TTDL-ZABTER-18-TSHA-082

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-082

གཟུང་འཛིན་རང་གྲོལ་གྱི་གདམས་ངག་ཉི་ཟླའི་གྭའུ་བཞུགས།དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག།ཁྱབ་བདག་འཁོར་ལོའི་མགོན་པོ་རྗེ། །མཚོ་སྐྱེས་རྗེ་དང་བི་མ་ལས། །བདག་དང་བརྒྱུད་འཛིན་རྗེས་སུ་ཟུངས། །ཨཻ།རྣལ་འབྱོར་ཁྱོད་ཀྱི་བཀའ་མི་ལྡོག།ངས་ནི་གདམས་ངག་འཆད་མི་ཤེས། །ཅིའི་ཕྱིར་དེ་དོན་བསྙད་པ་ན། །སྐྱེས་ནས་ད་ལྟ་ཡན་ཆད་དུ། །ལས་རླུང་དྲག་པོ་དབང་བཙན་པས། །དགེ་བའི་བཤེས་གཉེན་བསྟེན་མ་མྱོང་། །ཐོས་པའི་ཤེས་རབ་མེད་པས་བླུན། །བསྒོམ་པའི་ཡོན་ཏན་མེད་པས་རྨོངས། །བསླུ་ཆོས་རང་མགོ་འཁོར་བས་མྱོས། །འདི་ཕྱིའི་དོན་མ་འགྲུབ་པས་དབུལ། །སྡུག་བསྔལ་ཞགས་པས་འཁྱུད་དེ་ཕུང་། །དེ་ཕྱིར་གཞན་བཅོས་ལྟ་ཅི་སྨོས། །འོན་ཀྱང་ཁྱོད་གསུངས་དོན་ཡོད་ཕྱིར། །རང་གི་བླུན་བཟོས་སྒོམ་ལ་རྩི། །ཐུགས་མ་ཁྲེལ་དང་མདོ་ཙམ་བྲི། །ཕ་རྒན་མཚོ་སྐྱེས་རྡོ་རྗེ་ཡིས། །དགོངས་རྒྱུད་ཕ་ཕོག་ཚུལ་དུ་སྤར། །ཨ་མ་ཡེ་ཤེས་མཁའ་འགྲོ་མས། །སྙིང་ཐིག་ནུ་ཞོའི་ཚུལ་དུ་བླུད། །མཁའ་ལྡིང་རྒྱལ་པོའི་བུ་བརྒྱུད་བཞིན། །སྒོང་རྒྱའི་སྦུབས་ནས་ནར་སོན་ཐལ། །ཅུང་ཟད་སྨྲས་ཀྱང་འགལ་མེད་མོད། །དེ་ཕྱིར་མདོར་བསྡུས་དོན་འདུ་བྲི། །དང་པོ་ལུས་ངག་ཡིད་གསུམ་ནས། །སེམས་རྙེད་གཏན་ལ་དབབ་པ་དང་། །གནས་འགྱུ་རིག་གསུམ་ཡན་ཆད་ནས། །དྲན་པ་རྣམ་བཞི་མན་ཆད་དུ། །རང་བཞིན་ལམ་དུ་བྱེད་པ་ནི། །རིམ་གྱིས་ལམ་མཆོག་གཏན་ལ་དབབ། །འདི་ནི་དང་པོའི་ལས་ཅན་ལམ། །དེ་ནས་ཐེག་མཆོག་རྒྱལ་པོ་འདིའི། །རང་ལམ་ཚུལ་བཞིན་བསྟན་པ་ནི། །མཁའ་ལྡིང་མས་འབབ་ཅི་བཞིན་དུ། །ཡེ་གཞི་གཏན་ལ་དབབ་པར་བྱ། །ཡེ་གཞི་བདེ་གཤེགས་སྙིང་པོ་ནི། །སངས་རྒྱས་བཟང་པོས་ཕན་མ་བཏགས། །སེམས་ཅན་ངན་པས་གནོད་མ་བྱས། །སྤྲོས་པའི་མཐའ་བརྒྱད་ལས་འདས་ཤིང་། །རྣམ་ཐར་གསུམ་དང་ལྡན་པའི་ཆོས། །གདོད་ནས་ཁམས་གསུམ་སེམས་ཅན་རྣམས། །འདི་དང་སྐད་ཅིག་འབྲལ་མ་མྱོང་། །ཁྱབ་བྱེད་ཡེ་ཤེས་ཤེས་རབ་སྟེ། །ངང་གནས་ཡོངས་གྲུབ་མདངས་གསལ་ན། །དེ་ནི་རིག་པ་ཆོས་ཀྱི་སྐུ། །མ་རིག་མལ་དུ་དུབ་པ་ཡི། །འཁྲུལ་རྒྱུ་ཀུན་གཞིའི་མུན་ཁམས་བྱུང་། །ངོ་བོའི་སྟེང་ནས་མི་འགྱུར་ཏེ། །རང་བཞིན་སྟེང་དུ་འཁྲུལ་པར་འཕྱན། །སངས་རྒྱས་སེམས་ཅན་དེ་ལྟར་གྱིས། །དེ་ལྟར་ཀུན་གཞིའི་མིང་གྲགས་པ། །བདེ་སྡུག་ཀུན་དང་འཁོར་བ་ཀུན། །སྔོན་བྱུང་འཕྲལ་བྱུང་མ་རིག་པའི། །བག་ཆགས་ཀུན་འདུས་ཀུན་འདུ་བའི། །གཞི་ནི་འདི་སྟེ་དེ་ལྟར་གྲགས། །དཔེར་ན་མུན་འཐུག་གཉིད་འཐུག་དང་། །ཡང་ན་བརྒྱལ་བའི་གནས་སྐབས་ལྟར། །ཕན་གནོད་གང་གི་བྱེད་པོ་མེད། །གཞི་ཡི་ཞལ་རས་སྒྲིབ་པས་བསྒྲིབས། །ཉོན་མོངས་འཁྲུལ་པ་ཀུན་གྱི་ཁྱིམ། །དེ་ལས་ངར་འཛིན་རག་པ་ཤར། །ང་དང་ང་ཡི་ཡུལ་ཅན་གྲུབ། །ང་ལས་གཟུགས་ཕུང་གྲུབ་པ་ལ། །ང་ཡི་ཞར་ལ་གྲུབ་པ་ནི། །སྣང་བ་སྣོད་ཀྱི་འཇིག་རྟེན་དང་། །གཡོ་བ་བཅུད་ཀྱི་སེམས་ཅན་དང་། །འདོད་ཡོན་ལྔ་ཡི་རང་བཞིན་ཤར། །འདི་ནི་ཉི་མ་ཉི་འོད་བཞིན། །སྣང་བའི་ཆོས་དང་གཟུང་བ་ཡུལ། །རྣམ་རྟོག་སྔ་མས་བྱས་པ་ཡིན། །ང་ཡི་ལུས་ནས་ཡིད་ལངས་ཏེ། །སྒོ་ལྔའི་ཡུལ་དུ་རྣམ་པར་ཤེས། །རག་པ་ཧྲིལ་པོར་འཛིན་པ་ནི། །རྣམ་པར་ཤེས་པ་ལྔ་རུ་གྲགས། །ཕྲ་བ་སོ་སོར་དབྱེ་བ་ནི། །ཡིད་ཀྱི་རྣམ་པར་ཤེས་པར་བརྗོད། །མདོར་ན་ཡིད་ཀྱི་རྣམ་ཤེས་དེ། །སྔ་མའི་རྣམ་པར་རྟོག་པ་ལ། །མིང་བཏགས་དོན་བཟུང་དངོས་པོར་འཐས། །དབྱེ་བ་བདག་དང་ཕ་གིར་ལྟ། །བདེ་སྡུག་བཏང་སྙོམས་ཉེ་བར་ལེན། །འདི་ནི་རྣམ་རྟོག་ཕྱི་མ་སྟེ། །འཛིན་པ་སེམས་སུ་གྲགས་པ་ཡིན། །འདི་ལྟར་སྣང་དང་སྣང་བྱེད་གཉིས། །ཕྲ་བའི་སྟེང་ནས་འགྱུར་བ་ནི། །སྐད་ཅིག་ཙམ་ཡང་རྟག་ཏུ་མེད། །རག་པའི་སྟེང་ནས་འགྱུར་བ་ནི། །ཉིན་སྣང་མཚན་སྣང་འདི་ཕྱིའི་སྣང་། །སྣོད་བཅུད་སྣང་བའི་རྫུན་རིས་ལགས། །དཔེར་ན་ལོ་གཅིག་ནང་ཚན་དུ། །ཉིན་སྣང་སུམ་བརྒྱ་དྲུག་ཅུ་དང་། །མཚན་སྣང་སུམ་བརྒྱ་དྲུག་ཅུ་ལ། །བདེན་རྫུན་མེད་པར་མཉམ་ལ་ལྟོས། །དེ་བཞིན་འདས་པའི་དུས་རྣམས་སུ། །ཉིན་སྣང་མཚན་སྣང་མང་ཚན་ཐལ། །མཉམ་ལས་བདེན་རྫུན་མེད་ལ་ལྟོས། །སངས་རྒྱས་དང་ནི་སངས་རྒྱས་ཞིང་། །སྣོད་བཅུད་ངེས་པར་མ་ལྟ་ཞིག།འཁོར་བ་དང་ནི་ངན་སོང་དང་། །བདེན་གྲུབ་རང་མཚན་མ་ལྟ་ཞིག།སྐྱོབ་བྱེད་ལྷ་དང་ཕུང་བྱེད་འདྲེ། །མངོན་གྲུབ་ངེས་པར་མ་ལྟ་ཞིག།ཁམས་གསུམ་འཁྲུལ་པའི་སེམས་ཅན་རྣམས། །རང་རྒྱུད་བལྟས་པས་ལན་པ་ཡིན། །དེ་ཕྱིར་རང་རྒྱུད་མ་ལྟ་ཞིག།མིང་གི་གདགས་གཞི་རྫུན་ལ་ལྟོས། །དངོས་པོའི་གཏན་ཕུག་སྟོང་ལ་ལྟོས། །ལྷ་འདྲེས་ཕན་གནོད་མེད་ལུགས་ལྟོས། །འཁོར་འདས་རང་ཡུལ་མེད་ཚུལ་ལྟོས། །བདེ་སྡུག་འཁྲུལ་ཉམས་ངེས་པར་ལྟོས། །འདི་ནས་ཕྱི་མར་བགྲོད་པ་ཡིན། །ལུས་དང་ཡུལ་གཉིས་མ་ལྟ་ཞིག།སྣང་བ་གནས་འགྱུར་ཙམ་ལས་མིན། །དཔྱོད་ལྡན་ཡིན་ན་ཉིན་མཚན་གྱི། །སྣང་བ་འགྱུར་ལས་བགྲོད་མིན་པས། །ཚུལ་དེས་ཐམས་ཅད་དཔག་པར་གྱིས། །གནས་ལུགས་ཡིན་ལུགས་ཡོངས་གྲུབ་ཀྱི། །ཚུལ་མཐོང་ཆོས་ཉིད་བདེན་པ་ཡིན། །ཚུལ་བཞིན་ཡིན་ལུགས་མ་ཤེས་ན། །སྟོང་པ་ཉིད་ལས་རིང་དུ་ཐལ། །བློས་བཅོས་རྒྱས་འདེབས་བྱེད་པ་ནི། །ཡང་དག་དོན་ལས་རིང་དུ་དགོན། །དེ་ལྟར་སྣང་བ་ཀུན་རྫོབ་ཆོས། །དོན་དམ་དབྱིངས་སུ་མ་གྲོལ་ན། །བྱ་བྱེད་དཀར་ནག་འཁོར་བ་ལས། །མི་འཕགས་ངོ་མར་གདོན་མི་ཟ། །ཡེ་གཞིའི་ལྷུམས་མདངས་སྐུ་ལྔ་ནི། །འཁྲུལ་པའི་སྣང་ངོར་འབྱུང་ལྔར་འཐས། །ཡེ་ཤེས་ཏིང་གསལ་ལྷུམས་མདངས་ནི། །གདངས་ཐོག་ཤར་བ་ཁ་དོག་ལྔ། །དེ་ལྟར་སྣོད་བཅུད་ཐམས་ཅད་ཀྱི། །མིང་དང་དངོས་པོས་རང་བཞིན་སྣང་། །བརྟགས་ན་ངོ་བོ་སྟོང་པར་འཇིག།སྟོང་པ་ཉིད་ནི་ངོ་བོ་སྟེ། །ངོ་བོ་ཉིད་ལས་མི་གཞན་ངེས། །ངོ་བོ་བཟང་ངན་མེད་པའི་ངང་། །འཁོར་བ་དང་ནི་འདས་པའི་ཆོས། །འུབ་ཏུ་འདུས་ཤིང་ཡོངས་སུ་ཆུབ། །འདི་ལ་འུབ་ཆུབ་ཞེས་ཀྱང་བྱ། །ངོ་བོ་ཀ་དག་ཆེན་པོ་ནི། །སྐྱོན་དང་དྲི་མ་ཀུན་བྱང་ནས། །ཡེ་ཤེས་ཡོན་ཏན་ཀུན་ཆུབ་པས། །དོན་དམ་བྱང་ཆུབ་སེམས་ཞེས་བྱ། །དེ་ལྟར་ངོ་བོ་སྟོང་པའི་ངང་། །ལུང་མ་བསྟན་དུ་ནོར་ར་རེ། །ངང་བཞག་ཡེ་གནས་ཡིན་པའི་ཕྱིར། །ཡེ་བབ་ཤེས་རབ་ཡེ་ཤེས་མིག།ཡིད་དང་བློ་རུ་ནོར་ར་རེ། །ཆོས་ཉིད་ཀློང་ནས་བརྡོལ་བ་དང་། །གོ་བ་རྒྱུད་ལ་ཆགས་པ་གཉིས། །འདྲ་འོ་འདྲ་འོ་ནོར་ར་རེ། །ནོར་ན་སྤྱོད་པས་རྟགས་སྟོན་པས། །གཞན་གྱིས་རྩོད་པས་འཇོམས་པས་སོ། །རིག་པའི་རང་གདངས་ཐེབ་པ་དང་། །ཀུན་གཞིའི་རྣམ་ཤེས་སྟོང་གསལ་གཉིས། །འདྲ་འོ་འདྲ་འོ་ནོར་ར་རེ། །དྲན་པའི་རང་ཚུགས་ཟིན་པ་དང་། །རིག་པའི་ཆོས་ཉིད་མངོན་སུམ་གཉིས། །འདྲ་འོ་འདྲ་འོ་ནོར་ར་རེ། །དྲན་སྟོང་མལ་དུ་དུབ་པ་དང་། །ཆོས་ཉིད་གཏད་མེད་རྒྱ་ཡན་གཉིས། །འདྲ་འོ་འདྲ་འོ་ནོར་ར་རེ། །ཁ་ལྟ་སྟོང་སྐད་ཧད་པོ་དང་། །ཆོས་ཉིད་བདེན་པ་མཐོང་བ་གཉིས། །འདྲ་འོ་འདྲ་འོ་ནོར་ར་རེ། །དེ་ལྟར་འདྲ་ལ་མ་ནོར་བར། །རིག་པ་ཆོས་སྐུར་ཡེ་སངས་ལ། །འཁོར་གསུམ་ཅོག་བཞག་མེད་པར་ཞོག།རིག་པ་ཡེ་སྟོང་ཆེན་པོ་ལ། །ཡང་སྟོང་ཟོབ་ཀྱི་ལྷད་མ་བརྡལ། །རིག་པ་ཡེ་གྲོལ་ཆེན་པོ་ལ། །ཡང་གྲོལ་བཅོས་མའི་ཟོན་མ་གཅུད། །རིག་པ་ཡེ་གསལ་ཆེན་པོ་ལ། །ཡང་གསལ་ལྟ་བས་སྒྲོ་མ་བཏགས། །རིག་པ་རང་ཤེས་རང་རིག་ལ། །ཡོངས་གསལ་བློ་ཡིས་བཅོས་མ་བསྒྱུར། །རིག་པ་ངང་བརྡལ་རྒྱ་འབྱམས་ལ། །ཡིད་ཀྱིས་བཞག་བསྒྱུར་མ་བྱེད་ཅིག།འདི་ལྟར་གནས་ལུགས་གནད་ཤེས་ན། །འཁོར་འདས་རྫོགས་པ་ཆེན་པོ་ཡིན། །དེ་ལྟར་ཚུལ་བཞིན་མི་ཤེས་ཤིང་། །གཟུང་འཛིན་རང་རྒྱུད་གོལ་བའི་གཤིས། །གཉིས་འཛིན་འཆིང་བ་སོར་བཞག་པས། །བེམ་སྟོང་བསྒོམ་པས་ཅེར་ལོང་འགའ། །རྫོགས་ཆེན་ཡིན་དུ་མ་རློམས་ཤིག།དྲན་པའི་གཟེབ་ཀྱིས་བཅིང་པ་ཡི། །རང་བཞིན་ལམ་དུ་བྱེད་པ་ཚོས། །རིག་པ་ཡིན་དུ་མ་རེ་ཞིག།གོ་བ་གོ་ཡུལ་འཁྲུལ་པ་ཡིན། །ཉོན་མོངས་བྱུང་རྒྱལ་སྤྱོད་པ་ཚོས། །རྣལ་འབྱོར་ཡིན་དུ་མ་རེ་ཞིག།དྲན་པ་རང་སར་བོར་བའི་མཐར། །ཐ་མལ་བཞིན་དུ་གཏན་སྤངས་ལ། །ཐ་མལ་ཤེས་པ་མ་བཏགས་ཤིག།དེ་བཞིན་ལོག་ལམ་མ་ཡིན་པའི། །རིག་པ་སྐུ་གསུམ་ལྷུན་གྲུབ་ནི། །ཐ་མལ་ལྟ་བུར་འཁྲུལ་མིན་པས། །སྒོམ་སྒྲུབ་བཅོས་བསྒྱུར་སྤང་བླང་མེད། །ངང་གནས་རྒྱ་འབྱམས་ཧད་དེ་བ། །ཧད་དེ་བ་ལ་ཟང་ཐལ་ལེ། །ཟང་མ་ཐལ་བྱུང་ཅི་ཡང་མིན། །ཡོད་མིན་མེད་མིན་འགགས་པ་མེད། །སྐྱེ་བ་མེད་ལ་འོང་བ་མེད། །འགྲོ་བ་མེད་ལ་ཐ་དད་མེད། །གཅིག་ཏུ་ཁས་ལེན་མེད་པ་སྟེ། །སྤྲོས་པ་བྲལ་བའི་གནད་ཀྱིས་སུ། །རྣམ་ཐར་སྟོང་པ་ཉིད་ཀྱི་སྒོ། །ཚིག་དཔེ་དོན་གྱིས་མི་མཚོན་པས། །རྣམ་ཐར་མཚན་མ་མེད་པའི་སྒོ། །འདི་རུ་རང་སར་གདིང་ཐོབ་ལས། །འབྲས་བུ་ཡིད་སྨོན་མེད་པའི་ཕྱིར། །རྣམ་ཐར་སྨོན་པ་མེད་པའི་སྒོ། །མཚན་ཉིད་འདི་རྣམས་ཤེས་པ་གནད། །གནས་ལུགས་འདི་ཤེས་ཤེས་རབ་མིག།རྫོགས་ཆེན་ཡིན་ལུགས་ཤེས་པ་ལམ། །ཤེས་ནས་གྲོལ་བ་ཐོབ་པ་གལ། །སངས་རྒྱས་གཅིག་ཆར་མ་རྟོགས་པར། །ལུས་ངག་རིག་པ་སོར་བཞག་པས། །མཉམ་བཞག་གནད་དུ་མ་བསྣུན་ན། །ལྟ་བ་མཐོ་མཐོའི་ང་རྒྱལ་གྱིས། །འཆི་ཁ་ཐ་མལ་ལུས་ན་མཚང་། །འགྲོ་འདུག་ཟ་ཉལ་ལབ་མོའི་དུས། །རྗེས་ཐོབ་རིག་པའི་གདིང་དང་འགྲོགས། །མཉམ་རྗེས་ཁྱད་མེད་ཟེར་བ་ཡི། །སྟོང་སྐད་ཧད་པོ་འུག་སྐད་མཐོས། །རང་ཕུང་རང་མགོ་བསྐོར་ལ་ལྟོས། །བཅོམ་ལྡན་ཐུབ་པའི་དབང་པོས་ཀྱང་། །ནཻ་རཉྫ་ནར་དགོངས་པ་མཛད། །ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་སོགས། །རྒྱ་བོད་པཎ་གྲུབ་དག་གིས་ཀྱང་། །ཚེ་གཅིག་མཉམ་བཞག་རྩལ་བཏོན་ན། །འུ་ཅག་ཨ་རེ་ལྟ་ཅི་སྨོས། །གསང་སྔགས་རྡོ་རྗེའི་ཐེག་པ་ནི། །མིང་བཞིན་དོན་མ་འཛོལ་བའི་ཕྱིར། །ལྟ་བ་ཁ་འབྱམས་མི་བྱེད་གནད། །རྫོགས་པ་ཆེན་པོའི་དོན་རྟོགས་པའི། །རྣལ་འབྱོར་ངེས་པ་འདྲ་མཆིས་ན། །ཨོ་རྒྱན་རྗེ་དང་འགྲན་ཐལ་བདེན། །རང་གི་རྒྱུད་ལ་བློས་གཞིག་ནས། །སྐྱོན་དང་ཡོན་ཏན་གཉིས་ཀར་བརྟགས། །ཤེས་རྒྱུད་སྔར་ལས་མི་འཕགས་ན། །གོ་ས་མཐོན་པོར་མི་རློམ་གལ། །འདི་ཕྱི་གཉིས་ཕུང་དཀོར་གྱིས་ནོར། །ཟ་ཚོད་རན་ཚོད་ཙམ་དེ་ལས། །གསོག་འཇོག་བློ་ཡིད་ཚིམ་དུས་མེད། །ཇེ་རྔམ་ཇེ་མཁོ་རྒྱུན་མི་འཆད། །འཆི་ཁ་བཤན་པའི་གྲལ་དུ་ཉམས། །བསགས་པ་གཞན་གྱིས་སྤྱོད་པའི་དུས། །དྲིན་ལན་ཅི་གཟོ་དྲན་སྲིད་དམ། །དེ་ཕྱིར་རང་མགོ་འདོན་པའི་ཐབས། །ཕོ་རབ་དག་གི་སྤྱོད་པ་སྐྱོངས། །བསགས་པ་ཨ་བྲའི་ལད་མོ་བཞིན། །གཏད་སོ་མེད་པའི་ཉུག་ཉུག་པོ། །ཆོག་ཤེས་ནམ་ཙམ་དུས་སུ་འོང་། །འཆི་བའི་དུས་ཚིགས་ནམ་ཞིག་ཡིན། །ཤེས་སམ་དཔྱོད་ལྡན་དག་གིས་དཔྱོད། །ཚོང་དང་ཁེ་སྤོག་གཡོ་སྒྱུའི་ལས། །སྲིན་བུའི་ཁ་ཆུ་ཅི་བཞིན་དུ། །བླ་བཙུན་འགའ་ཞིག་འདིས་རང་འཆིང་། །ཞེ་སྡང་ཁེ་དྲག་འགྲན་སེམས་དང་། །གཞན་གསོད་ཕྱིར་ན་རང་རྒྱལ་ཚོལ། །གཞན་ལས་འཕགས་ཕྱིར་སྐྱེས་འགྲན་དང་། །གཞན་ལ་རྒོལ་ཕྱིར་རང་ཕུང་བའི། །ལས་ཀ་འདི་དག་མཁས་པས་སྤོངས། །སྒོམ་ཆེན་སྐྱོན་ཡོན་སྤྱོད་པས་སྟོན། །རྟོགས་ལྡན་ཆོས་འཚོལ་རྫུན་གྱི་ཕུག།ཡུལ་ལ་མངོན་ཞེན་རློམ་པ་རྫོབ། །སྒོམ་ཆེན་རང་ཚད་རྨི་སྣང་འཆར། །རབ་ཀྱིས་རྨི་ལམ་དབྱིངས་སུ་ནུབ། །འོད་གསལ་ཁོར་ཡུག་འདྲེས་པ་ཡིན། །འབྲིང་གིས་རྨི་ལམ་ཉིད་དུ་ཤེས། །སྤྲུལ་བསྒྱུར་ལ་སོགས་དབང་འབྱོར་སྲིད། །ཐ་མས་ཕྱིར་ལྟས་མངོན་པའི་ཕྱིར། །བཟང་པོ་དག་ལས་རྨི་མི་སྲིད། །འདི་དག་ཚད་དུ་འབྱུང་སྟེ་གདའ། །ཅིའི་ཕྱིར་དེ་དག་བསྙད་ཅེ་ན། །སྒོམ་སྒྲུབ་བྱེད་ཚུལ་ཚད་བཅས་པ། །མདོར་འདུས་ཕྱིར་ན་དྲིལ་དུ་བསྙད། །ཆགས་དང་སྡང་བའི་སེམས་ཀྱིས་མིན། །སྐྱོན་ཡོན་རུ་ཤན་འབྱེད་དུ་ཡོད། །སེམས་རིག་དབྱེ་བའི་གནད་ཕྱིར་ཚུལ། །མ་ནོར་ཡང་དག་ཉིད་དུ་བསྟན། །གེགས་དང་གོལ་སྒྲིབ་རྨེན་བསལ་ནས། །གདམས་ངག་གཙང་མའི་ཚུལ་དུ་བསྟན། །མགོ་འཇུག་གོ་ལོག་བསྡེབ་ཏུ་མེད། །ལམ་གྱི་གེགས་སྐྱོན་ཞར་ལ་བྱུང་། །དེ་ཡིས་ཐོག་མཐའ་ཐམས་ཅད་རྫོགས། །རྣལ་འབྱོར་ལྟ་བའི་གདིང་ཐོབ་དག།བཟང་ངན་རྐྱེན་གྱིས་རྒྱུད་མི་བསླུ། །རེ་དོགས་བཟང་ངན་མེད་གདིང་རྙེད། །ཡུལ་ནས་ཡུལ་དུ་མ་ཡིན་ཏེ། །རིག་པ་རང་སར་གདིང་ཐོབ་གྲོལ། །ཀུན་རྫོབ་ཆོས་ཀུན་རིག་པར་སངས། །བདེན་གཉིས་གཅིག་ཆར་མཉམ་གྲོལ་ཏེ། །བླུན་པོས་སྤང་ལེན་མི་འདོམས་ཀྱང་། །རྐྱེན་ཕྱིར་རྒྱུ་རུ་འདུས་ཕྱིར་རོ། །འཁོར་འདས་གཉིས་བསྒྲུབ་རིག་མ་ཡིན། །སྣང་བ་ཚོགས་བརྒྱད་ཡུལ་སེམས་བཅས། །གདོད་མའི་ལྷུམས་སུ་རང་སད་མཉམ། །འཁོར་འདས་སོ་སོར་འགྲོ་སྡོད་མིན། །རྨི་ལམ་སད་པ་དཔེ་རུ་གདའ། །ཀུན་རྫོབ་འཁྲུལ་ངོར་རང་བདེན་ཏེ། །དོན་དམ་རང་ངོར་ཀ་དག་བདེན། །གཉིས་མེད་ངོ་བོ་ཉིད་དུ་མཉམ། །གཅིག་ལས་གཉིས་སུ་འཛིན་པ་འཁྲུལ། །གཟུང་འཛིན་མདུད་རྒྱ་ཁྲོལ་བའི་ཚེ། །ལྷུན་གྲུབ་སྣང་ཆ་དག་པ་དེ། །སྐུ་དང་ཞིང་ཁམས་དག་ཏུ་འདོད། །སྐུ་དང་ཞིང་ཁམས་བྱ་བ་ཡང་། །ཡུལ་དང་གཟུགས་སུ་བལྟ་བ་ནི། །དོན་དམ་པ་ཡིས་འཁྲུལ་པ་ཆེ། །ངན་སོང་འཁོར་བའི་གནས་ཡུལ་དུ་། །འགྲོ་བའི་གཅེར་བུ་མགོན་མེད་དེ། །རྒྱུ་རྐྱེན་གང་གིས་གཟུགས་སུ་བྱས། །གཟུགས་མེད་པས་ན་ཅིས་སྡུག་བསྔལ། །འདི་ནི་འཁྲུལ་སྣང་རང་ལ་བཟླ། །སྔར་མྱོང་བདེ་སྡུག་གང་དུ་ཐལ། །ཁྱོད་བདེན་པས་ན་ཉམས་ཟུང་ཟད། །དེ་ཕྱིར་འཁྲུལ་པ་ཞིག་པའི་ཤུལ། །རྒྱུ་འབྲས་དཀར་ནག་སུ་ཡིས་ལེན། །རྒྱུ་བསྒྲུབ་འབྲས་བུ་ཐོབ་ཏུ་མེད། །རང་སར་གདིང་ཐོབ་ཆེད་དུ་འོང་། །འཁྲུལ་རྒྱུའི་ས་བོན་ཞིག་པ་ན། །སངས་རྒྱས་སེམས་ཅན་མེད་པར་ཧར། །དགེ་དང་སྡིག་པ་མེད་པར་མཉམ། །བཟང་དང་ངན་པ་མེད་པར་སངས། །ང་དང་ཕ་ཀི་གཉིས་ཀ་ཟད། །ཕན་གནོད་བྱ་བའི་ཉེར་ལེན་ཞིག།ལུས་ནི་མི་རོ་རྟོག་མེད་བཞིན། །གཅེས་པར་འཛིན་པའི་རྟོག་པ་མེད། །ངག་ནི་བྲག་ཆ་དཔྱོད་མེད་ལྟར། །རང་བྱུང་ཉིད་དུ་རང་སྒྲ་སྒྲོགས། །སེམས་ནི་གདོད་མའི་ལྷུམས་ཞུགས་པས། །འདུས་བྱས་ཆོས་ཀུན་དབྱིངས་སུ་ཡལ། །དག་ན་ལུས་སེམས་དབྱེར་མེད་དུ། །གཞོན་ནུ་བུམ་སྐུར་ཡང་དག་རྫོགས། །ཞིག་ན་རྡུལ་ཕྲན་ངང་དུ་དེངས། །འཕོ་ན་ལྟོས་པ་ཆུང་དུ་ཞ། །དེ་ལྟར་གྲོལ་བའི་སངས་རྒྱས་ཀྱིས། །ཉིད་ཀྱིས་ངང་ལས་སྟོན་པ་མིན། །གདངས་རྩལ་ཉིད་ཀྱིས་གདུལ་བྱ་འདུལ། །སྐུ་གསུམ་ལྷུན་གྲུབ་ངང་རང་བྱུང་། །གསུམ་དུ་མ་ཡིན་ཐ་མི་དད། །དཔེར་ན་ཟླ་བ་ཆུ་ཟླ་མིན། །ཆུ་ཟླ་ཟླ་བ་ཆུ་ཡང་མིན། །ཟླ་བ་མེད་ན་ཡང་མེད་བཞིན། །དེ་བཞིན་ཆོས་སྐུ་སྟོན་པ་མིན། །སྟོན་པ་ཆོས་ཀྱི་སྐུ་ཡང་མིན། །ཆོས་སྐུ་མེད་ལས་བྱུང་ཡང་མིན། །གཅིག་དང་སོ་སོ་གཉིས་ལས་འདས། །དེ་ནི་གྲོལ་བའི་ཚུལ་མདོར་བསྡུས། །རྣལ་འབྱོར་རྣམས་ཀྱི་ཐུགས་སུ་ཆུབ། །ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཤོག།ཨྠིྀ།ཞེས་པ་འདི་སྤྲང་སྨྱོན་འཆོལ་པོ་སེམས་ཉིད་ཧད་པོས་རང་བྱུང་གི་ངོར་བྲིས་པ་ཡོངས་སུ་དགེ་བར་གྱུར་ཅིག།བཀྲིས་ཤོག། །།