TTDL-ZABTER-18-TSHA-076

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-076

གྲུབ་པའི་དབང་ཕྱུག་པདྨ་ཀ་རས་སྐྱོངས། །དལ་འབྱོར་མི་ལུས་ཐོབ་པའི་སྐྱེས་བུ་ཁྱོད། །མི་ཚེ་སྟོང་ཟད་མ་བྱེད་ཆོས་ལ་དྲིལ། །སྐྱེས་ཚེ་འཆི་བའི་ལམ་དུ་ཞུགས་པ་ཁྱོད། །གཏན་དུ་སྡོད་གྲབ་མ་བྱེད་རང་དོན་སྒྲུབས། །མི་ཁྱུའི་ལྷ་གྲལ་བུད་པའི་སྐྱེས་བུ་ཁྱོད། །ད་ནི་མི་ཁྱུ་མ་བསྲེ་ལྷ་གྲལ་སྡོད། །བྱ་བ་ཆོས་ལ་དྲིལ་བའི་སྐྱེས་བུ་ཁྱོད། །མི་ཆོས་མི་འགྲུབ་ལྷ་ཆོས་གཤའ་མར་འབད། །ཕ་ཅིག་བླ་མ་དམ་པ་བསྟེན་པ་ཁྱོད། །བློ་རྩེ་མ་མང་ཅི་གསུངས་བཀའ་བཞིན་སྒྲུབས། །ཕྱི་མ་དོན་དུ་གཉེར་བའི་སྐྱེས་བུ་ཁྱོད། །ལྟོ་གོས་ཅི་བྱུང་ཙམ་གྱིས་ཆོག་པར་སེམས། །དཀོན་མཆོག་སྐྱབས་སུ་བསྟེན་པའི་སྐྱེས་བུ་ཁྱོད། །འབྲལ་མེད་རྟག་ཏུ་བརྟེན་མཛོད་གསོལ་བ་ཐོབ། །ཐེག་ཆེན་ལམ་དུ་ཞུགས་པའི་སྐྱེས་བུ་ཁྱོད། །འགྲོ་ཀུན་བློ་ཡིས་མ་དོར་དེ་དོན་སྒོམས། །ཁྲེགས་ཆོད་ལྟ་བ་བསླབ་པའི་སྐྱེས་བུ་ཁྱོད། །འཁོར་འདས་རང་སྣང་ཉིད་དུ་ཐག་ཆོད་མཛོད། །རྫོགས་ཆེན་རིག་པ་ངོ་འཕྲོད་སྐྱེས་བུ་ཁྱོད། །ཡེ་གཞི་ཀ་དག་མངོན་གྱུར་ངང་གནས་མཛོད། །རྒྱལ་བ་གོང་མའི་རྗེས་སུ་ཞུགས་པ་ཁྱོད། །བག་མེད་སྤྱོད་པ་སྤོང་ལ་བག་ཡོད་བརྟེན། །ཐོད་རྒལ་གསང་ལམ་ཞུགས་པའི་སྐྱེས་བུ་ཁྱོད། །སྣང་བཞི་མཐར་ཕྱིན་སངས་རྒྱས་ས་རུ་སྐྱོལ། །ཚེ་ཚད་ངེས་པ་མེད་པའི་སྐྱེས་བུ་ཁྱོད། །ཆོས་ལ་ཕྱི་བཤོལ་བློ་རིང་སྣ་ཀ་བསྟུང་། །བློ་སྣ་དགེ་ལ་ཕྱོགས་པའི་སྐྱེས་བུ་ཁྱོད། །མྱུར་དུ་མཚམས་སྒྲུབ་དམ་པོ་ཞིག་ལ་རེམ། །ཞལ་གདམས་དགོས་ཟེར་ནན་ཆེར་དོན་གཉེར་ཁྱོད། །འདི་དོན་བསྒྲུབ་ན་ང་ཡི་དོན་ཆེན་འགྲུབ། །དེ་མིན་ང་ཁྱོད་གཉིས་ཀ་ངལ་བའི་རྒྱུ། །དེ་ཕྱིར་ཉར་ཚག་མ་བྱེད་སེམས་ལ་ཟུངས། །གནད་དེ་ཁྱོད་ཉིད་རང་སྣང་ཀ་དག་དབྱིངས། །སྐུ་བཞི་ཡེ་ཤེས་ལྔ་ཡི་དཔལ་ཐོབ་ཤོག།ཅེས་པ་འདི་ཡང་ཚེ་ཕྱུག་གིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་བྲིས་པའོ། །དགེའོ། །། །