TTDL-ZABTER-18-TSHA-081

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-081

ཨེ་མ། །མ་འགྲོ་བ་ཡོངས་ཀྱི་མགོན་གཅིག་པུ། །དཔལ་རིགས་ཀུན་རྒྱལ་བ་འདུས་པའི་སྐུ། །ཕ་བླ་མ་མཚོ་སྐྱེས་རྡོ་རྗེ་དེ། །གནས་མི་འབྲལ་སྤྱི་བོའི་རྒྱན་དུ་བཞུགས། །མར་འཁོར་བར་འཁྱམས་པའི་སྤྲང་དྲེད་བདག།ཡེ་གདོད་ནས་འཁྲུལ་བའི་བག་ཆགས་དང་། །ནང་འཛིན་པའི་སེམས་ཀྱི་རྒྱུ་བྱས་ཏེ། །ད་འཕྲལ་གྱི་བག་ཆགས་བསླུ་བ་མཁན། །ཕྱི་གཟུང་བའི་ཡུལ་གྱིས་རྐྱེན་བྱས་ནས། །གནས་ཁམས་གསུམ་འཁོར་བ་འདི་རུ་འཁྱམས། །ནང་རང་མགོ་འཁོར་བའི་ཉིང་འཁྲུལ་པས། །ཕྱི་གཞན་རྒྱུད་འདུལ་བ་ལྟ་ཞོག་དང་། །ཁྱོད་ཞལ་གདམས་དགོས་ཟེར་ངོ་མ་ལྡོག།དེའི་ཕྱིར་ན་སྙིང་གཏམ་ལབ་ཀྱིས་ཉོན། །ཕྱི་ཆོས་ལྟར་བཅོས་པའི་གཟུགས་བརྙན་ལ། །ནང་དགེ་སྡིག་མེད་པ་སྤྲང་ཀུའི་སེམས། །ཆེ་དྲག་འདོད་གཡོ་སྒྱུའི་དུག་རྐྱལ་གྱིས། །རིག་མ་ཡིན་ངེས་པར་ཆོས་བྱེད་ན། །དུས་ད་རེས་དལ་འབྱོར་མི་ལུས་ཐོབ། །ཕྱིས་མི་རྙེད་རྙེད་དཀའི་རྒྱུ་མཚན་ལ། །སེམས་རྟག་པར་རྒྱུན་དུ་གཞིག་གཞིག་ནས། །འདི་ཆུད་ཟོས་མ་བཏང་སྙིང་གཏམ་ཡིན། །ཚེ་འདིར་སྣང་བྱ་བ་ཐམས་ཅད་ཀུན། །དཔེ་རྨི་ལམ་སྒྱུ་མ་སྨིག་རྒྱུ་བཞིན། །རྟག་མི་ཐུབ་འགྱུར་བའི་ཆོས་ཅན་དེ། །དུས་རྒྱུན་དུ་བསྒོམ་པ་སྙིང་གཏམ་ཡིན། །རྒྱུ་དགེ་བའི་འབྲས་བུས་གཏན་བདེ་ཐོབ། །རྒྱུ་སྡིག་པའི་འབྲས་བུས་བསྐལ་པར་མནར། །ལས་རྒྱུ་འབྲས་དཀར་ནག་བདེ་སྡུག་བྱེད། །འདི་བླང་དོར་བྱེད་པ་སྙིང་གཏམ་ཡིན། །གནས་འཁོར་བ་སྡུག་བསྔལ་རྒྱ་མཚོ་ན། །དུས་སྐད་ཅིག་བདེ་བའི་གོ་སྐབས་མེད། །སྡུག་བཟོད་མེད་མེ་ཡི་འོབ་དང་མཚུངས། །དེ་སེམས་ལ་བློ་སྦྱོང་སྙིང་གཏམ་ཡིན། །དུས་ལྔ་བརྒྱའི་མར་གཤམ་སྙིགས་མ་འདིར། །ཕྱི་བླ་བཙུན་གཟུགས་བྱད་མཛེས་ན་ཡང་། །ནང་རྔོན་པ་བས་ཀྱང་རློམ་སེམས་དྲག།རྒྱུ་ཟས་ནོར་བསགས་པ་ཤུལ་དུ་བསྐྱུར། །ལས་རྣམ་སྨིན་རང་གི་ཕྲག་ལ་བཀལ། །ཁོ་ལག་སྟོང་གཤིན་ཡུལ་སླེབས་ལ་ལྟོས། །ལས་དེ་འདྲ་མ་བྱེད་སྙིང་གཏམ་ཡིན། །དཀོར་ཟོས་བཞིན་རྙེད་ཀྱང་ཆོག་ཤེས་མེད། །ཡང་དེའི་ལྷག་ཅུང་ཆེ་ཇེ་མཐོ་རློམ། །ནོར་ཕྱུག་ཀྱང་རན་ཙམ་བསམ་དུས་མེད། །སྤྱོད་མི་ཁོམ་གཞན་གྱིས་ཧབ་ཐོབ་བྱེད། །ལས་དེ་འདྲ་སྤང་བ་སྙིང་གཏམ་ཡིན། །ཚོགས་འདུས་པའི་ཆོས་གྲལ་དཔའ་རྒོད་གླེང་། །གཞན་འཕྲོག་བཅོམ་བྱེད་ལ་མངོན་པར་བསྟོད། །ནོར་ཅི་ཐོབ་འདྲི་ཞིང་རང་ཡང་རློམ། །དོན་སྟོང་ཉིད་སྙིང་རྗེ་དགྲ་ལ་ཤོར། །བློ་དེ་འདྲ་མ་ཕྱོགས་སྙིང་གཏམ་ཡིན། །ཡུལ་ཀུན་ཏུ་རྒྱུ་ཚེ་དབེན་པ་འདོད། །རང་གཅིག་པུར་སྡོད་ཚེ་འགྲོ་སྙིང་འདོད། །ལས་ཅི་ལྟར་བསྒྲུབ་ཀྱང་ཚུགས་མི་ཐུབ། །ཁྱོད་བློ་མང་སྤང་བ་སྙིང་གཏམ་ཡིན། །གྲོགས་འགྲོགས་ཚེ་སུན་པས་འབྲལ་ལ་རེ། །དེ་བྲལ་ཚེ་བརྩེ་བས་འཕྲད་ལ་རེ། །གང་བྱས་ཀྱང་མི་དགའ་སུན་པའི་སེམས། །བློ་དེ་འདྲ་སྤང་བ་སྙིང་གཏམ་ཡིན། །གཏམ་གླེང་གྲོགས་རྙེད་ཚེ་ངག་བཅད་འདོད། །ངག་བཅད་ཚེ་གླེང་མོ་བྱེད་སྙིང་འདོད། །གང་བྱས་ཀྱང་མི་འདོད་ཟུག་རྔུ་ཅན། །བློ་དེ་འདྲ་སྤང་བ་སྙིང་གཏམ་ཡིན། །ངག་བཟླས་བརྗོད་བྱེད་ཚེ་སྒོམ་ལ་སྤྲོ། །སྒོམ་རྣལ་མར་བྱེད་ཚེ་བཟླས་བརྗོད་འདོད། །གང་མི་འགྲུབ་བློ་མང་དུག་ཆུས་མྱོས། །ལས་དེ་འདྲ་སྤང་བ་སྙིང་གཏམ་ཡིན། །ལུས་སྦལ་པ་རྡོ་ལ་ཉལ་བཞིན་དུ། །དུས་ལོ་མང་མཚམས་ཟེར་དམ་དམ་ཡང་། །སེམས་མུ་མཐའ་མེད་པར་རྒྱལ་ཁམས་ཉུལ། །རང་ཤེས་རྒྱུད་སྔར་བཞིན་དམན་དུ་འདུག།དེར་མི་སེམས་ང་རྒྱལ་ཁེངས་པ་བརྩིགས། །བློ་དེ་འདྲ་སྤང་བ་སྙིང་གཏམ་ཡིན། །རང་བསྟོད་པ་ཐོས་ཚེ་ང་འོ་ལང་། །སྨད་ཟུར་ཙམ་ཐོས་ཀྱང་རྩོད་ལ་རིངས། །ཕྱི་ཚོགས་དྲུག་ཡུལ་ལ་འབྲང་ཤོར་བའི། །ལས་ངན་སྤྱོད་སྤང་བ་སྙིང་གཏམ་ཡིན། །ཆོས་གང་ལ་བལྟས་ཀྱང་ཟབ་ཟབ་འདྲ། །རང་ལག་ཏུ་བབ་པ་སྔོན་གྱི་ལས། །ཁབ་རྩེ་གཉིས་ཚེམ་དྲུབ་མི་འོང་དཔེ། །བློ་གཅིག་ལ་གཏོད་པ་སྙིང་གཏམ་ཡིན། །དུས་དེང་སང་མཆོག་དམན་འགའ་ཞིག་གིས། །རྗེ་གོང་མའི་ལས་དང་རྒྱབ་གྱེས་པས། །ལས་བྱེད་དང་སྨྲ་བརྗོད་བབ་ཅོལ་ལ། །ཀུན་དང་པོ་ངོ་མཚར་གཅེས་སྤྲས་ཕུལ། །ཆོས་དབང་ལུང་མན་ངག་གང་དགར་འབབ། །མཐར་གྲོང་ཡུལ་ཀུན་ལ་སྒྲོ་སྐུར་གླེང་། །ལས་ངན་སྤྱོད་དེ་སྤང་སྙིང་གཏམ་ཡིན། །ལར་ཤན་པ་མགར་རྔོན་བཟོ་པ་སོགས། །ཁོང་སངས་རྒྱས་མི་རྫུར་ཞུགས་ཀྱང་གསུངས། །དཔེ་སྐལ་རྒྱལ་དྷེ་བ་རྟ་ནག་ཅན། །བསླུ་མཁན་ཀྱང་མཆོག་གི་ཚུལ་སྟོན་མངའ། །ཚོད་ཟིན་མི་མེད་པས་མི་རུང་སྟེ། །རང་དག་སྣང་སྦྱོང་བ་སྙིང་གཏམ་ཡིན། །སེམས་འདོད་ཆོས་རྣམ་རྟོག་མང་ན་ཡང་། །དོན་དེ་ཀུན་འགྲུབ་པ་དཀའ་ལས་མེད། །བློ་བརྟན་པས་རང་ཚོད་ཟིན་པ་དང་། །རང་ཆོས་ཚུགས་མི་ཤོར་སྙིང་གཏམ་ཡིན། །ཕྱོགས་ཀུན་ན་བཤེས་གཉེན་གྲགས་ཅན་མང་། །ཡུལ་རྒྱལ་ཁམས་བསྐོར་ནས་གྲོང་ཕྱིན་ཡང་། །མགོ་སོར་མོས་རེག་པ་དོན་སྒོ་ཆུང་། །ཆོས་སྨིན་གྲོལ་ཟབ་རྒྱ་མི་ལོན་ཅིང་། །རྒྱུད་སྔར་བཞིན་འདུག་པ་སྤྱོད་པས་སྟོན། །མཚང་དེ་འདྲ་སྤང་བ་སྙིང་གཏམ་ཡིན། །ཕྱི་གཞན་རྒྱུད་འདུལ་བའི་སྔ་ཐོག་ཏུ། །ནང་རང་རྒྱུད་འདུལ་བ་གཙོ་ཆེ་བའི། །དོན་སོམས་ལ་རང་རྒྱུད་ཐུལ་བར་གྱིས། །བཀའ་རྒྱུད་སྡེ་དཔང་བཙུག་སྙིང་གཏམ་ཡིན། །དུས་དང་པོ་ཆོས་འདོད་སྡོམ་པར་འབོག།ཡང་བར་དུ་མི་དྲན་དགུ་ཡང་དྲན། །ལས་མཐའ་མར་འཁོར་བའི་གཏིང་རྡོར་འགྱུར། །ཁྱོད་དེ་འདྲ་མ་བྱེད་སྙིང་གཏམ་ཡིན། །ཆོས་རང་རྒྱུད་ཐུལ་ན་དེ་ཉིད་ཡིན། །སེམས་གཅིག་པུས་བདེ་སྡུག་མྱོང་ཚོར་ན། །འདི་གྲོལ་བའི་ཆོས་ཉིད་གཞན་མི་དགོས། །དོན་རིམ་གཉིས་བསྒོམ་པ་སྙིང་གཏམ་ཡིན། །རང་རྒྱུད་ལ་བསྟན་པ་མི་གནས་ན། །ཕྱི་བསྟན་པའི་གྲུབ་མཐའ་ཕར་ཞོག་བུ། །རྒྱུད་ཐ་མལ་བས་ཀྱང་ཉེན་པ་ན། །སྤྱིར་བསྟན་ལ་བདག་འཛིན་ཨ་ཙ་མ། །རང་ཚོད་ལ་རང་གིས་མ་ཟིན་པས། །ཕྱི་གྲུབ་མཐའི་ཚོད་འཛིན་ཉོན་རེ་མོངས། །རང་རྒྱུད་ཀྱི་བསྟན་འཛིན་སྙིང་གཏམ་ཡིན། །རྒྱུས་ཆ་མེད་མི་ལ་བསྟོད་མ་སྔ། །ལས་ཅི་བྱེད་མི་ཤེས་མཐའ་མར་མཚང་། །གོས་ཁ་དོག་ངན་ལ་སྡང་སྨད་ན། །མཐར་རང་མཐོ་དམན་ལ་ལྷུང་ཡང་སྲིད། །ཀུན་བཏང་སྙོམས་བཞག་པ་སྙིང་གཏམ་ཡིན། །ནོར་ཕྱུག་དང་ཕ་སྤུན་བཙན་དར་ཡང་། །དེ་རྟག་གམ་མི་རྟག་ཆ་མེད་པས། །ང་རྒྱལ་དང་རྒྱག་པ་ཕར་ཞོག་ལ། །ཁྱེད་དམན་ས་བཟུང་བ་སྙིང་གཏམ་ཡིན། །མི་ཆོས་དང་ལྷ་ཆོས་གཉིས་པོ་འདི། །དུས་གཅིག་ལ་འགྲུབ་པར་མ་གསུངས་ཏེ། །དེ་མཉམ་དུ་འགྲུབ་པ་མོ་གཤམ་བུ། །ལས་དགྲ་འདུལ་དང་གཉེན་སྐྱོང་ཚོང་རྐུ་འཕྲོག།གཞན་བསླུ་བྲིད་ཞོར་ལ་འདུལ་བ་འཛིན། །དེ་ལྷན་གཅིག་འགྲུབ་པ་མ་གསུངས་ཀྱང་། །དེང་ལྷན་གཅིག་འགྲུབ་པ་རི་བོང་རྭ། །མཚར་ཆེ་སྟེ་མ་བྱེད་སྙིང་གཏམ་ཡིན། །སྐྱབས་མི་བསླུ་ངེས་པ་དཀོན་མཆོག་གསུམ། །དེ་མ་གཏོགས་སྐྱབས་གཞན་ཀུན་གྱིས་བསླུ། །དུས་རྒྱུན་དུ་ལོང་ཡོད་མ་བྱེད་པར། །སྐྱབས་དཀོན་མཆོག་མ་བརྗེད་སྙིང་གཏམ་ཡིན། །མ་འགྲོ་ཀུན་སྙིང་རྗེའི་གནས་ཡིན་པས། །དེར་ཕྱོགས་རིས་བདག་འཛིན་མ་འདྲེས་པས། །ཚད་མེད་དང་ཞི་བདེའི་དགེ་བསྒྲུབ་བྱེད། །དོན་བྱང་སེམས་མི་འབྲལ་སྙིང་གཏམ་ཡིན། །སྐྱབས་ཀུན་འདུས་ངོ་བོ་བླ་མ་ཡིན། །དེ་རྟག་བསྟེན་དགོངས་ཉམས་ལོན་པ་དང་། །རང་རྒྱུད་གྲོལ་དམ་ཚིག་སེལ་མེད་སྲུང་། །དུས་རྒྱུན་དུ་གསོལ་འདེབས་སྙིང་གཏམ་ཡིན། །ལུས་ལོངས་སྤྱོད་དགེ་རྩར་བཅས་པ་ཀུན། །ཆགས་འཛིན་དང་བྲལ་བར་བློས་བླངས་ཏེ། །ཡུལ་ཁྱད་པར་ཅན་གྱི་སྤྱན་སྔར་ཕུལ། །ཚོགས་བསགས་ཀྱི་མཆོག་ཡིན་སྙིང་གཏམ་ཡིན། །ཁྱོད་ངེས་པའི་དོན་ལ་འཇུག་འདོད་ན། །བློ་སྦྱོང་བ་མི་རྟག་སྒོམ་པས་སློང་། །རྟ་བརྩོན་འགྲུས་དྲག་པོ་སྙིང་རུས་ཡིན། །དོན་ཤེས་པར་གྱིས་ཤིག་སྙིང་གཏམ་ཡིན། །བྱམས་སྙིང་རྗེ་ཆོས་ཀྱི་རྩ་བ་ཡིན། །ཡིད་དད་གུས་ཆོས་ཀྱི་སྣོད་བཟང་ཡིན། །བློ་ཐེ་ཚོམ་བྲལ་བ་ཆོས་ཀྱི་མིག།དོན་ཤེས་པར་གྱིས་ཤིག་སྙིང་གཏམ་ཡིན། །ཕ་བླ་མ་བསྟེན་པ་ལམ་བསྟན་ཡིན། །དོན་ཉམས་སུ་ལེན་པ་ལམ་ཞུགས་ཡིན། །ལམ་མཐའ་རུ་ཕྱིན་པ་དོན་ཐོབ་ཡིན། །དོན་དེ་གསུམ་ལྡན་དགོས་སྙིང་གཏམ་ཡིན། །ཞེས་སྙིང་གཏམ་སུམ་ཅུ་སོ་ལྔ་པ་འདི་དད་ལྡན་རང་སློབ་ཕོ་མོ་འགའ་ཞིག་གི་ངོར་དམན་པ་སྔགས་སྨྱོན་བླུན་པོ་ས་ཕུག་ཏུ་ཉལ་བ་ལྷ་བཙུན་འོད་གསལ་སྙིང་པོས་སྨྲས་པའོ། །། །