་ཀྱང་། །དོན་ཟབ་པའི་མན་ངག་འདི་ལ་འདུས། །ཚུལ་ཉམས་སུ་ལོངས་དང་དོན་ཆེན་འགྲུབ། །དེ་ཉར་ཚགས་མ་བྱེད་རྒྱུད་ལ་སྦྱོར། །ཅེས་པ་འདི་ཡང་ཨ་དཔལ་གྱིས་བསྐུལ་ངོར་བདུད་འཇོམས་པས་སྨྲས་པའོ། །དགེའོ། །། །