TTDL-ZABTER-18-TSHA-073

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-073

རྗེ་བཙུན་བླ་མ་ཨོ་རྒྱན་རིན་པོ་ཆེ། །འབྲལ་མེད་ཆོས་ཀྱི་འཁོར་ལོར་གཏན་བཞུགས་གསོལ། །དལ་འབྱོར་རྙེད་དཀའི་ཚུལ་ལ་མ་བསམ་ན། །མི་ལུས་དོན་དང་ལྡན་པ་འབྱུང་མི་སྲིད། །མི་རྟག་འཆི་བ་རྒྱུད་དང་མ་འདྲེས་ན། །ཐོག་མཐའ་མཉམ་པའི་ཆོས་ཞིག་འགྲུབ་པ་མེད། །དཀར་ནག་རྒྱུ་འབྲས་བླང་དོར་མ་ཤེས་ན། །རྣམ་པར་དག་པའི་ཆོས་ཞིག་འབྱུང་མི་སྲིད། །འཁོར་བའི་སྡུག་བསྔལ་ཚུལ་ལ་མ་བསམ་ན། །ཐར་པ་དོན་དུ་གཉེར་བ་འབྱུང་མི་སྲིད། །དཀོན་མཆོག་གསུམ་པོ་སྐྱབས་སུ་མ་བརྟེན་ན། །སྲིད་པའི་སྡུག་བསྔལ་སུ་ཡིས་སྐྱོབ་མི་སྲིད། །འགྲོ་དོན་རྒྱུན་ཆད་མེད་པར་མ་བསྒོམ་ན། །ཐེག་ཆེན་ཡོན་ཏན་རྒྱུད་ལ་སྐྱེ་མི་སྲིད། །བསོད་ནམས་རྒྱ་ཆེན་བསགས་པར་མ་གྱུར་ན། །རྒྱུ་འབྲས་ཚོགས་ཆེན་རྫོགས་པར་འགྱུར་མི་སྲིད། །བླ་མར་མོས་གུས་གསོལ་འདེབས་མ་བྱས་ན། །བྱིན་རླབས་དངོས་གྲུབ་ཐམས་ཅད་འབྱུང་མི་སྲིད། །དམ་སྡོམ་ངོ་ལྐོག་མེད་པར་མ་བསྲུང་ན། །སྤྱོད་པ་ཆོས་དང་འདྲེས་པ་འབྱུང་མི་སྲིད། །ཁ་ཞེ་མེད་པའི་ངེས་འབྱུང་ཞིག་མེད་ན། །ཚུལ་འཆོས་ལོ་འདོད་ཙམ་གྱིས་ཚུགས་མི་ཐུབ། །མདོ་སྔགས་དགོངས་དོན་རྒྱུད་དང་མ་འདྲེས་ན། །ཁ་བཤད་ཐོས་པ་མང་པོས་སྐྱོབ་མི་སྲིད། །སངས་རྒྱས་བསྟན་པ་རང་གི་རྒྱུད་ན་བཞུགས། །མ་རྟོགས་ཕྱི་རུ་ཕྱོགས་རིས་བྱས་ན་ཕུང་། །མདོ་སྔགས་བསྟན་པ་ནམ་མཁའི་ཉི་ཟླ་འདྲ། །མེ་ཁྱེར་སྲིན་བུས་བདག་ཏུ་འཛིན་པ་མཚར། །གང་ཟག་རང་གི་རྒྱུད་དང་བསྟུན་པ་ཡི། །དམ་ཆོས་དཔག་བསམ་ཤིང་དང་ནོར་བུ་ལྟར། །ཀུན་ཏུ་བཟང་པོ་ལྷུན་གྲུབ་རོལ་པ་ཆེ། །དེ་ལ་ཕྱོགས་རིས་མེད་དོ་དག་སྣང་སྦྱོང་། །རང་རྒྱུད་ཐུལ་ན་སངས་རྒྱས་བསྟན་པ་ཡིན། །རང་དོན་འགྲུབ་ན་ཐོས་བསམ་དེ་ཀ་ཡིན། །དེ་ལྟར་རང་རྒྱུད་འདི་ལ་བསམ་མནོ་ཐོང་། །རང་རྒྱུད་འདི་ལ་བརྟག་དཔྱད་ཞིབ་ཏུ་ཐོང་། །རང་སྐྱོན་ངོས་བཟུང་སྐྱོན་མེད་ཞིག་ཏུ་རེམ། །དེང་སང་གཞན་སྐྱོན་མཐོང་བ་མང་ལགས་ཀྱང་། །རང་སྐྱོན་མཐོང་བ་ཤིན་ཏུ་དཀོན་ལ་ལྟོས། །བསྟན་ལ་ཕྱོགས་རིས་བྱེད་པ་མང་ལགས་ཀྱང་། །བསྟན་པ་རྒྱུད་ལ་གནས་པ་ཉུང་ལ་ལྟོས། །ཁ་བཤད་ལབ་མོ་མཁས་པ་མང་ལགས་ཀྱང་། །གདམས་ངག་སྣ་གཅིག་ཉམས་སུ་ལེན་པ་དཀོན། །དེ་ལྟར་མ་བྱེད་རྒན་པོའི་ཁ་ད་ཡིན། །ལྟ་བ་ཕྱག་རྫོགས་དབུ་མའི་གྲུབ་མཐའ་རུ། །ངེས་པར་བྱས་ནས་སྟོང་ཉིད་གཏན་ལ་ཕོབ། །འཁོར་འདས་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རྒྱ་མཚོའི་གཟའ་སྐར་རྒྱ་མཚོར་རོ་གཅིག་བཞིན། །གདོད་མའི་གཞི་དབྱིངས་རོལ་པར་རོ་གཅིག་པའི། །ངང་ཚུལ་མངོན་དུ་གྱུར་པ་རྫོགས་ཆེན་ལམ། །ངང་ཤེས་མངོན་དུ་གྱུར་པ་རིག་པར་གྲགས། །དེས་ན་འཁོར་འདས་གཞི་ལམ་འབྲས་བུའི་ཆོས། །རིག་པར་རྫོགས་ཞེས་རིག་པ་དེ་དོན་སྨྲ། །གནས་ལུགས་ཡིན་པར་ཚུལ་བཞིན་མ་ཤེས་ན། །ཡེ་ནས་རྫོགས་པ་ལུང་མ་བསྟན་དུ་སོང་། །འགྲོ་ལ་རྫོགས་ཀྱང་རྫོགས་ཚུལ་མ་ཤེས་འཁྲུལ། །དེས་ན་ཤེས་པ་ལུང་མ་བསྟན་མིན་པར། །དང་པོ་རྫོགས་ཆེན་ལྟ་བ་གཏན་ལ་ཕོབ། །ཐ་མ་མངོན་གྱུར་ཆེན་པོར་བབ་ཀྱིས་ཞོག།ལར་ནི་ཤེས་པ་དང་པོ་ཡུལ་དུ་སོང་། །ཕྲ་རགས་རྣམ་པར་རྟོག་པས་ཉེ་བར་ལེན། །དེ་ཉིད་མ་ལུས་འོད་གསལ་ཆོས་ཉིད་ཆེར། །བཙན་ཐབས་ཉིད་དུ་འཕོ་བ་ཆེན་པོའི་ཚུལ། །ཤེས་པ་དང་པོ་འོད་གསལ་སྣང་བ་རུ། །མཆེད་པ་ཡེ་གནས་ཤེས་པས་མངོན་བྱེད་ལམ། །ལུས་ཀྱི་དྭངས་མ་ཙིཏྟ་རིན་པོ་ཆེ། །རྩ་ཡི་དྭངས་མ་ཀ་ཏི་ཤེལ་གྱི་སྦུབས། །དབང་པོའི་དྭངས་མ་རྒྱང་ཞག་ཆུ་ཡི་སྒྲོན། །འབྱུང་ཆེན་དྭངས་མ་རྣམ་དག་དབྱིངས་ཀྱི་སྒྲོན། །འབྱུང་ཕྲན་དྭངས་མ་ཐིག་ལེ་སྟོང་སྒྲོན་མ། །སེམས་ཀྱི་དྭངས་མ་ཤེས་རབ་རང་བྱུང་སྒྲོན། །བཞུགས་སྟངས་གཟིགས་སྟངས་གསུམ་གྱི་གནད་གཅིག་བསྣུན། །སྣོད་ཀྱི་དྭངས་མ་ཡང་རྩེ་རྒྱང་ཞགས་ཆུ། །བཅུད་ཀྱི་དབྱིངས་ཐིག་ཤེས་རབ་མིག་ལ་མངོན། །ཡེ་ཤེས་སྤྱན་གྱིས་ཆོས་ཉིད་མངོན་སུམ་མཐོང་། །གནས་ལུགས་ལྷུམས་ཞུགས་སྒོ་གསུམ་བརྟན་ཐོབ་ནས། །ཆེས་ཆེར་གོམས་པས་ཉམས་སྣང་གོང་དུ་འཕེལ། །སྲོག་འཛིན་རླུང་ལ་ཡེ་ཤེས་རྒྱས་ཐེབས་པས། །སེམས་དང་སྣང་བ་མ་ངེས་དགའ་སྡུག་མངོན། །གྱེན་རྒྱུའི་རླུང་ལ་ཡེ་ཤེས་རླུང་ཞུགས་པས། །མཆེད་བསྡུ་ལུས་སྟོད་བདེ་སྡུག་གར་སྟབས་བྱེད། །ཐུར་སེལ་རླུང་ལ་ཡེ་ཤེས་རླུང་ཞུགས་པས། །རོ་སྨད་ནད་ཀྱི་རིགས་བྱེད་འཕེལ་འགྲིབ་བྱེད། །ཁྱབ་བྱེད་རླུང་ལ་ཡེ་ཤེས་རླུང་ཞུགས་པས། །ལུས་ཀྱི་ལང་ཚོ་བཀྲག་མདངས་འཕེལ་འགྲིབ་བྱེད། །མེ་མཉམ་རླུང་ལ་ཡེ་ཤེས་རྒྱས་ཐེབས་པས། །འཕེལ་འགྲིབ་ཚ་གྲང་ངེས་པ་མེད་པར་ངོམས། །འདི་དུས་ཕྱི་སློང་ལྷ་སྣང་འདྲེར་སྣང་དང་། །ནང་སློང་ལུས་ཀྱི་ན་ཚ་ཟུག་རྔུ་དང་། །གསང་སློང་སེམས་ཀྱི་དགའ་སྡུག་སྣ་ཚོགས་པ། །ཁམས་དང་དབང་པོའི་བྱེ་བྲག་མ་ངེས་འབྱུང་། །སྣང་བའི་འོད་གསལ་གདོང་གཡོགས་ཆ་ཙམ་ནས། །འབྱུང་ལྔའི་སྣང་བ་མི་མངོན་འོད་གསལ་དུ། །གོང་འཕེལ་བར་དུ་ཇེ་འཕེལ་ཚུལ་དུ་མཐོང་། །བར་མ་ཆད་པར་ཉམས་སུ་ལེན་པ་ཡི། །སྐལ་པ་བཟང་པོའི་སྐྱེས་བུ་དམ་པ་རྣམས། །དང་པོ་བདག་དང་སྣང་བ་ཐམས་ཅད་ཀྱང་། །འོད་གསལ་ཆེན་པོར་སྡོམ་གྱི་རིག་པར་བཞག།བར་དུ་ཡིད་ལ་གང་མི་བྱེད་པ་དང་། །ཐ་མ་བསྔོ་སྨོན་བཟང་པོའི་རྒྱས་འདེབས་བྱེད། །བར་བར་འཆི་བ་སྦྱང་བའི་མན་ངག་བསླབ། །ནམ་འགོར་གཉིད་སྣང་འོད་གསལ་དབྱིངས་སུ་སྦ། །སྲོད་ལ་ཤེས་བྱ་བུམ་པར་བསྡུ་བ་དང་། །ཐོ་རངས་འབྱུང་ཁམས་དག་སྦྱོར་མན་ངག་བསྒོམ། །དེ་ལྟར་བར་མ་ཆད་པར་ཉམས་བླང་ན། །རིག་པ་ཚད་ཕེབས་མངོན་ཤེས་རྫུ་འཕྲུལ་དང་། །སྐྱེ་འཇུག་སྦྱོར་དང་སྒྲོལ་བར་མངའ་དབང་བྱེད། །རིག་པ་བཅུད་དུ་སྨིན་ནས་སྣོད་དང་བཅུད། །དག་པ་ཞིང་དང་གཞལ་ཡས་ལྷ་སྐུར་སྨིན། །མ་དག་སྣང་བ་རྡུལ་ཙམ་འབྱུང་བ་མེད། །མཐར་ཡང་དག་དང་མ་དག་སྣང་སེམས་ཟད། །ཀ་དག་གནས་ལུགས་བརྡལ་ཁྱབ་ཆེན་པོར་འབྱམས། །བློ་ཡིད་རྟོག་པའི་དྲི་མ་དབྱིངས་སུ་ཟད། །མི་འཇིགས་གདིང་ཐོབ་སྤྲོས་བྲལ་ཆེན་པོར་གྲོལ། །སླར་ཡང་ཇི་ལྟར་མཁྱེན་པའི་ཡེ་ཤེས་ཀྱིས། །གཞི་དབྱིངས་མངོན་བྱེད་ཀ་དག་ཆོས་སྐུར་གྲོལ། །ཇི་སྙེད་གཟིགས་པའི་ཡེ་ཤེས་སྤྱན་ཕྱེས་ཏེ། །ལྷུན་གྲུབ་སྐུ་དང་ཡེ་ཤེས་མངོན་དུ་བྱེད། །ཀུན་ཁྱབ་ཡེ་ཤེས་ཆེན་པོའི་སྤྱན་ཕྱེས་ཏེ། །འཁོར་འདས་དག་མཉམ་གཞོན་ནུ་བུམ་སྐུར་གྲོལ། །འཇའ་ལུས་འཕོ་ཆེན་སངས་རྒྱས་ཨ་ལ་ལ། །མ་རིག་མི་ཤེས་མི་རྒན་བླུན་རྨོངས་ལ། །ཞལ་གདམས་དགོས་ཟེར་ངོ་མ་ལྡོག་པའི་ཕྱིར། །སྡེབས་སྦྱོར་མི་ཤེས་འཆོལ་ཚིག་གང་ཤར་སྨྲས། །འདི་བཞིན་ཉམས་སུ་ལེན་པའི་སྐལ་ལྡན་ན། །ཆོས་པ་རབ་ཀྱི་སྤྱོད་པ་བླ་ན་མེད། །མི་རྒན་ཐོས་བསམ་སྒོམ་ལ་རེ་མེད་ཀྱང་། །སྔོན་སྦྱངས་ལས་འཕྲོ་སད་པའི་གོ་རྟོགས་བརྡོལ། །རིག་འཛིན་བརྒྱུད་པའི་མཁྱེན་བརྩེའི་ནུས་སྟོབས་དང་། །ཐབས་ཤེས་ཟུང་འཇུག་སྔགས་ཀྱི་རྟེན་འབྲེལ་དང་། །ཐེག་མཆོག་རྫོགས་པ་ཆེན་པོའི་བདེན་སྟོབས་ཀྱིས། །འདི་བཞིན་ཉམས་སུ་ལེན་པའི་སྐྱེས་བུ་རྣམས། །ཚེ་འདིར་འཇའ་ལུས་ཆེན་པོར་སངས་རྒྱས་ཤོག།ཅེས་པ་འདི་ཡང་སློབ་བུ་བློ་བཟང་གིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག། །།