TTDL-ZABTER-18-TSHA-090

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-090

སློབ་བུ་ངག་དབང་ཕྲིན་ལས་ལ་གདམས་པའི་གླུ་དབྱངས་རྨོངས་པའི་མིག་འབྱེད་གསེར་གྱི་ཐུར་མ་ཞེས་བྱ་བ་བཞུགས་སོ། །ན་མོ།སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་དཔལ། །འགྲོ་བློའི་མུན་སེལ་ཡེ་ཤེས་ཉི་མ་མཆོག།དུས་གསུམ་རྒྱལ་བ་ཡོངས་ཀྱི་ཁྱབ་བདག་རྗེ། །སྐུ་བཞིའི་དབང་ཕྱུག་པདྨ་ཀ་རས་སྐྱོངས། །མ་རིག་སྒོང་རྒྱར་དུབ་ཅིང་ཉམས་ཕྲ་བའི། །སྐྱེ་འགྲོ་སྲིད་ལས་སྒྲོལ་བའི་མཐུ་ནུས་སྩོལ། །སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ཁྱོད། །ཚེ་གཅིག་སངས་རྒྱས་འདོད་ན་འདི་བཞིན་མཛོད། །སྔོན་གྱི་ལས་དང་བསོད་ནམས་བསགས་པའི་འབྲས། །ད་ལྟ་དལ་འབྱོར་མི་ལུས་རིན་ཆེན་ཐོབ། །ཡང་ཡང་རྙེད་དཀའ་ཡིད་བཞིན་ནོར་བུ་འདྲ། །མདོ་མེད་སྟོང་ལོག་མ་བྱེད་སྐལ་ལྡན་བུ། །ཚེ་འདིའི་སྣང་བ་རྨི་ལམ་གནས་སྐབས་ཙམ། །མི་ཚེ་ཕྱེད་ཆ་ཟད་པའི་ལྷག་མ་འདིར། །དགྲ་འདུལ་གཉེན་སྐྱོང་གསོག་འཇོག་ལས་ཀ་སྤོངས། །འཆི་དུས་བློ་ལྷག་མེད་དོ་སྐལ་ལྡན་བུ། །གཏན་བདེ་བསྒྲུབ་པའི་རྟེན་འབྲེལ་ད་རེས་འཛོམས། །ཡང་ཡང་འདི་འདྲའི་སྟབས་ཀ་འགྲིགས་དུས་མེད། །ལུས་ཀྱི་བྱ་བ་སྤོངས་ལ་བྱར་མེད་ཀྱིས། །གཅིག་པུར་རི་ཁྲོད་བརྟེན་མཛོད་སྐལ་ལྡན་བུ། །མི་དགེ་དུག་བཞིན་སྤོངས་དང་སྡོམ་པ་ཡིན། །དགེ་བཅུ་དང་དུ་ལོངས་ཤིག་བླང་བྱ་ཡིན། །འཁོར་བའི་བྱ་བ་ཆམ་བཞག་བྱ་བཏང་ཡིན། །ཟོལ་མེད་རང་རྒྱུད་ཐུལ་མཛོད་སྐལ་ལྡན་བུ། །འཁོར་བ་མཐོ་དམན་གང་དུ་སྐྱེ་ན་ཡང་། །བདེ་བའི་གནས་སྐབས་ཏིལ་འབྲུ་ཙམ་ཡང་མེད། །ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་ལ། །བསམ་ནས་ཐར་པ་དོན་གཉེར་སྐལ་ལྡན་བུ། །རང་གཞན་མི་བདེའི་གཞི་མ་ཁོང་ཁྲོ་ཡིན། །དོན་མེད་གཞན་དང་འགལ་རྐྱེན་ཚིག་རྩུབ་ཡིན། །ཀུན་གྱིས་དགྲ་ལྟར་མཐོང་རྐྱེན་སྤྱོད་ངན་ཡིན། །དེ་འདྲའི་ལས་ངན་སྤོངས་ཤིག་སྐལ་ལྡན་བུ། །གང་དུ་བསྡད་ཀྱང་སྣང་བ་ཡང་ཁྲོལ་ལེ། །སུ་དང་འགྲོགས་ཀྱང་ཤེས་པ་དགའ་ཡལ་ལེ། །བདེ་སྡུག་གང་བྱུང་རོ་སྙོམས་ཆམ་བརྡལ་ལེ། །དེ་འདྲའི་རྣལ་འབྱོར་ཞིག་མཛོད་སྐལ་ལྡན་བུ། །དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས་དང་། །དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་བླ་མ་ཡིན། །དབང་དང་དངོས་གྲུབ་ཀུན་གྱི་འབྱུང་གནས་ཡིན། །སྐྱབས་ཀྱི་དམ་པར་བསྟེན་མཛོད་སྐལ་ལྡན་བུ། །ཁམས་གསུམ་སེམས་ཅན་ཕ་མའི་རང་བཞིན་ལ། །སྙིང་བརྩེ་དྲིན་གྱིས་བསྐྱངས་པ་ཤ་སྟག་ཡིན། །དེ་དག་ཀུན་ལ་ཚད་མེད་རྣམ་པ་བཞིས། །བྱང་ཆུབ་སེམས་མཆོག་སྒོམས་ཤིག་སྐལ་ལྡན་བུ། །ལུས་དང་ལོངས་སྤྱོད་བསོད་ནམས་དགེ་རྩ་བཅས། །བློ་ཡིས་བླངས་ཏེ་བླ་མ་དཀོན་མཆོག་མཆོད། །སྟོབས་བཞིའི་གནད་ཀྱིས་སྡིག་ལྟུང་བཤགས་སྦྱང་འབུངས། །གནད་དེ་ཡལ་བར་མ་དོར་སྐལ་ལྡན་བུ། །དུས་གསུམ་ཀུན་ཏུ་འབྲལ་མེད་བླ་མ་བསྟེན། །བསྙེན་སྒྲུབ་ཕྱག་འཚལ་མཆོད་འབུལ་དབང་བཞི་ལོངས། །ཐུགས་ཡིད་རོ་གཅིག་བསྲེ་བ་ཉམས་ལེན་གནད། །ཐུགས་རྒྱུད་དགོངས་པ་འཕོས་འོང་སྐལ་ལྡན་བུ། །བརྟན་པ་སྣོད་ཀྱི་འཇིག་རྟེན་དག་པའི་ཞིང་། །གཡོ་བ་བཅུད་ཀྱི་སེམས་ཅན་ལྷ་ལྷ་མོ། །རྒྱལ་བའི་སྐུ་དང་གཞལ་ཡས་ཁང་བཅས་པ། །ཚུལ་བཞིན་ཡིད་ལ་གྱིས་ཤིག་སྐལ་ལྡན་བུ། །མ་དག་སྒྱུ་ལུས་ཡེ་ཤེས་སྒྱུ་མའི་སྐུར། །འོང་ཕྱིར་གདམས་པའི་མཆོག་ཏུ་འདི་ཟུངས་ཤིག།རྩ་རླུང་ཐིག་ལེ་དག་སྦྱོར་བསྐྱེད་རྫོགས་ཀྱིས། །ཐབས་མཆོག་ཨ་ནུ་ཡོ་ག་ཆོད་ཆེ་ཡང་། །དེང་སང་དུས་ཀྱི་སྙིགས་མར་ཐུག་དུས་འདིར། །ཉམས་སུ་ལེན་པའི་དབང་སྐལ་ལྡན་པ་དཀོན། །དེ་ཕྱིར་ཉམས་སུ་ལེན་པའི་སྐྱེས་བུ་དཀོན། །ཉམས་སུ་མི་ལེན་གདམས་པ་དེས་ཅི་བྱ། །ཕུང་པོ་ཚོགས་སུ་སྦྱིན་པའི་གདམས་པ་ནི། །འཇིག་རྟེན་འདི་ན་སྦྱིན་པའི་མཆོག་ཏུ་ཤེས། །དངོས་སུ་སྦྱིན་པའི་སྤོབས་པ་མི་ལྡན་ཡང་། །བློ་ཡིས་བཏང་ན་དེ་ལས་ལྷག་པར་འགྱུར། །སྔོན་བྱོན་རྒྱལ་བ་རྣམས་ཀྱིས་མཛད་སྤྱོད་ཡིན། །ཁ་ལྟ་སྟོང་སྐད་གྱེར་བའི་སློབ་དཔོན་དང་། །ཐོས་ཆུང་རང་རྩིས་ཆེ་བའི་ཁ་བཤད་མཁན། །དོན་མ་རྟོགས་ཤིང་སློབ་མ་བརྟེན་པ་འགས། །བདུད་གཅོད་ལམ་འདིར་གཤེ་སྐུར་འདེབས་པ་ཚོས། །རང་ཉིད་ནད་ཀྱིས་ཟུག་རྔུས་གདུང་པ་ལ། །མི་སེམས་གཅོད་ནི་འདྲེ་འབོད་ཡིན་སྐད་དང་། །རྒྱལ་བའི་དགོངས་པར་གཤེ་བའི་བདུད་ཕོ་ཡི། །རྗེས་སུ་མ་འབྲང་བདུད་པོ་མིར་བརྫུ་ཡིན། །རྟག་ཏུ་བདུད་གཅོད་ཟབ་མོ་ཉམས་ལེན་མཛོད། །བདུད་སྤྲུལ་ས་ཀུ་ཙི་ཡི་མགོ་འགས་ཀྱང་། །རང་གི་ཉམས་ལེན་མ་དོར་ཉམས་སུ་ལོངས། །ཕ་རོལ་སྐྱེ་བོའི་བློ་རྒྱུད་བརྟན་པ་དང་། །སྔོན་ལས་དབང་གིས་རང་སྐལ་བབ་པ་ཡི། །ཆོས་ཚུལ་འཛིན་པའི་ཚུལ་ལ་ཕར་ལྟོས་ལ། །རང་གི་ལས་སྣང་སྐྱེ་གནས་ཡུལ་དེ་རུ། །སྔོན་སྨོན་ལས་ཀྱིས་འཕང་བའི་ཆོས་སྐལ་ནི། །རྫོགས་པ་ཆེན་པོ་ཡིན་པར་ཤེས་མཛོད་ལ། །ཡས་དགའ་མས་འབྱར་ཁྱི་འཁྱམས་ལྟར་མ་བྱེད། །དེང་སང་བསམ་བཟང་ཁོ་ན་མ་གཏོགས་པའི། །རྒྱལ་བའི་ལམ་བཟང་མེད་ཅེས་སྨྲ་བ་དང་། །རྫོགས་ཆེན་ལྟ་བ་རྟོགས་རྒྱུ་མེད་སྒྲོགས་པའི། །བདུད་ཕོ་མིར་བརྫུ་ཕུང་བའི་རྗེས་མ་འབྲང་། །ཚེ་གཅིག་སངས་རྒྱས་ལམ་སྣ་འགགས་པ་ཡིས། །ལོག་པའི་ལམ་སྟོན་ཨེ་གོ་སྐལ་ལྡན་བུ། །དོན་མ་རྟོགས་པར་ཁ་བཤད་མཁས་པ་ནི། །ཤན་པ་ཡིག་རྩིས་མཁས་པ་དང་མཚུངས་པའི། །གཤེ་སྐུར་སྒྲོ་འདོགས་མཁན་གྱི་རྗེས་མ་འབྲང་། །རང་གི་ལྟ་བ་མ་རྟོགས་པ་ཡིས་ལན། །རྫོགས་ཆེན་ལྟ་བར་གཤེ་སྐུར་བྱེད་པ་ནི། །འདི་དག་སྨོན་ལོག་པད་འབྱུང་བསྟན་ལ་སྡང་། །རྣམ་པར་གྲོལ་ལམ་མཐོང་བའི་དུས་མི་འོང་། །དེ་ལྟར་བྱེད་པའི་བདུད་ཀྱི་རྗེས་མ་འབྲང་། །འདི་དག་ཐར་ལམ་གེགས་བྱེད་བདུད་སྤྲུལ་ཡིན། །རང་གི་ཡིད་ལ་ཟུངས་ཤིག་སྐལ་ལྡན་བུ། །བསྐལ་པ་མང་པོར་བསམ་སྤྱོད་ངན་པ་ཡིས། །མཚམས་སྦྱོར་ཐར་བའི་དུས་མེད་འཁོར་བར་འཁྱམས། །རྒྱལ་བས་དྲང་དོན་མངོན་པར་ཐོབ་འབྲས་ལ། །དགོངས་པ་དོན་དམ་འཛིན་པ་སྙིང་རེ་རྗེ། །ཨ་ཧོ་དེ་ལྟར་མ་བྱེད་སྐལ་ལྡན་བུ། །དེང་དུས་ལས་ངན་དབང་དམན་ཤ་སྟག་ལས། །མེད་པར་འདོད་དེ་འོག་མར་ཁ་དྲང་བའི། །མཁས་རློམས་ས་ཀུ་ཙི་ཚོའི་རྗེས་མ་འབྲང་། །དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ། །ཡོད་པར་རྒྱལ་བས་གསུངས་པ་ཚད་མར་ཟུངས། །རང་སྐལ་བབ་པ་སྔོན་གྱི་ལས་འབྲས་ཡིན། །འདི་དག་ཆགས་སྡང་བསམ་པས་སྨྲས་པ་མིན། །རང་གི་སློབ་མའི་ཚོགས་ལ་སྙིང་གཏམ་ཡིན། །བདུད་དང་དམ་སྲིའི་ངག་ལ་ཉན་གྱུར་ན། །རྒྱལ་བའི་བཀའ་ལ་ཐེ་ཚོམ་ཡོང་ཡང་སྲིད། །ཤེས་པར་མཛོད་ཅིག་ང་ཡི་བུ་མཆོག་རྣམས། །རྒིས་གཏེར་ཅེས་བྱའི་མཁོས་ཆུང་རྒན་པོ་ལ། །འཇིག་རྟེན་མི་ཡི་སློབ་དཔོན་མ་མཆིས་ཀྱང་། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་ཐུགས་རྗེའི་མཐུས། །གདུལ་བྱ་རང་སྣང་སྟོན་པ་གྲངས་མང་གིས། །ཡང་ཡང་རྫོགས་ཆེན་བསྟན་པའི་ངང་ཚུལ་བསྟན། །ད་ནི་རྫོགས་པ་ཆེན་པོའི་མྱུར་ལམ་ཆོས། །ཇི་བཞིན་ཤེས་པ་ང་ལས་སུ་གང་ཞིག།ཐེ་ཚོམ་མེད་དོ་ད་ནི་བཙན་ས་ཟིན། །འཁོར་སློབ་སྐལ་ལྡན་འཇའ་ལུས་འོད་སྐུར་གྲོལ། །བསྐལ་མང་མཐའ་རུ་ཡིད་སྨོན་བྱེད་དུ་མེད། །དེ་ཕྱིར་སྔོན་སྨོན་ལས་ཀྱིས་འབྲེལ་བ་ཡི། །སྐྱེས་མཆོག་དམ་པའི་ཚོགས་རྣམས་ཐམས་ཅད་ལ། །ཡང་དག་ལམ་མཆོག་སྟོན་པའི་ས་མཁན་འོས། །དེ་ལྟར་སེམས་ལ་ཞོག་ཅིག་སྐལ་ལྡན་བུ། །ཨ་ཧོ། །གདོད་ནས་ཀ་དག་ནམ་མཁའ་རྣམ་དག་ལ། །མ་རིག་གློ་བུར་སྤྲིན་གྱི་དྲི་མས་སྒྲིབ། །བདག་མེད་བདག་ཏུ་བཟུང་བའི་གཟུགས་བརྙན་ལྡང་། །དེ་ལ་ང་རུ་བཟུང་བའི་འཛིན་ཤེས་ཀྱི། །བྱད་ལས་མེ་ལོང་གཟུགས་བརྙན་ཇི་བཞིན་དུ། །ཡུལ་ལྔའི་ཡུལ་དུ་འདོད་ཡོན་སྣང་བ་མཆེད། །དེ་ལ་མིང་མེད་མིང་གི་གདགས་གཞི་མེད། །མིང་དང་གདགས་གཞི་བཙལ་བའི་ཚུལ་བརྟགས་ན། །མོ་གཤམ་བུ་དང་རི་བོང་རྭ་བརྗོད་ལྟར། །མེད་ལ་ཡོད་པར་བཏགས་པ་ཙམ་གྱིས་ཟད། །ཟད་པའི་ཚུལ་འདི་རྟོགས་པའི་རྣལ་འབྱོར་ལ། །སྒྱུ་མའི་དཔེ་བཅུ་བསྟན་པ་ཇི་བཞིན་དང་། །རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ཁོ་ན་ལས། །གདོད་ནས་གྲུབ་པ་རྡུལ་ཙམ་ཡོད་མ་ཡིན། །མེད་བཞིན་ཡོད་པར་སྣང་བའི་རྟེན་འབྲེལ་དང་། །རྨི་ལམ་སྣོད་བཅུད་འདོད་ཡོན་འབྱུང་བའི་ཆོས། །མེད་བཞིན་ཡོད་པར་སྣང་བ་ཇི་བཞིན་དུ། །ཉིན་སྣང་མཚན་སྣང་འདི་དང་ཕྱི་མ་ཡི། །སྣང་བ་ཐམས་ཅད་གདོད་ནས་གྲུབ་མ་མྱོང་། །དགེ་སྡིག་དང་ནི་ལྷ་འདྲེའི་ཕན་གནོད་ཀུན། །མེད་བཞིན་སྣང་བ་གཞི་དང་རྩ་བ་བྲལ། །སངས་རྒྱས་དང་ནི་སངས་རྒྱས་ཀྱི་ཞིང་ཁམས་། །སེམས་ཅན་དང་ནི་ཁམས་གསུམ་གནས་རིགས་བཅས། །མ་གྲུབ་མེད་བཞིན་སྣང་བའི་ཚུལ་ལ་ལྟོས། །འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་སོ་ཅོག།ཆོས་ཉིད་ནམ་མཁའ་ཉིད་དུ་རོ་གཅིག་པའི། །ངང་ཚུལ་ཇི་བཞིན་རྟོགས་པའི་ཤེས་རབ་ཉིད། །བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་སྟེ། །རྣམ་གྲོལ་ལམ་རྣམས་ཀུན་གྱི་གཞི་མ་ཡིན། །བདག་མེད་རྟོགས་པའི་ཤེས་རབ་གཞིར་བཞག་སྟེ། །ཡུལ་མེད་ཟང་ཐལ་ནམ་མཁའ་རྣམ་དག་ཉིད། །མངོན་གྱུར་ངང་གནས་བྱ་བ་དགུ་ཕྲུགས་བཏང་། །གཏད་མེད་རྒྱ་ཡན་བསྒོམ་མེད་བློ་འདས་པའི། །ངང་གནས་ཡེ་ཤེས་རྫོགས་པ་ཆེན་པོ་ཡིས། །འཁོར་འདས་ཆོས་ཀུན་མ་ལུས་ཐམས་ཅད་ཀུན། །གཟུགས་བརྙན་གཟའ་སྐར་རྒྱ་མཚོར་རོ་གཅིག་བཞིན། །སྣོད་བཅུད་སྣང་བ་ནམ་མཁར་རོ་གཅིག་གོ། །ནམ་མཁའ་རང་བཞིན་དབྱེར་མེད་ཆོས་ཀྱི་དབྱིངས། །ངང་གྱུར་འདི་ནི་རྫོགས་པ་ཆེན་པོའི་ཀློང་། །འདི་དོན་གོ་བ་ཙམ་གྱིས་མི་ཆོག་སྟེ། །རྩེ་གཅིག་སྙིང་པོའི་བསྒྲུབ་ལ་བརྩོན་བྱས་ཏེ། །གྲོལ་བ་མ་ཐོབ་བར་དུ་ཉམས་ལེན་གནད། །ལམ་ཀུན་གྲོལ་བའི་ལམ་ལ་བང་བུལ་བའི། །ཁྲེགས་ཆོད་གཞི་ཡི་གནས་ལུགས་གཞིར་བཞག་སྟེ། །མྱུར་ལམ་ཐོད་རྒལ་འཕོ་བ་ཆེན་པོ་ཡི། །ངང་ཚུལ་གནས་ལུགས་ཡིན་ལུགས་ལ་བསླབ་ནས། །ཇི་བཞིན་མ་ནོར་ཤེས་པའི་ཤེས་རབ་ཀྱིས། །བཞུགས་སྟངས་གཟིགས་སྟངས་གནད་ལ་ནན་ཆེར་བརྩོན། །བདེ་རྩུབ་ཉམས་སྣང་ཆུ་ཡི་གཉེར་མ་འདྲ། །ངེས་པ་མེད་དོ་བདེན་ཞེན་མེད་པའི་ངང་། །གོལ་ཤོར་ནོར་སའི་གནས་ལ་མ་ཐོགས་པར། །རྣམ་པར་གྲོལ་བའི་ས་ལ་གཏུགས་མཛོད་དང་། །མི་ལུས་དོན་ལྡན་འབྱུང་ངོ་སྐལ་ལྡན་བུ། །མཁས་ཆོས་མཛེས་ཆོས་སྡེབ་སྦྱོར་ངས་མི་ཤེས། །སྙན་ངག་ལ་སོགས་མཁས་རློམས་རྟོག་གེའི་རིགས། །དོན་ལ་མི་རྟོན་ཚིག་ལ་རྟོན་པ་ཡིས། །མིག་ལ་སེམས་པའི་ལྟད་མོ་མི་ཤེས་པས། །སྙིང་གཏམ་ཡི་གེར་བྲི་སྤོབས་མ་མཆིས་ཀྱང་། །དད་དམ་ལྡན་པའི་སློབ་མས་ཡང་དང་ཡང་། །ནན་དུ་བསྐུལ་ངོ་ལྡོག་པར་མ་ནུས་གཏམ། །སུ་མ་མགུ་ཡང་ཁྱོད་རང་ཇི་དགྱེས་མཛོད། །ཨ་ཧོ།མ་ནུས་ཉམ་ཆུང་སྤྲང་འཁྱམས་པ་ང་ཚོས། །འཇིག་རྟེན་མི་ཡི་སློབ་དཔོན་ནི་མེད་ཀྱང་། །རང་སྣང་སྟོན་པའི་ཞལ་གདམས་མཆོག་ཕེབས་ཡོད། །གཞན་གྱི་ཡུལ་ལ་ཁ་བཤད་ཀྱིས་མ་ཚོལ། །ཆོས་ཉིད་ནམ་མཁའི་ཀློང་མཛོད་དེ་རྡོལ་བྱུང་། །བཅོས་མའི་རྣམ་རྟོག་སྙིང་རྗེ་དང་དམིགས་པ། །བྱང་ཆུབ་སེམས་ཡིན་རེ་བ་ཡང་མེད་དོ། །འཁོར་འདས་བྱང་ཆུབ་སེམས་ཉིད་དེ་རྟོགས་ཏེ། །མངོན་དུ་གྱུར་ནས་གདིང་ཐོབ་ཞིག་ཕེབས་བྱུང་། །དོན་གྱི་བྱང་ཆུབ་སེམས་ཉིད་དེ་ལོས་ཡིན། །ད་ནི་ཐེ་ཚོམ་སོམ་ཉིད་དེ་ཆོད་ཐལ། །གཞན་གྱིས་སྒྲོ་སྐུར་མིན་ཕྱིར་དུ་ཐོས་ཀྱང་། །མི་ཤེས་མ་རྟོགས་སྐལ་མེད་ཀྱི་རང་མཚང་། །རྡོལ་བ་སྙིང་རྗེའི་གནས་སུ་ཡང་མངོན་བྱུང་། །བསྐལ་མང་གོང་ནས་ལས་སྨོན་གྱིས་འབྲེལ་བའི། །སྐྱེས་བུ་ཁྱོད་ཉིད་བར་ཆད་ལས་དབེན་ནོ། །ད་ནི་མི་ཚེ་སྟོང་ཟད་ལ་མ་བཏང་། །ཤེས་རབ་རིག་པའི་གཞོན་ནུ་མཆོག་རྩལ་ལྡན། །དད་མོས་ངེས་འབྱུང་གྲོགས་བཟང་དང་འགྲོགས་ཤིང་། །བརྩོན་འགྲུས་དྲག་པོའི་རྟ་མཆོག་ལ་ཞོན་ཏེ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ་སླེབ་ཤོག།སེམས་དང་སེམས་བྱུང་ཁམས་གསུམ་གྱི་སེམས་ཅན། །མ་ལུས་ཀ་དག་གདོད་མ་ཡི་གཞི་རུ། །རྟོགས་གྲོལ་མངོན་གྱུར་སངས་རྒྱས་སུ་སྨོན་ནོ། །ཞེས་པ་སྙིང་གཏམ་ཚིགས་སུ་བཅད་པ་འདི་ཉིད་རིག་འཛིན་བདུད་འཇོམས་རྡོ་རྗེས་སློབ་བུ་ངག་དབང་ཕྲིན་ལས་ལ་གདམས་པ་དུས་གསུམ་ཀུན་ཏུ་ཡོངས་སུ་དགེ་བར་གྱུར་ཅིག།ཛ་ཡནྟུ། །། །