TTDL-ZABTER-18-TSHA-092
TTDL-ZABTER-18-TSHA-092
བློ་འཕེལ་ལ་གདམས་པའི་གླུ་ཆུང་པདྨའི་དོ་ཤལ་བཞུགས། །ན་མོ་གུ་རུ་ཝེ།སྨོན་ལམ་ལས་ཀྱིས་འབྲེལ་བའི།སྐྱེས་མཆོག་བློ་འཕེལ་དབང་པོ། །དལ་འབྱོར་རྙེད་དཀའ་དྲན་ནས། །མི་ལུས་དོན་ལྡན་ཞིག་མཛོད། །འཆི་བ་སྙིང་ནས་དྲན་ཏེ། །བློ་ཕུག་ཆོས་ལ་དྲིལ་ཤོག།འཁོར་བའི་སྡུག་བསྔལ་དྲན་ཏེ། །ཐར་པ་དོན་དུ་གཉེར་མཛོད། །གཏན་གྱི་བདེ་བ་འདོད་ན། །རྒྱུ་འབྲས་བླང་དོར་མ་བརྗེད། །འདི་སྣང་རྨི་ལམ་ཙམ་སྟེ། །རྟག་འཛིན་ལེ་ལོར་མ་བཏང་། །ཚེ་ལ་ཚད་ཐེབས་མེད་ཀྱི། །མྱུར་ཏུ་སྒོམས་བསྒྲུབ་བརྩོན་མཛོད། །ངར་འཛིན་འཁྲུལ་པའི་སེམས་ལ། །བརྟགས་ན་བདག་མེད་སྟོང་པ། །གཟུང་བའི་ཆོས་ལ་བརྟགས་ན། །ཡུལ་མེད་ཟང་ཐལ་རོལ་པ། །ཐམས་ཅད་སྟོང་པ་ཉིད་ལས། །བདེན་པར་གྲུབ་པ་མེད་དོ། །མེད་བཞིན་འཁྲུལ་སྣང་ཤར་བའི། །དཔེ་ནི་རྒྱ་མཚོའི་གཟའ་སྐར། །རྒྱ་མཚོའི་ངང་ལ་མ་གྲུབ། །སྣང་བ་གཞི་ལས་མཆེད་ཀྱང་། །གཞི་ཡི་ངང་ན་མ་གྲུབ། །མདོར་ན་སྣང་སྲིད་འཁོར་འདས། །གདོད་ནས་གཞི་ལས་མ་འདས། །གཞི་ཉིད་རྟོགས་ན་སངས་རྒྱས། །གཞན་ལ་འབད་རྩོལ་མི་དགོས། །ལྟ་བ་ངོ་མ་ལོས་ཡིན། །མ་སྒོམ་ད་ལྟའི་ཤེས་པ། །ངོ་འཕྲོད་མངོན་དུ་གྱུར་ན། །བསྒོམ་བྱ་སྒོམ་བྱེད་མེད་པའི། །སྒོམ་པ་ངོ་མ་ལོས་ཡིན། །ལྟ་སྤྱོད་རང་ཚུགས་ཟིན་ནས། །ལོག་ལམ་རྒྱབ་ཏུ་བོར་ན། །སྤྱོད་པ་བརྟུལ་ཞུགས་ཆེན་པོ། །སྤྱོད་པ་ངོ་མ་ལོས་ཡིན། །བདེ་སྐྱིད་ལུས་སེམས་དགའ་ཡང་། །བདེ་ཉམས་ནམ་མཁའི་སྤྲིན་བཞིན། །མི་རྟག་རྫུན་གྱི་འཁོར་ལོ། །བདེན་ཞེན་མེད་པ་གནད་ཡིན། །སྡུག་བསྔལ་ན་ཚ་སྣ་ཚོགས། །མ་ངེས་རླུང་ལྟར་འཚུབས་ཀྱང་། །བྱུང་གནས་འགྲོ་གསུམ་བྲལ་བའི། །བདེན་མེད་ཉམས་ཀྱི་རི་མོ། །ལྷ་སྐད་འདྲེ་སྐད་ཐོས་ཀྱང་། །སྲིད་པ་གསུམ་ན་མེད་པའི། །སྟོང་སྐད་ག་ཞའི་གནས་མངོན། །རེ་དང་དོགས་པ་ཆོད་ཅིག།ཆེ་གྲགས་སྙན་པ་ཐོས་ཀྱང་། །ཉི་མ་ནུབ་ཁའི་འོད་བཞིན། །ཤེས་ནས་རང་རྒྱུད་ཐུལ་ལ། །མངོན་ཞེན་ཆོད་དང་ཕོ་རབ། །འུ་ཅག་ལས་སྨོན་ལྡན་པས། །ཆོས་ཉིད་བདེན་པ་མཐོང་ཡང་། །མི་ཚེའི་ལྷག་མ་འདི་རུ། །མི་འཇིགས་དབྱིངས་ལ་ཕེབས་མཛོད། །བཞུགས་སྟངས་གཟིགས་སྟངས་བསྣུན་ནས། །ཤེས་རབ་མིག་ཡངས་ཕྱེས་དང་། །ལྷུན་གྲུབ་དྭངས་མའི་དབྱིངས་སུ། །དག་དབྱིངས་ཐིག་ཚོམ་མངོན་ཚེ། །ཆོས་ཉིད་མངོན་སུམ་ངོ་མ། །ཤེས་རབ་མིག་གི་དཀྱིལ་དུ། །ཡེ་ཤེས་མཐོང་སྤྱན་ཚུད་ནས། །སྣོད་བཅུད་དབྱིངས་ཐིག་རོལ་པ། །ཤར་བ་ཉམས་སྣང་གོང་འཕེལ། །སྣང་བ་ཐིག་ཚོམ་དབྱིངས་དང་། །སྲིད་པ་སྐུ་ལྔའི་ཚོམ་བུ། །སྨིན་ནས་དག་པ་རབ་འབྱམས། །མངོན་གྱུར་རིག་པ་ཚད་ཕེབས། །གཟུང་འཛིན་ཟེར་ཐག་ཆད་ནས། །ཁམས་གསུམ་འཁོར་བ་དང་བཅས། །ཀ་དག་གདོད་མའི་གཞི་ལ། །དག་མཉམ་ཆོས་ཉིད་ཟད་པ། །མི་རིང་མྱུར་ལམ་རྙེད་འོང་། །མ་གཡེལ་མྱུར་དུ་བགྲོད་ཤོག།མ་ནུས་རྒན་པོས་ཁ་ཏ། །གཅེས་པའི་བུ་ལ་སྟེར་ཡོད། །བློ་མཆོག་རང་ཞལ་མཐོང་བའི། །བློ་ལྡན་སྐྱེས་བུ་དམ་པ། །བློ་རྩེ་གཅིག་ཏུ་བསྡུས་ལ། །བློ་ཕུག་ཆོས་ལ་དྲིལ་དང་། །བློ་དབྱིངས་ཡེ་ཤེས་འཕེལ་ནས། །བློ་འདས་ཆེན་པོར་གྲོལ་ངེས། །ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་སྨྲས་པའི་དགེ་བ་ཟབ་མོའི་མཐུ་ལ་བརྟེན་ནས་སློབ་བུ་དེའི་རྒྱུད་ལ་ཡོན་ཏན་དེ་དག་འཁྲུངས་ནས་མི་སློབ་པའི་འབྲས་བུ་ཐོབ་པར་ཤོག་ཅིག།མངྒ་ལཾ། །། །