TTDL-ZABTER-18-TSHA-093

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-093

ཇོ་མོ་བྱང་མཚོ་ལ་གདམས་པའི་གླུ་དབྱངས་བདུད་རྩི་ཐིག་པ་བཞུགས་སོ། །མགོན་དུས་གསུམ་སངས་རྒྱས་འདུས་པའི་དཔལ། །རྗེ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་སྐྱོངས། །ཚུལ་གསོན་དང་ཆོས་ལམ་ཞུགས་པ་མོ། །ཁྱོད་ངེས་པར་དམ་ཆོས་བསྒྲུབ་འདོད་ན། །རྗེ་བླ་མ་བྱིན་རླབས་ཀྱི་གཏེར་མཛོད་ཡིན། །དེ་དད་གུས་ཀྱི་ལྡེ་མིག་འཛོམ་པར་གྱིས། །གྲོགས་མཆེད་ལྕམ་ཐར་པའི་ལམ་གྲོགས་ལ། །བརྩེ་ཆེན་པོས་བསྙེན་བཀུར་རེམ་ལ་མཛོད། །མ་འགྲོ་ཀུན་ཕ་མ་ཤ་སྟག་ཡིན། །ཆོས་ཅི་བྱེད་དེ་ཕྱིར་དོན་གཉེར་མཛོད། །ཚེ་མི་རྟག་རྨི་ལམ་གནས་སྐབས་ཙམ། །དོན་སོམས་ལ་བློ་སྣ་ཆོས་ལ་དྲིལ། །ཡུལ་སྣོད་བཅུད་སྒྱུ་མའི་ཁྲུལ་འཁོར་འདྲ། །དེ་དྲན་མཛོད་རྣམ་གཡེང་ལེ་ལོ་སྤོངས། །རྒྱུ་ཟས་ནོར་མདོ་མེད་སྨིག་རྒྱུ་འདྲ། །དེ་འདོད་སྲེད་རེ་དང་རློམ་པ་སྤོངས། །ཚེའི་སུམ་གཉིས་ཟད་ལ་བློས་གཞིག་སྟེ། །ད་མ་འགྱང་དམ་པའི་ཆོས་ལ་འབད། །དུས་ད་བར་བདེ་སྐྱིད་འབྱུང་མ་མྱོང་། །ཕྱིའི་བདེ་སྐྱིད་འབྱུང་བ་དེ་ལས་དཀའ། །ཟས་སྲོག་འཚོ་ཙམ་གྱིས་ངོམས་མཛོད་ལ། །གོས་ལྷག་སྐྱོབ་ཙམ་གྱིས་ཆོག་པར་གྱིས། །ནམ་འཆི་བའི་དུས་ལ་བབ་པའི་ཚེ། །བློ་ལྷག་མ་མེད་པ་ཞིག་ཏུ་རེམ། །ང་མི་རྒན་གྱིས་བརྩེ་བའི་ཁ་ཏ་ཡིན། །དོན་ཉམས་སུ་ལོངས་དང་སྐལ་ལྡན་ལགས། །ཨ་ཧོ།སྣོད་བཅུད་དང་སྣང་སྲིད་འདི་ག།མ་གྲུབ་པའི་སྣང་ཉམས་སྟོང་པར། །རྨི་ལམ་དང་སྒྱུ་མར་ཨེ་གོ། །ཚོགས་དྲུག་གི་སྣང་ཆ་སྒྱུ་འཕྲུལ། །རྒྱ་མཚོ་ལ་གཟའ་སྐར་ངོམས་བཞིན། །རྟེན་འབྱུང་གི་རོལ་པར་རྫུན་པའི། །ངང་ཚུལ་ལ་ལྟོས་དང་ཨེ་རི། །ཡུལ་མེད་ཀྱི་ཟང་ཐལ་ངེས་པ། །ཆོས་ཉིད་ཀྱི་གཞི་དབྱིངས་གནས་ལུགས། །དེ་ག་རུ་ཡིན་པ་ཨེ་གོ། །དུས་གསུམ་གྱི་རྒྱལ་དང་རྒྱལ་སྲས། །ལྷ་སྔགས་དང་དཀྱིལ་འཁོར་རོལ་པ། །མ་ལུས་པར་གཅིག་རྫོགས་ངེས་པ། །ཀུན་གཟིགས་ཀྱི་མིག་ལ་མངོན་བྱུང་། །རྒྱུ་འབྲས་དང་ས་ལམ་ཐམས་ཅད། །རྫོགས་ཆེན་གྱི་རྒྱལ་པོ་ཡེ་རྫོགས། །སྦྱང་བགྲོད་ལ་མི་ལྟོས་སྐྱིད་པར། །སྐྱིད་ཉལ་ཞིག་མཛོད་དང་ཨེ་གོ། །མཉམ་བཞག་ལ་བཅོས་བསྒྱུར་མེད་དང་། །མ་བཅོས་པ་གསུམ་ལ་ཆམ་ཞོག།རྗེས་ཐོབ་ལ་དམིགས་གཏད་མེད་དང་། །ཡེ་ཡིན་གྱི་མངོན་གྱུར་ཆེར་ཞོག།གཞི་དབྱིངས་ཀྱི་ཡེ་ཤེས་རྫོགས་ལྡན། །མངོན་གྱུར་ཞིག་སངས་རྒྱས་ངོ་མ། །དེ་བར་དུ་ཉམས་ལེན་མ་དོར་། །ད་ལྟ་ཡི་སྣང་སེམས་འདི་བཞིན། །ཕྱི་མར་ཡང་གྲོལ་འཁྲུལ་དེས་ཤེས། །གྲོལ་ཐོབ་མཆོག་མ་ཐོབ་བར་དུ། །ཉམས་ལེན་ལ་མ་གཡེལ་གནད་ཡིན། །སངས་རྒྱས་ཀྱི་ཞལ་ཐིག་ངེས་པ། །དྲོད་རླངས་དང་མ་བྲལ་སོ་མ། །ཆོས་ཉིད་ཀྱི་མཛོད་ལས་རྙེད་བྱུང་། །སྙིང་སྲོག་གི་བཅུད་དུ་ཟུངས་ཤིག།མི་རྒན་གྱི་འཆོལ་གཏམ་ཡིན་ཡང་། །རང་འདྲ་ལ་ཕན་པར་ཅི་ཆ། །ཞེས་པ་འདི་ཡང་ཇོ་མོ་བྱང་མཚོའི་ངོར་མི་རྒན་བདུད་འཇོམས་པས་སོ། །དགེའོ། །སརྦ་མངྒ་ལཾ། །། །