TTDL-ZABTER-18-TSHA-078
TTDL-ZABTER-18-TSHA-078
དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་མཆོག།ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་རྟག་ཏུ་སྐྱོངས། །ཕྱི་མ་དོན་དུ་གཉེར་བའི་ཆོས་པ་རྣམས། །མི་ཚེ་རྨི་ལམ་གནས་སྐབས་ཙམ་འདི་ལ། །ཞེན་པ་ཆོད་པ་སྒྱུ་མ་རྨི་ལམ་གྱི། །ངང་ཚུལ་དྲན་ནས་མྱུར་དུ་ལྷ་ཆོས་སྒྲུབས། །ལྟོ་རྒྱབ་སྲོག་འཚོ་ཙམ་གྱིས་ཆོག་ཤེས་བརྟེན། །ལུས་ལ་གཅེས་འཛིན་བྱས་ཀྱང་རོ་རུ་འགྲོ། །འགོ་ཐོན་ངེས་པ་དམ་པའི་ལྷ་ཆོས་ཡིན། །དེ་ཉིད་སྲོག་གི་གཏའ་རུ་བཟུང་བར་མཛོད། །དང་པོ་ལྟ་བ་གཏན་ལ་དབབ་པ་ལ། །འཁོར་འདས་ཐམས་ཅད་མེད་པའི་རང་བཞིན་དུ། །ཤེས་ཕྱིར་དེ་ཚུལ་གཏན་ལ་དབབ་པ་གྱིས། །འཁོར་བའི་རྩ་བ་བདག་སྣང་ང་རུ་བཟུང་། །དེ་ཡི་གཞི་རྩ་བརྟགས་ཤིང་སྟོང་པར་བཤིག།མིང་དང་མིང་འགྱུར་ཀུན་ཏུ་བཏགས་ཙམ་ལས། །གཞི་དང་རྩ་བ་བྲལ་བས་མེད་པར་སྟོང་། །དངོས་པོར་སྣང་ཚད་སྒྱུ་མའི་དཔེ་བཅུ་ལྟར། །མེད་བཞིན་ཡོད་པར་སྣང་བ་ཙམ་ལས་ཟད། །འཁོར་བའི་གནས་རིས་གྲོང་ཁྱེར་སྣང་སོ་ཅོག།རྨི་ལམ་སྣང་བ་ཉིད་དང་མཚུངས་ལྡན་ཏེ། །དོན་ལ་འདི་སྣང་ཕྱི་སྣང་རྨི་ལམ་སྣང་། །ཐམས་ཅད་ཆ་མཉམ་འཁྲུལ་སྣང་ངེས་པ་ཡིན། །དགེ་དང་སྡིག་པ་ལྷ་འདྲེའི་ཕན་གནོད་པའི། །ཡུལ་དང་བདག་པོ་གདོད་ནས་གྲུབ་པ་མེད། །རེ་དོགས་བདེ་སྡུག་ཡུལ་ཀུན་རང་གིས་སྟོང་། །མེད་པའི་དབྱིངས་ནས་གཅིག་པུའི་རོལ་པར་འདྲེས། །ཐམས་ཅད་གཞི་དབྱིངས་དྭངས་གསལ་ཆེན་པོར་རོལ། །རོལ་པ་ཕྱལ་ཡས་སྤྲོས་པའི་མཐའ་དང་བྲལ། །རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་མཁའ། །ལྷུན་གྲུབ་སྐུ་དང་ཞིང་ཁམས་རྟེན་བརྟེན་པ། །ས་ལམ་འབྲས་བུ་ཐམས་ཅད་རང་ཆས་རྫོགས། །མིང་དང་ཆོས་རྣམས་ཐམས་ཅད་འདི་ཁོ་ན། །ལམ་ནི་བྱ་བཏང་བྱར་མེད་དགོངས་པ་སྐྱོངས། །སྐྱོང་ཞེས་བྱ་བ་ཐ་སྙད་ཙམ་དུ་ཟད། །ཡེ་ཡིན་ངང་དུ་མངོན་གྱུར་ཆེན་པོར་ཞོག།ཕྱི་ནང་ཟང་ཐལ་ཁྱབ་བརྡལ་ནམ་མཁའ་ཆེ། །ནམ་མཁའ་ནམ་མཁའ་ཉིད་ལ་ཐིམ་པ་ནི། །ཁྱབ་བརྡལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །ཆུ་ཐིག་ཆུ་རུ་འདྲེས་པས་ཆུར་བརྡལ་བཞིན། །མ་རིག་རིག་པར་འཕོས་པའི་རིག་སྟོང་ཉིད། །ཡེ་ཡིན་ངང་དུ་རང་སར་འཁྱོལ་བ་ལས། །ལྟ་བ་བཟང་པོའི་ལྷད་ཀྱིས་བསླད་པ་མེད། །སྒོམ་པ་བཟང་པོའི་ཆིངས་ཀྱིས་བཅིང་བ་མེད། །སྤྱོད་པ་དམ་པོས་སྒྲོགས་སུ་བཅུག་པ་མེད། །མ་རིག་ངན་པས་གཡང་ལ་ལྷུང་བ་མེད། །རྣམ་རྟོག་གྲང་མང་འཚོ་སྐྱོང་བྱེད་དུ་མེད། །རྒྱ་མཚོ་རང་གིས་གཟུགས་བརྙན་ཐོབ་ལེན་མེད། །ཐམས་ཅད་རྒྱ་མཚོ་རང་གི་རོལ་པར་འབྱམས། །ནམ་མཁའ་རང་གིས་སྣོད་བཅུད་ཐོབ་ལེན་མེད། །ཐམས་ཅད་ནམ་མཁའ་རང་ལ་འབྱམས་ཀླས་སོ། །ཆོས་ཉིད་རང་གིས་ཆོས་ཀུན་ཐོབ་ལེན་མེད། །ཐམས་ཅད་ཆོས་ཉིད་རང་ལ་འབྱམས་ཀླས་སོ། །རིག་པ་རང་གིས་འཁོར་འདས་ཐོབ་ལེན་མེད། །ཐམས་ཅད་རིག་པ་རང་ལ་འབྱམས་ཀླས་སོ། །དེ་ལྟར་ཤེས་ནས་བྱར་མེད་ཆེན་པོ་རུ། །བྱ་བཏང་ཆེན་པོར་མ་བཅོས་ཅོག་བཞག་མཛོད། །བར་མེད་ཉམས་སུ་ལོངས་དང་མངོན་འཚང་རྒྱ། །མི་རྒན་འཆོལ་བའི་ལབ་མོ་དེ་ཀ་རུ། །ཚེ་འདི་རྣམ་གཡེང་སྤོངས་ལ་མི་ཚེ་དྲིལ། །ཚེ་འདིར་གྲོལ་བ་ཐོབ་འོང་བཙུན་མ་རྣམས། །ཞེས་དད་ལྡན་བཙུན་མ་གསུམ་གྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག། །།