TTDL-ZABTER-18-TSHA-086

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-086

ཁྱབ་བདག་འཁོར་ལོའི་མགོན་པོ་པདྨ་འབྱུང་། །མི་འབྲལ་སྤྱི་གཙུག་བདེ་ཆེན་རྒྱན་དུ་བཞུགས། །རྩེ་གཅིག་གསང་ཆེན་མྱུར་ལམ་ལ་ཞུགས་ནས། །ཚེ་འདིར་སངས་རྒྱས་འདོད་པ་ཁྱོད་བདེན་ན། །མན་ངག་གསང་བའི་ཁྲིད་གཞུང་གནད་བསྡུས་པའི། །ཚིག་ཉུང་དོན་ཟབ་ཉམས་ལེན་ཁྱོད་ལ་གདམས། །ཀྱེ་ཧོ།སྣང་སྲིད་དང་འཁོར་འདས་ཆོས་སོ་ཅོག།མིང་བཙལ་བའི་གདགས་གཞི་སྟོང་པ་ཉིད། །དངོས་པོ་དང་ཐོག་རེག་གྲུབ་པ་ཡི། །འདོད་ཡོན་གྱི་སྣང་བ་ཐམས་ཅད་ཀུན། །སྒྱུ་མ་དང་རྨི་ལམ་ཇི་བཞིན་དུ། །མེད་བཞིན་དུ་སྣང་བ་ཆུ་ཟླ་ལྟར། །ཚུལ་ཤེས་པའི་ངང་ནས་བདེན་ཞེན་སྤོངས། །ལྷར་སྣང་དང་འདྲེར་སྣང་དགེ་སྡིག་ཆོས། །གཞི་རྩ་དང་བྲལ་བའི་ཚུལ་ལ་ལྟོས། །འཁོར་བ་དང་འདས་པའི་ཡུལ་སྣང་ཀུན། །མེད་བཞིན་དུ་སྣང་བ་རབ་རིབ་ལྟར། །ཇི་བཞིན་དུ་རྟོགས་པའི་གདངས་སྟོང་ཉིད། །གཞི་ཀུན་ཏུ་བཟང་པོར་ཡེ་སངས་རྒྱས། །ཀུན་རྫོབ་དང་དོན་དམ་དྲང་ངེས་དོན། །ཐབས་ཤེས་དང་འབྲེལ་བའི་ཆོས་རྣམས་ཀུན། །གཞིར་གནས་ཀྱི་རིག་པ་རང་ལ་རྫོགས། །ཚུལ་རྟོགས་པ་ལྟ་བའི་རྒྱལ་པོ་ལགས། །བསྒོམ་པ་ནི་དམིགས་གཏད་བྲལ་བ་ཡི། །ཁྱབ་བརྡལ་གྱི་ནམ་མཁའ་ཁོང་ཆུབ་ངང་། །སྒོམ་དམིགས་དང་འཛིན་རྩོལ་བྲལ་བ་ལགས། །སྤྱོད་པ་ནི་བྱ་སྤྱོད་དགེ་སྡིག་ཆོས། །ཆམ་བཞག་ཏུ་ཡེ་བབ་ཆེན་པོ་རུ། །མ་བཅོས་པར་ལྷོད་གྲོལ་བསྒོམ་མེད་ཡན། །སྤྱོད་པའི་གནད་འདི་ལས་མེད་པ་ལགས། །རང་ཐོག་ཏུ་རང་སངས་རྒྱས་པ་ལས། །ཡུལ་གཞན་དུ་འཕོས་འཕགས་བགྲོད་སླེབས་མེད། །འབྲས་བུ་ནི་རང་སངས་རྒྱས་པ་ལགས། །སྒོ་གསུམ་གྱི་དྭངས་མ་རྣམ་པ་གསུམ། །རྩ་བ་དང་སྡོང་པོ་འབྲས་བུ་ལྟར། །དཔེར་ན་ནི་སྣོད་དང་བཅུད་བཞིན་དུ། །ཕྱི་འབྱུང་དང་ནང་འབྱུང་དྭངས་མ་དབྱིངས། །ཐིག་ལེ་དང་འཆར་གཞི་ཤེས་རབ་བཅས། །རང་བྱུང་དང་རང་ཆས་རང་ལ་རྫོགས། །བཞུགས་སྟངས་དང་གཟིགས་སྟངས་རྣམ་དྲུག་གིས། །ཚུལ་ཇི་ལྟ་བ་བཞིན་ཤེས་ནས་མཐར། །ངང་མངོན་གྱུར་ཆེན་པོའི་གནད་བསྣུན་ཏེ། །བར་མ་ཆད་ཉམས་ལེན་སྐལ་ལྡན་ན། །ལོ་བཅུ་གཉིས་གྲངས་ལས་མི་འདའ་བར། །འཇའ་ལུས་དང་འཕོ་བ་ཆེན་པོ་རུ། །འཚང་རྒྱ་བ་གདམས་ངག་ཟབ་ཁྱད་ཡིན། །ཁྱོད་འདི་ལྟར་དོ་གལ་ཆེན་པོ་ཡིས། །དོན་ཡང་ཡང་བསྐུལ་ངོ་མ་ལྡོག་པས། །མི་རྒན་གྱི་འཆོལ་ཚིགས་ལབ་མོ་འདི། །མ་བརྗེད་པར་སྙིང་གི་དཀྱིལ་དུ་ཞོག།ས་ཕུག་དང་རི་ཕུག་སྤྱིལ་པོ་རུ། །ཁ་ལག་གིས་སྤྱོད་པའི་དབང་མ་ཤོར། །རྩེ་གཅིག་ཏུ་སྙིང་པོའི་སྒྲུབ་ལ་གཞོལ། །འཁོར་འདས་ཀྱི་ས་མཚམས་ད་རེས་ཡིན། །དེ་ཤེས་པར་གྱིས་ཤིག་དགེ་བཙུན་མ། །ཞེས་པ་འདི་དགེ་མ་སངས་རྒྱས་སྒྲོན་མས་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་སྨྲས་བཞིན་ངག་དབང་ཕྲིན་ལས་ཀྱིས་བྲིས་པ་འདིས་ཀྱང་བསྟན་འགྲོ་ཡོངས་ལ་ཕན་བདེ་འབྱུང་བའི་རྒྱུར་གྱུར་ཅིག།སརྦ་མངྒ་ལཾ། །། །